ཁ་སང་ཋ་ལི་བྷན་དྲག་སྤྱོད་པས་པ་ཀི་སི་ཐན་ལཱ་ཧོར་གྲོང་ཁྱེར་གྱི་ཡེ་ཤུའི་ལྷ་ཁང་གཉིས་ལ་འབར་རྫས་གས་གཏོར་བྱས་ཏེ་མི་ ༡༤ བསད་ཡོད་འདུག
ཁ་སང་པ་ཀི་སི་ཐན་ལཱ་ཧོར་གྲོང་ཁྱེར་གྱི་ཡེ་ཤུའི་ལྷ་ཁང་གཉིས་ལ་ཁ་ཆེ་དྲག་སྤྱོད་པས་འབར་རྫས་གས་གཏོར་བྱས་ཏེ། མི་ ༡༤ བསད་པ་དང་གཞན་མི་ ༧༠ ཙམ་ལ་རྨས་སྐྱོན་བཏང་ཡོད་སྟབས། མང་ཚོགས་ཁོང་ཁྲོ་ཆེན་པོ་ལངས་ཏེ་དོགས་ཡོད་ཉེས་ཅན་པ་ ༢ འཛིན་བཟུང་གིས་གསོན་བསྲེགས་བྱས་ཡོད་འདུག
པ་ཀི་སི་ཐན་ཏ་ལི་བྷན་དྲག་སྤྱོད་ཤོག་ཁག་གི་ཇཱ་མཱ་ཌེ་ཨལ་ཨ་རར་ (Jamaat-al-Ahrar)ཞེས་པའི་མགྲིན་ཚབ་པ་ཨེ་སན་ (Ehsanullah Ehsan) གྱིས་དོན་རྐྱེན་དེ་ཁོ་རང་ཚོའི་མི་སྣ་བཟོས་པ་ཁས་ལེན་དང་འབྲེལ། “པན་ཇབ་མངའ་སྡེའི་རྒྱལ་ས་ལཱ་ཧོར་ནང་གཏོར་རྒོལ་བྱ་རྒྱུར་དཀའ་འཛེགས་ཆེན་པོ་ཡོད་ཀྱང་ད་རེབ་ང་ཚོས་གས་གཏོར་བྱེད་ཐུབ་པ་བྱུང་བ་དེ་ནི་མགོ་ཁྲིད་ཚོར་ཉེན་བརྡ་བཏང་བ་ཞིག་ཡིན།”ཞེས་བརྗོད་འདུག
ཡུལ་དངོས་ཀྱི་གནས་ཚུལ་མཐོང་མཁན་ཞིག་གིས་རོའུ་ཌར་གསར་འགོད་པར། “ངས་ལྷ་ཁང་འཁྲིས་སུ་འབར་རྫས་གས་པ་ཐོས་བྱུང་བས་འབྲེལ་ཟིང་ངང་ལྟ་བར་འགྲོ་སྐབས། སྐོར་སྲུང་བས་མི་ཞིག་བཀག་སྟེ་ལྷ་ཁང་ནང་འགྲོ་རུ་བཅུག་མ་སོང་བར་བརྟེན། མི་དེས་སོ་སོའི་ལུས་སྟང་གི་འབར་རྫས་གས་གཏོར་བྱས་ཏེ་ལུས་པོའི་ཆ་ཤས་ཡོངས་རྫོགས་ནམ་མཁར་ཐོར་སོང་།”ཞེས་བརྗོད་འདུག
ཁ་སང་མང་པ་ཀི་སི་ཐན་གྱི་ཚོགས་ ༣༠༠༠༠ ལྷག་གིས། ཋ་ལི་བྷན་དྲག་སྤྱོད་ཤོག་ཁག་གི་བྱ་སྤྱོད་དང་གཞུང་གིས་མང་ཚོགས་ལ་སྲུང་སྐྱོབ་མ་ཐུབ་པར་ངོ་རྒོལ་བྱས་ཡོད་པ་མ་ཟད། དོན་རྐྱེན་དེ་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་གཉིས་འཇུ་བཟུང་བྱས་ཏེ་མེར་བསྲེགས་བཏང་ཡོད་པ་མ་ཟད། ལཱ་ཧོར་གཞུང་ལམ་བཀག་པ་དང་། སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་སོགས་ལ་གཏོར་རྒོལ་བཏང་ཡོད་འདུག
པ་ཀི་སི་ཐན་གྱི་སྲིད་བློན་ནཱ་ཝ་སེ་ཤཱ་རེབ་དང་སྲིད་འཛིན་མཱམ་ཎོན་ཧུ་སན་(Mamnoon Hussain) གྱིས་ཋ་ལི་བྷན་དྲག་སྤྱོད་ཤོག་ཁག་ལ་གང་མགྱོགས་རྒོལ་ལན་སློག་རྒྱུ་མ་ཟད། ཉེན་རྟོག་པ་དང་དམག་མི་འགྲེམ་འཇོག་བྱས་ཏེ་མང་ཚོགས་ལ་ཉེན་སྲུང་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་འདུག
མདང་དགོང་ཡེ་ཤུའི་བླ་ཆེན་པབ་ཧྥན་སི་སི་མཆོག་གིས། “ཡེ་ཤུའི་ལྷ་ཁང་ལ་གཏོར་རྒོལ་དང་ཡེ་ཤུ་བ་ཚོར་གནོད་འཚེ་བཏང་སྟེ། ཆོས་གྲོགས་མང་པོ་ཞིག་གི་ཚེ་སྲོག་ཤོར་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འགེབ་སྲུང་བྱེད་བཞིན་ཡོད”ཅེས་དང་། པ་ཀི་སི་ཐན་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་གཙོ་ཏ་ཧེར་ (Tahir Naveed Chaudhary) གྱིས་བྷི་བྷི་སི་གསར་ལམ་ཐོག “ཋ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་ལཱ་ཧོར་ནང་འབར་གས་དོན་རྐྱེན་བཟོས་པ་དེས། གཞུང་གིས་གྲངས་ཉུང་མི་རིགས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་པའི་མཚོན་རྟགས་གསལ་བོ་རེད།”ཅེས་བརྗོད་འདུག
འདས་པའི་ལོ་ཤས་རིང་ཋ་ལི་བྷན་དྲག་སྤྱོད་ཤོག་ཁག་གིས་པ་ཀི་སི་ཐན་ཀཱ་ར་ཆི་ (Karachi) གྲོང་ཁྱེར་དང་པི་ཤཱ་ཝར (Peshawar)། ཎན་ཁཱ་ཎཱ (Nankana Sahib) དང་མུལ་ཌན་ (Multan) སོགས་ནང་རྟེན་གཞི་བྱས་པའི་ཡེ་ཤུའི་ལྷ་ཁང་ཁག་ལ་འབར་གས་དོན་རྐྱེན་བཟོས་ཏེ་ད་བར་ཁྱོན་མི་ ༡༩༣ ལྷག་བསད་ཡོད་འདུག
གསར་འགོད་པ། དོན་གྲུབ།