མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནས་ཡོང་མཁན་ཇེ་ཉུང་དང་བོད་ནང་ལོག་མཁན་ཇེ་མང་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༣/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་སྤྱི་འཐུས་གྲོས་ཚོགས་ནང་། བོད་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་མཁན་ཇེ་ཉུང་དུ་ཕྱིན་པ་དང་། རྒྱ་གར་ནས་ཕྱིར་བོད་ནང་ལོག་མཁན་དང་ཕྱི་རྒྱལ་ཁག་ཏུ་སྐྱོད་མཁན་ཇེ་མང་དུ་འགྲོ་བཞིན་པའི་ཐད། སྤྱི་འཐུས་ཁག་ཅིག་དང་སྲིད་སྐྱོང་མཆོག་གི་བར་དྲི་བ་དྲས་ལེན་གནང་སོང་།

དེ་རིང་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་དགུ་བའི་ལས་ཉིན་བཞི་པའི་སྔ་དྲོར། སྐར་སྟགས་ཅན་གྱི་དྲི་བ་དྲིས་ལན་གནང་སྐབས། སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ། དེང་སྐབས་རྒྱ་གར་ནང་གི་བོད་མི་མང་པོ་བོད་ནང་ཕར་སྐྱོད་པ་དང་ཚུར་ལོག་པ། རྒྱ་གར་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་། དེ་ནས་བོད་ནང་དུ་ཕར་སྐྱོད་ཚུར་ལོག་བྱེད་པའི་གནས་ཚུལ་སྔོན་མ་ལས་མང་དུ་འགྲོ་བཞིན་པའི་གནད་དོན་ཐད་བློ་ཚབ་འདུག་ན། ད་ལྟའི་ཆར་འཛིན་སྐྱོང་བཀའ་ཤག་གིས་གོང་གི་གནད་དོན་ཐད་རྟོག་ཞིབ་གནང་གི་ཡོད་མེད་དང་། བཀའ་ཤག་གིས་གནད་དོན་དེའི་ཐད་སྲིད་ཇུས་དང་ཆབ་སྲིད་ཀྱི་གནད་འགག་ཅིག་ཏུ་གཟིགས་ཀྱི་ཡོད་མེད་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་བོད་དུ་ཕར་འགྲོ་ཚུར་ལོག་བྱེད་མཁན་བོད་མི་ཇེ་མང་དུ་འགྲོ་བཞིན་པའི་གནད་དོན་ཐོག བཀའ་ཤག་ནས་འབྲེལ་ཡོད་ལས་ཁུངས་བརྒྱུད་རྟོག་ཞིབ་གང་ཐུབ་གནང་གི་ཡོད། བཀའ་ཤག་གིས་གནད་དོན་དེ་གནད་འགག་ཅན་ཞིག་ཡིན་པར་གཟིགས་ཀྱི་ཡོད་ཅིང་། དེར་ལམ་སྟོན་གནང་དང་གནང་མུས་ཡིན་ཡང་། ལམ་སྟོན་ལྟར་བྱུང་དང་མ་བྱུང་ཅི་རིགས་ཡོང་གི་འདུག ཅེས་གསུངས་སོང་།  

སྤྱི་འཐུས་དགེ་བཤེས་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་འཕྲོས་དོན་དྲི་བར། བཀའ་ཤག་གིས་འབྲེལ་ཡོད་ལས་ཁུངས་བརྒྱུད་དེ་ལམ་སྟོན་གནང་གི་ཡོད་ཀྱང་གྲུབ་འབྲས་ཐོན་མ་ཐོན་ཅི་རིགས་ཡོང་གི་ཡོད་པའི་རྐྱེན་རྩ་གང་ལ་ཐུག་ཡོད་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། བཙན་བྱོལ་དུ་ཡོད་པའི་བོད་མི་མང་པོའི་ནང་མི་སྤུན་མཆེད་བོད་ནང་ཡོད་པ་ལྟར། གཉེན་འཕྲད་དུ་འགྲོ་མཁན་མང་པོ་ཡོད་པ་དེ་དངོས་ཡོད་གནས་ཚུལ་ཆགས་ཡོད་པ་རེད། ཡིན་ནའང་། གཉེན་འཕྲད་དུ་འགྲོ་ན་ཇི་ལྟར་འགྲོ་དགོས་མིན་ཐད་ས་གནས་མགོ་འཛིན་དང་ལྷན་ཁང་ཁག་བརྒྱུད་དེ་ལམ་སྟོན་བྱེད་ཀྱི་ཡོད་སྟབས་གཙོ་བོ་དོ་དག་སོ་སོར་རག་ལས་ཡོད། གཉེན་འཕྲད་ཁ་ལ་འཁྱེར་དེ་བོད་ལ་འགྲོ་རྒྱུ་མང་དྲགས་ཏེ་སྒེར་ལ་དཀའ་ངལ་འཕྲད་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཐོག་ནས་བྱེད་ཐབས་གང་ཡང་མེད་པ་ཚང་མའི་སེམས་ལ་འཇོག་དགོས་པ་རེད། ཅེས་གསུངས་སོང་།

སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས། དྷ་རམ་ས་ལར་སྡོད་མཁན་ང་ཚོའི་བོད་མིའི་སྒྲིག་འཛུགས་དང་བླ་མ་རྣམ་པའི་ཆེ་མཐོང་དང་གཟུགས་ཕྱོགས་ཡག་པོ་ཡོད་ས་རེད་བསམ་པ་དེ་འདྲ་ཞིག་བོད་ནང་ལ་ཕྱིན་ཞིང་། རྒྱ་ནག་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དགའ་བསུ་ཞུས། ཕར་ནས་ས་ཆ་དང་ཁང་པ་བརྒྱབ། དེ་ནས་ཁོ་ཕྱིར་དྷ་རམ་ས་ལར་ཡོང་ཡོད་པ་ཞིག་ཡོད་ས་རེད། དེ་ཚོར་རྣམ་འགྱུར་ག་འདྲ་འཛིན་དགོས་ཀྱི་ཡོད་མེད་སྐོར་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། གཉེན་འཕྲད་མ་ཡིན་པར་བོད་ནང་ཕེབས་རྒྱུ་མང་དྲགས་པ་དེ་འདྲ་ཡིན་ན་བོད་མིའི་སྒྲིག་འཛུགས་ངོས་ནས་དོ་སྣང་བྱེད་དགོས་པ་ཞིག་རེད་ལ་། དེ་བཞིན་རྒྱ་གར་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་དོ་སྣང་གནང་གི་ཡོད་པར་ངོས་འཛིན་གནང་རོགས། ཞེས་གསུངས་སོང་།

སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས་ཀྱིས་ཕྲོས་དོན་དྲི་བར། བོད་ནས་ཡོང་མཁན་ཇེ་ཉུང་དང་ཕར་བོད་ནང་ལོག་མཁན་ཇེ་མང་ཡིན་པ་གསལ་བོ་རེད། དེར་བཀའ་ཤག་གིས་ ༢༠༠༨ ནས་བཟུང་ལམ་ཁ་དམ་དྲག་བྱས་པ་རེད་གསུང་གི་ཡོད་པ་རེད། དེ་གཅིག་པུར་ངོས་འཛིན་གནང་གི་ཡོད་དམ། བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་ནས་མཐུན་རྐྱེན་ཚད་དང་ལྡན་པ་ཞིག་བསྐྲུན་མ་ཐུབ་པ་ཞིག་ལ་ངོས་འཛིན་གནང་གི་ཡོད། དེ་བཞིན། བོད་ནས་རྒྱ་གར་ནང་ཡོང་མཁན་ཚོའང་བཙན་བྱོལ་ནང་འདུག་མི་ཐུབ་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་དང་། དེའི་ཐོག་བཀའ་ཤག་ལ་དགོངས་འཆར་ཅི་ཡོད་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། བོད་ནས་ཡོང་བ་ཚོ་རྒྱ་ནག་གཞུང་གི་བཙན་བཟུང་འོག བོད་ནང་ཆབ་སྲིད་སོགས་གང་ཅིའི་ཐད་དམ་དྲག་ཆེན་པོ་ཡོད་པར་བརྟེན་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། འདིར་འབྱོར་དུས་མཐུན་རྐྱེན་སྦྱོར་རྒྱུ་བོད་མིའི་སྒྲིག་འཛུགས་ལ་འགན་ཡོད་སྟབས། གཞན་དབང་སྟབས་བསྟུན་ཡིན་ནའང་བོད་མིའི་སྒྲིག་འཛུགས་ངོས་ནས་གང་ཐུབ་ཅི་ཐུབ་གནང་གི་ཡོད། དཔེར་ན། ཤེས་རབ་དགའ་ཚལ་སློབ་གླིང་ལ་ང་རང་ཐེངས་གཉིས་གསུམ་ལ་ཆེད་དུ་བཅར་བ་ཡིན་ལ། ཕྱི་ཟླ་ ༤ པའི་ནང་བསྐྱར་དུ་འགྲོ་རྒྱུ་ཡིན། ཁོ་ཚོར་ག་རེ་ཞུ་ཡི་ཡོད་ཟེར་ན། ཁྱེད་རང་ཚོ་འདིར་བསླེབས་པའི་ཞོར་ལ་སློབ་གྲྭ་ནས་འཐོན་ཡོང་སྐབས་ལག་འཁྱེར་ཞིག་ཡོད་པ་བྱོས། ཡང་མིན་ན་ལག་ཤེས་ཤིག་ཡོད་པ་བྱོས། འདི་ནས་མར་བསླེབ་ཡོང་དུས་འཚོ་བ་སྐྱེལ་རྒྱུ་ཡོད་པ་ཞིག་དང་། ཡང་ན་མུ་མཐུད་སློབ་སྦྱོང་བྱ་རྒྱུ་ཡོད་པ་ཞིག་བྱེད་དགོས་པ་རེད་ཅེས་ཞུ་བཞིན་ཡོད། གསོག་སྒར་སློབ་གྲྭ་དེ་སྔ་ལོ་གསུམ་རྨང་གཞིའི་དབྱིན་ཡིག་དང་བོད་ཡིག ཨང་རྩིས་བསླབས་ཀྱི་ཡོད་ཀྱང་། རྗེས་སུ་ལོ་ ༨ བར་སྡོད་ཆོག་པ་བཟོས་ཡོད། ལྷ་རིས་ཡིན་ན་ལྷ་རིས་ཆ་ཚང་གི་ལག་ཤེས་ལེན་ཐུབ་པ་དང་། འཛིན་གྲྭ་ལྔ་པ་བརྒྱད་པ་དང་བཅུ་པར་ཡིག་ཚད་བཏང་ནས་བཅུ་གཉིས། དེ་ནས་མཐོ་སློབ་ལ་ཕྱིན་ལ་འགྲོ་ན་སློབ་ཡོན་སྤྲོད་རྒྱུ་ཡིན། དཔེར་ན། ད་ལོར་འཛིན་གྲྭ་བཅུ་གཉིས་ལ་ཡིག་ཚད་གཏོང་གི་ཡིན་ཟེར་མཁན་སློབ་ཕྲུག་ ༧ ཡོད། འཛིན་གྲྭ་ ༡༠ པར་ཡིག་ཚད་གཏོང་གི་ཡིན་ཟེར་མཁན་ ༡༩ ཡོད། སློབ་ཕྲུག་བདུན་དེ་མཐོ་སློབ་ཏུ་ཚུད་པ་ཡིན་ན། མཐོ་སློབ་ཀྱི་སློབ་ཡོན་ ༥ ཡོད་ཅེས་ཁོ་རང་ཚོར་ལབ་ཡོད།

དེ་བཞིན་ཆབ་སྲིད་བཙོན་ཟུར་ཚོས་ཁོང་ཚོར་དཀའ་ངལ་ཡོད་སྐོར་གསུངས་པ་ལྟར། དེ་སྔ་ཡིན་ན་མི་རེར་སྟོང་ཕྲག་གཉིས་གསུམ་རེ་གནང་གི་ཡོད་པ་དེ་སྤར་ནས་ད་ལྟ་ཆབ་སྲིད་བཙོན་ཟུར་ཡོངས་རྫོགས་ལ་སྟོང་ཕྲག་ ༦ རེ་སྤྲོད་ཀྱི་ཡོད་པ་མ་ཟད། ཨོ་སི་ཊོ་ལི་ཡའི་དོན་གཅོད་བརྒྱུད་དེ་ཐབས་ཤེས་བྱས་ནས་དེ་སྔ་ཐོ་ཡོད་པའི་ཆབ་སྲིད་བཙོན་ཟུར་ཡོངས་རྫོགས་གཏོང་ཐུབ་པ་བྱེད་བཞིན་ཡོད། དེ་བཞིན་དགེ་འདུན་པ་ཡིན་ནའང་། ཆོས་རིག་ལས་ཁུངས་བརྒྱུད་དེ་ཁོ་རང་ཚོ་དགོན་སྡེ་ཁག་གང་དུ་ཕེབས་པ་ཡིན་ནའང་། སློབ་ཡོན་དུ་དངུལ་མི་ཉུང་བ་ཞིག་སྤྲོད་ཀྱི་ཡོད་པ་རེད། བོད་ནས་ཡོང་མཁན་ཚོས་ཁང་པ་དང་ས་ཆ་མི་འདུག་ཅེས་བཀའ་ཤག་ལ་ཞུ་གཏུག་བྱས་ཡོད་པ་རེད་ལ། དེ་དངོས་ཡོད་གནས་ཚུལ་ཡིན་སྟབས། ཉེ་བའི་ཆར་ནང་སྲིད་ལས་ཁུངས་ནས་སྤིར་ལ་དམིགས་བསལ་བྱས་ཏེ་ཧིན་སྒོར་འབུམ་ ༡༢༠ ཡིས་ས་ཆ་ཉོས་ཡོད་པ་དང་། དེའི་ཐོག་ལ་དཔལ་འབྱོར་ཐབས་ཤེས་བྱེད་བཞིན་ཡོད། དེ་བཞིན། སྤེལ་ཀོབ་གཞིས་ཆགས་ནང་དུའང་ཁང་པ་རྒྱག་མ་ཐུབ་ཀྱང་ས་ཆ་ཞིག་རག་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད། ཅེས་གསུངས་སོང་།

སྲིད་སྐྱོང་མཆོག་གིས་མུ་མཐུད་དུ། ད་ལོ་འཕྲོད་བསྟེན་ལས་ཁུངས་ལ་ཨ་སྒོར་ས་ཡ་ ༣ དང་འབུམ་ ༢ རག་ཡོད་པ་དང་། ད་ལན་དེའི་ནང་ཨ་རིའི་གཞུང་ནས་དམིགས་བསལ་ཞིག་གནང་བ་ནི་ནང་མི་ ༦༠༠༠ བཅས་བསྡོམས་པའི་མི་ཁྲི་ ༣ ལ་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་འཛུལ་ཞུགས་བྱེད་མཁན་ཡིན་ན། དེ་སྔོན་ནང་མི་ ༦ ཅན་ཞིག་གིས་སྒོར་ ༣༥༦༠ ཕུལ་དགོས་ཀྱི་ཡོད་ཀྱང་། ད་ལྟ་སྒོར་ ༢༥༠༠ ཆག་ཡང་བཏང་ཏེ་ནང་མི་ ༦ ཅན་ཞིག་གིས་སྒོར་ ༡༠༦༠ སྤྲད་ནས་སྨན་བཅོས་ལྟ་སྐྱོང་ནང་འཛུལ་ཐུབ་ཀྱི་ཡོད་ལ། ལས་གཞི་དེའི་ནང་དུའང་བོད་ནས་ཡོང་བ་དང་དམིགས་བསལ་གྱིས་དགེ་འདུན་པ་ཚོར་དམིགས་བསལ་ཆག་ཡང་འདུག་མིན་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས་ལས་གཞི་སྤེལ་བཞིན་ཡོད་པ་རེད། དེ་བཞིན་དུ་བདེ་སྲུང་ལས་ཁུངས་ངོས་ནས་བོད་ནས་གནས་སྐོར་དུ་ཡོང་བའི་བོད་མི་ ༨༠༠ ཙམ་ལ་སྐྱབས་བཅོལ་ལག་དེབ་(RC)མེད་པའི་དཀའ་ངལ་འཕྲད་ཡོད་པ་ལྟར། ལྡི་ལི་དོན་གཅོད་བརྒྱུད་དེ་ང་ཚོ་སྒྲིག་འཛུགས་ནས་འགན་འཁུར་ཏེ་ཉེས་ཆད་སྒོར་མོ་སྤྲད་ནས་སྐྱབས་བཅོལ་ལག་དེབ་ཡོད་པ་བཟོས་ཡོད། དེ་དང་དེ་བཞིན་གྱིས་ལྷན་ཁང་རེ་རེའི་ཐོག་ནས་གང་ཐུབ་ཅི་ཐུབ་བྱེད་བཞིན་ཡོད། ཡིན་ནའང་། རེ་གཉིས་ཤིག་དངོས་གནས་འདོད་པ་མ་ཁེངས་བར་བོད་ནང་ཆབ་སྲིད་ཀྱི་གནས་སྟངས་རང་སར་གནས་ཡོད་ཀྱང་བོད་ལ་ལོག་འགྲོ་བཞིན་ཡོད་ན་ང་ཚོར་བློ་ཕམ་ཡོད། ང་ཚོའི་ངོས་ནས་མཐུན་རྐྱེན་བསྐྲུན་མ་ཐུབ་པར་ཕྱིན་པ་ཡིན་ན་ང་ཚོའི་འཐུས་ཤོར་རེད། སྤྱིར་བཏང་གཞན་དབང་སྟབས་བསྟུན་གྱི་སྒྲིག་འཛུགས་ཤིག་ཡིན་དུས། ང་ཚོའི་ངོས་ནས་ཚང་མ་གནང་ཐུབ་ཀྱི་འདུག་ཅེས་རྩ་བ་ཉིད་ནས་ཞུ་ཡི་མེད། འཐུས་ཤོར་དང་མ་སྙོབ་པ་མང་པོ་ཡོང་གི་འདུག དེ་དག་ལ་དགོངས་སེལ་ཞུ་རྒྱུ་ལས་གཞན་གང་ཡང་མི་འདུག ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་ན་གཞོན་ཉམས་ཞིབ་པ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱི་ཞེས་པ་གཞུང་འབྲེལ་དབུ་འབྱེད་ཀྱི་མཛད་སྒོ་འཚོགས་སོང་།
 བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༦།༢༥
Mobile App

ཐོན་མིའི་གཙུག་ལག་ཉིན་རེའི་རྒྱལ་སྤྱིའི་གཞུང་འབྲེལ་དབུ་འབྱེད་གནང་།

ཆུ་ཚོད་ ༧ སྔོན་ལ།
Front Slider

གོ་སྟོན་དང་འབྲེལ་བའི་སེམས་ཚོར།

ཆུ་ཚོད་ ༨ སྔོན་ལ།
སྲིད་སྐྱོང་མཆོག་ནས་དབྱིན་ཡུལ་དང་ཡུ་རོབ་རྒྱལ་ཁབ་ཁག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

དབྱིན་ཡུལ་དང་ཡུ་རོབ་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་མ་གནང་འདུག

ཆུ་ཚོད་ ༨ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་སྲ་བརྟན་དང་བཙན་བྱོལ་བོད་མི་ཁ་འཐོར་མི་འགྲོ་བའི་བསམ་འཆར། 

༢༠༢༥/༠༦/༢༤
འཇམ་དབྱངས་སྦྱིན་པ་ལགས་ཀྱིས་ཡུ་རོབ་ཀྱི་གསར་ལམ་ཁག་ཏུ་བོད་དོན་གླེང་སློང་གནང་།  པར་ཧྥ་རན་སིའི་ (France 24)
Mobile App

བོད་དོན་ཞི་རྒོལ་བ་ཞིག་གིས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་གླེང་སློང་གནང་།

༢༠༢༥/༠༦/༢༤
Mobile App

བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་གཅེས་སེམས་ཆེ་ཞིང་ལྷག་བསམ་དཀར་བའི་མི་རྒན་ཞིག་ལ་རྗེས་དྲན་ཞུ་བ།

༢༠༢༥/༠༦/༢༣

མཆན། 3

  1. བྱིའུ་། says:
    ལོ་ 10 སྔོན།

    གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
    གསར་འབྱོར་བ་ཚོ་གང་ལ་འགྲོ་དགོས་ཀྱི་རེད། ཁྱེད་རང་གི་ཁ་བྱང་འདི་མཐོང་སྐབས་སྣེ་ལེན་ཁང་ལ་འགྲོ་དགོས་ཀྱི་རེད་བསྙམ་སྲིད་མོད། འདི་ནི་འདི་འདྲའི་ལས་སླ་བོ་ཞིག་གཏན་ནས་མ་རེད།
    ང་༢༠༠༢་ལོར་བོད་ནས་གསར་དུ་འབྱོར་ནས་བཙན་བྱོལ་གཞུང་གི་སྣེ་ལེན་རོགས་སྐྱོར་བཀྲིན་འོག་སློབ་སྦྱོང་གི་གོ་སྐབས་དང་སྟོ་ཟས་ཀྱི་མཐུན་རྐྱེན་སྤྲད་བྱུང་བས་ངས་འདི་ནི་གསར་འབྱོར་བ་འགྲོ་ས་དང་འདུག་ས་རེད་བསྙམ། འོན་ཀྱང་ང་གསོག་སྒར་སློབ་གྲྭ་འམ་ཤེས་རབ་དགའ་ཚལ་སློབ་གླིང་ནས་མཐར་ཕྱིར་རྗེས་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་དུ་ལས་ཀ་ཞིག་ལོན་ནས་༢༠༠༧་ལོ་མཇུག་ལྷོ་ཕྱོགས་བྷེལ་ཀོབ་དུ་ཕྱིན། རང་ཉིད་འདུག་སའི་ཁང་པ་ཞིག་བཙལ་ནས་བསྡད་སྐབས་ངས་ད་གཟོད་གསར་འབྱོར་ཚོ་འགྲོ་ས་གང་ཡིན་དང་འདུག་ས་གང་ཡིན་འཚོལ་དགོས་བྱུང་། གནད་དོན་འདི་འདྲ་ཞིག་རེད། ང་དང་པོ་འདིར་སླེབ་དུས་རྣམ་གྲོལ་གླིང་ནས་ཟླ་ཕྱེད་ཙམ་བསྡད་ཀྱང་ཁ་བྱང་མེད་པས་ལས་དོན་མང་པོར་དཀའ་ངལ་འཕྲད། དེ་ནས་སེར་སྨད་དང་ལུགས་བསམ་གཞིས་གྲོང་དང་པོ་ནས་ཁང་གླ་སྤྲད་ནས་ཟླ་གཅིག་རེའི་རིང་བསྡད་ཀྱང་དེ་མཚུངས་སུ་གྱུར། དེ་ལས་ལུགས་བསམ་མཉམ་སྤྲེལ་ལས་ཤག་ཞིག་གཡར་ནས་བསྡད་པས་ཅུང་ཟད་སྟབས་བདེ་ཞིག་བྱུང་ཡང་སྤྲག་ཁང་ནང་ཅ་དངོས་གལ་ཆེན་རེ་འབྱོར་ཡང་མཉམ་སྤྲེལ་དང་གཞིས་ལས་ཁང་གཉིས་ནས་རྒྱབ་གཉེར་མེད་ན་མི་ངོས་འཕྲོད་ཀྱང་ལེན་ཐུབ་ཀྱི་མི་འདུག རྒྱུ་མཚན་གསར་འབྱོར་བ་ལ་ཁ་བྱང་བརྟན་པོ་མེད་པས་རེད་འདུག དེ་ནས་ལས་ཤག་ནང་ལས་བྱེད་པ་འདུག་དགོས་བྱུང་སྟབས་ཁང་པ་མི་སྤོ་ཐབས་མེད་རེད། ཡང་བསྐྱར་ལུགས་བསམ་མཉམ་སྤྲེལ་ཀྱི་ཁུངས་རྟོགས་ཁང་པ་ཞིག་དང་རིམ་བཞིན་གཞིས་ཆགས་གསར་བའི་གྲོང་སྡེ་དྲུག་པར་གྲོགས་པོ་ཞིག་བརྒྱུད་ཁང་པ་ཞིག་དུས་ངེས་མེད་གཡར་བོ་བྱས་ནས་བསྡད་པ་ཡིན། གྲོང་སྡེའི་སྤྱི་མི་དང་གཞིས་ལས་ཁང་དུ་ང་དེར་བསྡད་ཡོད་པའི་སྙན་གསན་ཞུས་པ་ཡིན། ས་གནས་འགོ་འཛིན་གྱིས་ཁྱེད་རང་དེར་འདུག་གི་ཡོད་པའི་སྙན་གསན་བྱུང་བ་ཡག་པོ་རེད་ངོ་མ་བཤད་ན་བདེ་སྲུང་གིས་ཁྱེད་རང་འདུག་ས་གང་ཡིན་ས་གནས་སོ་སོའི་འགོ་འཛིན་ལ་ཡི་གེ་སྐུར་དགོས་ཀྱི་རེད་མོད། དེ་འདྲའི་ལམ་སྟོན་ལུགས་སོ་མི་འདུག འོན་ཀྱང་ཁྱེད་ལ་སློབ་སྦྱོང་ཡོད་ཚང་འདི་ལྟར་སྙན་གསན་བྱས་པ་ཡག་པོ་རེད། རེད་དེ་སྤྱི་མི་དང་ཁང་བདག་གི་ས་ནས་ཁང་གླ་སྤྲད་དེ་བསྡད་ཡོད་པའི་མཚན་རྟགས་ཤིག་ཁུར་ཤོག་ཟེར། ངས་སྤྱི་མི་ལ་བཤད་སྐབས་ཁང་བདག་ལ་འདྲི་དགོས་ཟེར། ཕྱི་ཉིན་ང་ཁང་བདག་སར་སོང་སྐབས་ཁོང་གིས་འགྲོ་སྟངས་དེ་དགོས་ཀྱི་མ་རེད་དེ་འདྲ་བྱས་ན་ཁོང་ལ་དཀའ་ངལ་ཡོད་པ་མང་པོ་བཤད། མ་ཚད་ཁྱེད་རང་གན་རྒྱ་མེད་པར་འདུག་འདོད་མེད་ན་སོང་ཀྱང་ཆོག་པར་བཤད་སོང་། ལྷག་པར་ཁོང་གི་བུ་ཕྲུག་ཁ་ཤས་ལ་ས་ཁང་གི་ཐོབ་ཐང་མེད་པ་དང་སྔོན་མ་ཞིག་ལ་ཁོང་གི་ཁང་ཨང་བེད་སྤྱོད་བྱས་ནས་གཞིས་ཆགས་མི་ཞིག་གིས་དངུལ་ཁང་ནས་སྒོར་མོ་མང་པོ་བླང་རྗེས་དཀའ་ངལ་འཕྲད་པའི་སྐོར་བརྗོད་སོང་། གང་ལྟར་ངས་དེར་ཁང་གླ་སྤྲད་ནས་གནས་སྐབས་རིང་བསྡད་ཡོད་པ་རེད་ཟེར་བ་ཙམ་ལ་ཡང་རྒྱབ་སྐྱོར་བྱེད་ཀྱི་མི་དུག་པས་མ་ཚད། ང་ཚོས་ས་ཁང་བདག་ཐོབ་འཕྲོག་པ་འམ་ཡང་ན་ཁང་པའི་ཨང་གྲངས་བེད་སྤྱོད་འདྲ་མིན་གཏོང་འདོད་ཀྱིས་དོགས་པས་མཚན་རྟགས་གནང་མ་སོང་།
    བྱེད་སྟངས་འདིས་གསར་འབྱོར་བ་གཞིས་ཆགས་སུ་གནས་སྡོད་མི་ཐུབ་པ་བཟོ་ཐུབ་ཀྱི་ཡོད་པ་རེད། གནད་དོན་འདིའི་རྒྱབ་ལྗོངས་སུ་བཙན་བྱོལ་བོད་གཞུང་གི་གསར་འབྱོར་ཕྱིར་ལོག་གི་སྲིད་ཇུས་ཡོད་པ་རེད་དམ་ཡང་ན་ས་གནས་ཞིགས་ཆགས་ཀྱིས་གསར་འབྱོར་བ་ལ་ལྟ་ཚུལ་གྱི་སྲིད་ཇུས་ཤིག་ཡོད་པ་རེད། གང་ལྟར་མཐར་ངས་ཁོང་ལ་ས་ཁང་བདག་ཐོབ་དང་ཁང་ཨང་བེད་སྤྱོད་ལོག་པ་བྱ་འདོད་ཀྱིས་མིན་ལ་གན་རྒྱ་འཇོག་འདོད་ཀྱང་མིན་པའི་གསལ་བཤད་ཞིག་བྱས་ནས་ཐོན་ཡོང་པ་ཡིན། གང་ལྟར་ངས་ཁང་བྱང་མ་རགས་པ་རེད། དེ་ཡང་ང་གཅིག་པུ་ག་ལ་ཡིན་འདི་ཕྱོགས་ཀྱི་གསར་འབྱོར་བ་མི་སྐྱ་ཚང་མ་འདི་ལྟར་རེད། བོད་པའི་གཞིས་ཆགས་སུ་བོད་པ་སླེབས་ཀྱང་འདུག་ས་མགྲོན་ཁང་ལས་སྐྱོ་བ་རེད། ངས་ལས་བྱེད་དང་མི་རྒན། གསར་འབྱོར་དང་གཞིས་ཆགས། ཚོང་པ་ཚོར་ང་ལ་འདུག་ས་ངོ་མ་ཞིག་དང་ཁ་བྱང་དག་མ་ཞིག་ལོན་ཀྱི་ཡོད་མེད་རྩད་གཅོད་བྱས་ཀྱང་འདི་ན་འདུག་ས་ཡོད་རེད་ཟེར་མཁན་གཅིག་ཀྱང་མ་བྱུང་བས་མ་ཚད། བཙན་བྱོལ་གཞུང་ལ་གསར་འབྱོར་བ་ཚོ་ཕྱིར་ལོག་བྱ་རྒྱུར་སྲིད་ཇུས་ཡོད་པ་ཡང་དྲན་གསོ་བྱེད་མཁན་བྱུང་། སྐབས་དེར་ངས་སྔོན་མ་ང་སློབ་གྲྭ་ན་ཡོད་སྐབས་ཤེས་རིགས་དྲུང་ཆེ་ཀརྨ་དགེ་ལེགས་ཀྱིས་གསར་འབྱོར་ཕྱིར་ལོག་གི་སྲིད་ཇུས་གསལ་བཤད་བྱས་པས་དེ་ཡང་དྲན་པ་སོས། འོན་ཀྱང་ངས་ང་ཚོ་གསར་འབྱོར་བ་རྒྱ་གར་ནང་འདུག་འདོད་ཡོད་མཁན་ཚོ་འདུག་ས་དང་འགྲོ་ས་ངོ་མ་གང་རེད་ཅེས་དྲི་བ་འདི་འདྲི་འདོད་བྱུང་། ཡང་ངས་འདི་ལྟར་མང་པོ་ཞིག་བཤད་ཡོང་སྐབས་ཁྱེད་ཀྱིས་སེམས་ལ་ཁང་པ་གླ་རྒྱུ་ལོན་དུས་འདུག་མ་ཐུབ་ཡར་ལ་སྙན་གསན་ཞུས་མར་ལ་སྙན་གསན་ཞུ་དགོས་མི་འདུག་བསྙམ་ཡང་སྲིད་མོད། དེ་དེ་འདྲའི་བསྡོམས་བདེ་བོ་ཞིག་ག་ལ་ཡིན། ང་ཚོར་རྒྱ་གར་སྐྱབས་བཅོལ་ལག་དེབ་དང་ཕྱིར་བསྒྱོད་ལག་དེབ་བཟོ་དགོས་པ་སོགས་ལས་ཀ་མང་པོ་ཞིག་ལ་ཁ་བྱང་ཁུངས་བརྟན་གསལ་བོ་སྤྲད་རྒྱུ་མེད་ན་ཁག་པོ་ཞེ་དྲག་རེད། ད་དུང་དེ་མིན་པའི་དཔེ་མཚོན་གཅིག་བཞག་ན། ལོ་སྔོན་མ་ཞིག་ལ་བོད་ཀྱི་གྲྭ་བ་ཞིག་བྷེལ་ཀོབ་བོད་མའི་གཞིས་ཆགས་སུ་མེར་བསྲེག་དོན་རྐྱེན་བྱུང་པ་རེད། ཉེན་རྟོགས་པ་དང་གསང་ལས་པས་བརྟགས་དཔྱད་བྱས་མཐར་གྲྭ་པ་དེའི་གྲྭ་ཚང་དང་ཁམས་ཚན། སྤུན་ཟླ་སོགས་སུ་ཡིན་གསར་བོ་ངོས་ཟིན་པ་རེད་ལ། གཞིས་ཆགས་ལས་ཁང་། དགོན་པ་གྲྭ་ཚང་། གཞོན་ནུ་བུད་མེད། འདི་ཚོ་ཚང་མས་ཧ་གོ་ཡོད་པ་རེད་མོད་བོད་པ་སུ་གཅིག་གིས་རོ་བདག་མ་བྱས་པ་རེད། འདི་ནི་གསར་འབྱོར་བ་ཚོའི་འདུག་ས་རེད་དམ།

    Reply
  2. བཛྲ་སུ་མ་ཏི། says:
    ལོ་ 10 སྔོན།

    སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་ཀྱིས། དྷ་རམ་ས་ལར་སྡོད་མཁན་ང་ཚོའི་བོད་མིའི་སྒྲིག་འཛུགས་དང་བླ་མ་རྣམ་པའི་ཆེ་མཐོང་དང་གཟུགས་ཕྱོགས་ཡག་པོ་ཡོད་ས་རེད་བསམ་པ་དེ་འདྲ་ཞིག་བོད་ནང་ལ་ཕྱིན་ཞིང་། རྒྱ་ནག་གི་འབྲེལ་ཡོད་ལས་ཁུངས་ཀྱིས་དགའ་བསུ་ཞུས། ཕར་ནས་ས་ཆ་དང་ཁང་པ་བརྒྱབ། དེ་ནས་ཁོ་ཕྱིར་དྷ་རམ་ས་ལར་ཡོང་ཡོད་པ་ཞིག་ཡོད་ས་རེད། དེ་ཚོར་རྣམ་འགྱུར་ག་འདྲ་འཛིན་དགོས་ཀྱི་ཡོད་མེད་སྐོར་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། གཉེན་འཕྲད་མ་ཡིན་པར་བོད་ནང་ཕེབས་རྒྱུ་མང་དྲགས་པ་དེ་འདྲ་ཡིན་ན་བོད་མིའི་སྒྲིག་འཛུགས་ངོས་ནས་དོ་སྣང་བྱེད་དགོས་པ་ཞིག་རེད་ལ་། དེ་བཞིན་རྒྱ་གར་འབྲེལ་ཡོད་ལས་ཁུངས་ཀྱིས་ཀྱང་དོ་སྣང་གནང་གི་ཡོད་པར་ངོས་འཛིན་གནང་རོགས། ཞེས་གསུངས་སོང་། མི་འདི་སུ་ཡིན་པ་གསལ་པོ་གསུང་རོགས་་་

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ་་་་་་་་་ བོད་ནས་ཡོང་མཁན་ཚོས་ཁང་པ་དང་ས་ཆ་མི་འདུག་ཅེས་བཀའ་ཤག་ལ་ཞུ་གཏུག་བྱས་ཡོད་པ་རེད་ལ། དེ་དངོས་ཡོད་གནས་ཚུལ་ཡིན་སྟབས།
    ཉེ་བའི་ཆར་ནང་སྲིད་ལས་ཁུངས་ནས་སྤིར་ལ་དམིགས་བསལ་བྱས་ཏེ་ཧིན་སྒོར་འབུམ་ ༡༢༠ ཡིས་ས་ཆ་ཉོས་ཡོད་པ་དང་། དེའི་ཐོག་ལ་དཔལ་འབྱོར་ཐབས་ཤེས་བྱེད་བཞིན་ཡོད།
    དེ་བཞིན། སྤེལ་ཀོབ་གཞིས་ཆགས་ནང་དུའང་ཁང་པ་རྒྱག་མ་ཐུབ་ཀྱང་ས་ཆ་ཞིག་རག་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད། ་་་་་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese