བྷི་བྷི་སི་གསར་ཁང་གི་མདོ་འཛིན་པ་གྲགས་ཅན་ཨ་ཊིན་བྷོ་རོ་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་འཕྲིན་ཡིག་བཏང་སྟེ། ཨ་ཧྥེ་རི་ཁའི་གླང་ཆེན་སྲུང་སྐྱོབ་ཆེད་མཆེ་བ་ལྐོག་ཚོང་མཚམས་འཇོག་ཡོང་ཐབས་དགོས་པའི་འབོད་སྐུལ་བྱས་འདུག
འདི་ལོའི་ཕྱི་ཟླ་ ༣ པའི་ནང་དབྱིན་ཇིའི་རྒྱལ་སྲས་ཝེ་ལིམ་(William)རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་འཆར་ཡོད་པ་མ་ཟད། ཡུན་ནན་ཞིང་ཆེན་གྱི་གླང་ཆེན་སྲུང་སྐྱོབ་ལྟེ་གནས་ཤིག་ཏུའང་གཟིགས་སྐོར་གནང་འཆར་ཡོད་པའི་སྐབས་དང་བསྟུན་ཏེ། ཁ་སང་བྷི་བྷི་སི་གསར་ཁང་གི་སྐྱེས་ཁམས་ཁོར་ཡུག་ལེ་ཚན་གྱི་མདོ་འཛིན་པ་གྲགས་ཅན་ཨ་ཊིན་བྷོ་རོ་(Sir David Attenborough)ཡིས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཡོངས་ཁྱབ་འཕྲིན་ཡིག་ཅིག་བཏང་སྟེ། རྒྱ་ནག་ནང་གླང་ཆེན་གྱི་མཆེ་བ་འབོར་ཆེན་ཚོང་འདྲེན་བྱེད་བཞིན་པ་མཚམས་འཇོག་ཡོང་ཐབས་དགོས་པའི་འབོད་སྐུལ་བྱས་འདུག
མདོ་འཛིན་པའི་འཕྲིན་ཡིག་ནང་། ལོ་རེར་རྒྱ་ནག་སོགས་ཀྱི་ནང་དུ་གླང་ཆེན་གྱི་མཆེ་བ་ཕྱིར་ཚོང་ཆེད། ཨ་ཧྥེ་རི་ཁའི་གླང་ཆེན་མང་པོ་དམར་གསོད་གཏོང་བཞིན་ཡོད་སྟབས། སྲིད་འཛིན་ཞི་ཅིན་ཕིན་གྱིས་ལོ་རྒྱུས་རང་བཞིན་གྱི་བྱ་འགུལ་སྤེལ་ཏེ། གླང་ཆེན་ལྐོག་གསོད་མཚམས་འཇོག་ཡོང་བར་ཐབས་ལམ་བཙལ་ནས་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་འདི་རྩ་མེད་དུ་འགྲོ་རྒྱུ་སྔོན་འགོག་དགོས་སྐོར་བརྗོད་འདུག་ལ། འཕྲིན་ཡིག་དེར་དབྱིན་ཇིའི་ཁོར་ཡུག་སྲུང་སྐྱོབ་པ་དང་ཆེད་མཁས་པ། གྲོས་ཚོགས་ཀྱི་འཐུས་མི་སོགས་གནད་ཡོད་མི་སྣ་མང་པོས་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་དབྱིན་ཡུལ་ལོན་ཌོན་དུ་རྟེན་གཞི་བྱས་པའི་ཁོར་ཡུག་རྟོག་ཞིབ་ཚོགས་པས། ཨ་ཧྥེ་རི་ཀའི་རྒྱལ་ཁབ་ཊན་ཛེད་ནའེ་ (Tanzania) ཡི་ནང་གི་གླང་ཆེན་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་ཡོད་པའི་སྐོར་ལ་སྙན་ཐོ་ཞིག་བཏོན་པའི་ནང་། ༢༠༡༣ ལོའི་ཟླ་ ༣ པའི་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ཊན་ཛེད་ནའི་ནང་གཞུང་འབྲེལ་གཟིགས་སྐོར་སྐབས། ཁོང་དང་མཉམ་དུ་ཡོང་བའི་རྒྱ་ནག་གི་གཞུང་འབྲེལ་མི་སྣ་དང་ཚོང་པ་ཚོས། གཞུང་དོན་སྒྲུབ་ཞོར་དུ་བ་སོ་ལ་ཚོང་རའི་རིན་གོང་ལས་ལྡབ་གཉིས་ལྷག་སྤྲད་དེ། གླང་ཆེན་གྱི་མཆེ་བ་སྤྱི་རྒྱ་ཆིག་སྟོང་ལྷག་གནམ་གྲུའི་ནང་བཞག་ནས་རྒྱ་ནག་ཏུ་འབོར་འདྲེན་བྱས་ལུགས་བསྒྲགས་ཡོད་སྟབས། སྲོག་ཆགས་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་སྒེར་མང་པོས། ཞི་ཅིན་ཕིན་དང་ཁོའི་ལས་རོགས་ཚོའི་ལྐོག་ཚོང་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།