ཟླ་སྔོན་མའི་ཟླ་མཇུག་ཏུ་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱིས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དང་། ཁོང་དགུང་གྲངས་ ༨༠ བཞེས་བཞིན་ཡོད་པ་བཅས་ལ་སྐུ་ཚེ་བརྟན་ཆེད། བཞུགས་སྒར་ཕོ་བྲང་དུ་བརྟན་བཞུགས་བསྟར་འབུལ་ཞུས་རྗེས། འདི་གའི་གསར་འགོད་པས་རྟ་དབང་དགོན་པའི་མཁན་པོ་གུ་རུ་ཆེན་པོ་ཆེ་མཆོག་ལ་བཅར་འདྲི་ཞུས།
དྲི་བ། ད་རེས་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་གྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། ༧གོང་ས་མཆོག་དགུང་གྲངས་ ༨༠ པའི་ལས་རིམ་ག་འདྲ་ཞུ་དགོས་ཀྱི་ཡོད་ན་ཟེར་ནས་ཕྱི་ལོ་ ༢༠༡༤ ལོར་ང་ཚོའི་གྲྭ་ཚང་ཚོགས་འདུའི་ནང་བཀའ་མོལ་བྱུང་བ་ལྟར། སྐུ་ཕྱྭའི་ཞབས་བརྟན་ཞིག་ཚོགས་ནས་བརྟན་བཞུགས་བསྟར་འབུལ་ཞུ་ཐུབ་ན་ཡག་པོ་ཡོང་བ་དང་། བརྟན་བཞུགས་ཀྱི་ཆོ་ག་དེའང་རྒྱ་གར་གྱི་དགོན་པ་གྲྭ་ཚང་ནང་གསུང་མཁན་དཀོན་པོ་ཡིན་ཞིང་། སྤྱན་རས་གཟིགས་ཀྱི་ཆོ་ག་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཐོག་ནས་ཞབས་བརྟན་བསྒྲུབ་ན་ཞེ་དྲགས་ཡག་པོ་ཡོང་ས་རེད་ཅེས་ཐུགས་ཐག་བཅད་དེ། ན་ནིང་ཕྱི་ཟླ་ ༩ པའི་ནང་༧གོང་ས་མཆོག་ལ་སྙན་གསེང་ཞུས་པ་དང་། ཐུགས་དགྱེས་པ་ཆེན་པོའི་སྒོ་ནས་ཞལ་བཞེས་གནང་སོང་། བརྟན་བཞུགས་ཀྱི་མཛད་སྒོ་རྒྱ་ཆེན་པོ་དེ་འདྲ་མེད་པའི་ཐོག་ནས་སྟབས་བདེ་བོ་བྱས་ཏེ། ང་ཚོ་མོན་རྟ་དབང་དགོན་པའི་མཁན་པོའི་ལས་འཁུར་ང་རང་དང་། དབུ་མཛད་དང་སློབ་དཔོན་བཅས་དགེ་འདུན་པ་ ༣༠ མ་ཟིན་ཙམ་དང་། དེའི་ཐོག་དྷ་ས་རིགས་ལམ་སློབ་གཉེར་ཁང་དུ་སློབ་གཉེར་གནང་བཞིན་པའི་མོན་ཡུལ་གྱི་དགེ་འདུན་པ་ ༡༥ བཅས་ཁྱོན་དགེ་འདུན་པ་ཞལ་གྲངས་ ༤༠ ལྷག་གིས། ཕྱི་ཟླ་ ༣ ཚེས་ ༢༥ ནས་ཉིན་གྲངས་ ༥ རིང་༧གོང་ས་མཆོག་གི་ཕོ་བྲང་ནང་བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཆོ་ག་དང་སྐུ་རྟེན་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་སྒྲུབ་ཞུས་པ་དང་། ཕྱི་ཚེས་ ༢༩ གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་མོ་དེར་བརྟན་ཞུགས་བསྟར་འབུལ་ཞུ་རྒྱུ་བྱུང་སོང་བས། ད་ཆར་ང་ཡུལ་དགོན་གཉིས་ཀ་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་བསྡད་ཡོད་པ་རེད།
དྲི་བ། ད་རེས་བརྟན་བཞུགས་དང་བསྟུན་༧གོང་ས་མཆོག་གིས་བཀའ་སློབ་ལམ་སྟོན་ག་རེ་གནང་སོང་བ་དང་། མ་འོངས་པར་མཛད་འཆར་གསར་པ་ག་རེ་ཡོད་དམ།
ལན། ང་ཚོས་ཞལ་འདོན་གང་བསྡུས་བསྡུས་ཞུས་ཏེ་བཀའ་སློབ་གནང་བའི་དུས་ཚོད་ཞེ་དྲགས་ཡག་པོ་བྱུང་སོང་། བཀའ་སློབ་གཙོ་བོ་༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་ནས་ང་ཚོར་འབྲེལ་བ་ཡོད་པ་མ་ཟད། ༧གོང་ས་སྐུ་ཕྲེང་གོང་མ་དེ་ཚོས་བློ་བཀལ་ས་ཞིག་ཀྱང་ཆགས་བསྡད་ཡོད་པ་དང་། ད་ལྟའི་བར་དད་པ་དམ་ཚིག་མ་གཡོ་བ་མེད་པར་གནས་བ་དེར་ཞེ་དྲགས་ཐུགས་དགྱེས་པོ་བྱུང་བ་དང་། ད་ལྟ་ང་ཚོའི་ལས་འགན་ག་རེ་རེད་ཟེར་ན། ཧི་མ་ཡ་ལའི་རི་རྒྱུད་དུ་བཤད་སྒྲུབ་ཟུང་འབྲེལ་གྱི་ཐོག་ནས་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གནང་བར་ཤུགས་རྒྱག་དགོས་པ། ལྷག་པར་དུ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་རྩོམ་སྒྲིག་གནང་བའི་༼ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས།༽ཞེས་པའི་དེབ་ཕྲེང་དེ་ཚོ་ཡིག་ཚང་བརྒྱུད་ནས་གནང་རྒྱུ་ཡིན་སྟབས། དེ་ཚོར་སློབ་གཉེར་ཡག་པོ་བྱེད་དགོས་པ་དང་། དེ་ཚོར་སོ་སོའི་དགོན་པའི་ནང་ནས་སློབ་གཉེར་གནང་ཚར་བ་དང་ཁྱབ་ཁོངས་དགོན་ལག་ཚོའི་ནང་བརྒྱུད་སྤྲོད་གནང་དགོས་པ། དེ་བཞིན་དགོན་པ་དང་ལྷ་ཁང་ཟེར་དུས་མི་མང་གི་སེམས་ལ་མཆོད་མཇལ་ཞུ་ས་ཙམ་མ་ཡིན་པར། སློབ་གཉེར་བྱེད་ས་དང་ཤེས་ཡོན་གྱི་ལྟེ་གནས་ཤིག་ཡིན་པའི་ཚོར་སྣང་བསླེབས་ཐུབ་པ་ཞིག་དགོས་སྐོར་སོགས་གསུངས་སོང་།
དེ་བཞིན་དུ་ཁོང་གིས་མོན་ཡུལ་དུ་བོད་ཡིག་ལ་དོ་སྣང་ཡག་པོ་བྱེད་ཀྱི་ཡོད་པ་དེ་ཞེ་དྲགས་ཡག་པོ་ཡིན་པ་དང་། ནང་པའི་རྩ་ཆེ་བའི་བཀའ་འགྱུར་དང་བསྟན་འགྱུར་པོ་ཏི་ ༣༠༠ ལྷག་ཡོད་དེར། སློབ་གཉེར་བྱེད་པའི་སྐད་ཡིག་ཡག་ཤོས་ནི་བོད་སྐད་ཡིག་ཆགས་བསྡད་ཡོད་སྟབས། མུ་མཐུད་དུ་འགན་འཁུར་བཞེས་ཏེ་བསླབ་པ་སློབ་གཉེར་ཐོག་ཤུགས་རྒྱག་དགོས་པ་སོགས་ཀྱི་བཀའ་གནང་སོང་།
དྲི་བ། རྟ་དབང་ཨོ་རྒྱན་གླིང་དུ་མཆོད་རྟེན་ཆེན་མོ་ཞིག་གསར་བཞེངས་ལེགས་འགྲུབ་དང་བསྟུན་ཏེ་༧གོང་ས་མཆོག་མོན་ཡུལ་དུ་གདན་འདྲེན་ཞུ་བཞིན་ཡོད་སྐོར་ཞིག་གོ་སོང་། དེའི་སྐོར་ངོ་སྤྲོད་ཅིག་གནང་རོགས།
ལན། ༧གོང་ས་མཆོག་གི་ཆིབས་བསྒྱུར་ཐད་ང་ཚོས་སྔོན་མ་ནས་གསོལ་འདེབས་ཞུས་ཡོད་ལ། ད་རེབ་བརྟན་བཞུགས་སྐབས་ལའང་གསོལ་འདེབས་ཞུས་ཏེ་བཀའ་འཁྲོལ་ཡང་ཐོབ་སོང་། ཕལ་ཆེར་ལོ་འདིའི་ནང་ཆིབས་བསྒྱུར་བསྐྱང་ཐུབ་པའི་རེ་བ་ཆེན་པོ་འདུག
དྲི་བ། མོན་ཡུལ་དང་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་བར་དང་། ལྷག་པར་དུ་༧གོང་ས་བཅུ་བཞི་བ་ཆེན་པོ་མཆོག་དང་མོན་ཡུལ་བར་ཆོས་སྲིད་ཀྱི་འབྲེལ་བ་གང་འདྲ་ཡོད་དམ།
ལན། འབྲེལ་བ་དེ་ཞེ་དྲགས་གཏིང་ཟབ་པོ་རེད་དྲན་གྱི་འདུག སྤྱིར་བཏང་ལོ་རྒྱུས་ཉམས་ཞིབ་པ་ཚོས་ཤེས་ཀྱི་ཡོད་པ་རེད་ལ། ང་ཚོས་བལྟས་ནའང་གནའ་སྔ་མོ་ང་ཚོ་གཞུང་དགའ་ལྡན་ཕོ་བྲང་གི་ཁྱབ་ཁོངས་ལ་ཡོད་པ་ཞིག་རེད། ལོ་རྒྱུས་དེ་ཚོའང་ཞེ་དྲགས་རྙིང་པ་མིན་པར་གསར་པ་གསར་པ་འདྲ་བོ་རེད། ལྷ་ས་ནས་ཆེད་བསྐོས་གནང་བའི་རྟ་དབང་བླ་གཉེར་ཟེར་བ་ཡོད་པ་དང་། རྟ་དབང་བླ་གཉེར་གྱིས་རྫོང་ཁག་མང་པོ་འཛིན་སྐྱོང་གནང་སྟེ་རྫོང་གི་སྐུ་ཚབ་དེ་འདྲ་ཡང་ཡོད་ས་རེད། དེ་བཞིན་ལྷ་ས་ནས་བཀའ་ཡིག་རིགས་ཀྱང་མང་པོ་གནང་ཡོད་པ་རེད། གྲྭ་རྒྱུན་ལ་ཆ་བཞག་ན་གྲྭ་ས་སེར་འབྲས་དགའ་གསུམ་གྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་ནང་མོན་ནས་སློབ་གཉེར་གནང་མཁན་ཕེབས་འདུག་ལ། བོད་ནས་མོན་ཡུལ་དུའང་བསམ་གྱིས་མི་ཁྱབ་པའི་བླ་མ་མང་པོ་ཕེབས་ནས་བཀའ་ཆོས་གནང་འདུག དེ་ཚོ་ཚང་མ་མཐར་གཏུག་ན་༧རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་ཐུགས་བཀོལ་ཟབ་མོ་ཞིག་ལ་ཐུག་གི་ཡོད་སྟབས། སྤྱིར་བོད་དང་མོན་ཡུལ་བར་འབྲེལ་བ་ཤུགས་ཆེན་པོ་ཡིན་པ་མ་ཟད། ལྷག་པར་དུ་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དང་ཆོས་སྲིད་གཉིས་ཀྱི་ཐོག་ནས་འབྲེལ་བ་གཏིང་ཟབ་པོ་ཡིན་པ་དེ་དངོས་ཡོད་གནས་ཚུལ་རེད།
དྲི་བ། རིན་པོ་ཆེ་མཆོག་གིས་གདན་ས་ནས་སློབ་གཉེར་གནང་མྱོང་བ་དང་། ད་ལྟའི་ཆར་གདན་ས་དང་སློབ་གྲྭ་ཁག་ཏུ་མོན་པའི་སློབ་གཉེར་བ་ག་ཚོད་ཡོད་པ་དང་། ཁོང་ཚོ་བརྒྱུད་ནས་སོ་སོའི་ས་གནས་ལ་ཐུགས་ཕན་ཅི་ཙམ་གསོ་བཞིན་འདུག
ལན། ཆོས་བརྒྱུད་རིས་སུ་མ་ཆད་པའི་གདན་ས་ཁག་གི་ནང་ཉུང་མཐར་མོན་པའི་གྲྭ་བཙུན་བཞི་བརྒྱ་ལྔ་བརྒྱ་ཡོད་པ་དང་། དེ་བཞིན་བོད་ཁྱིམ་སོགས་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་དུའང་ང་ཚོའི་སློབ་ཕྲུག་གང་ལ་གང་འཚམ་ཡོད་པ་རེད། གདན་ས་ཁག་ནས་དགེ་བཤེས་དང་མཁན་པོ་ཐོན་ཡོང་མཁན་ཚོ་སོ་སོའི་ལུང་པའི་ནང་ཕེབས་ཏེ་ཕན་ཐོགས་ངེས་ཅན་ཡོང་གི་ཡོད་པ་དང་། ཝཱ་ར་ཎཱ་སཱི་སོགས་མཐོ་སློབ་ཁག་ནས་ཐོན་པ་ཚོས་ཀྱང་སོ་སོའི་ལུང་པའི་ནང་འགན་འཁུར་བླངས་ནས་ཞབས་ཞུ་ཞུ་བཞིན་ཡོད་པ་རེད། ང་ཚོ་རྟ་དབང་དགོན་པའི་ནང་དུའང་བསླབ་པ་མཐར་ཕྱིན་ཏེ་ཕྱག་ལས་གནང་སྡོད་མཁན་ཡོད། ཁོང་ཚོ་ཡོན་ཏན་དང་ཉམས་མྱོང་སོགས་གང་ཅིའི་ཐད་ནས་གཞན་དང་མི་འདྲ་བ་ཞིག་ཡོད་པ་དེས་ང་ཚོར་ཞེ་དྲགས་ཕན་ཐོགས་ཀྱི་འདུག བོད་པའི་གདན་ས་ཁག་དང་སློབ་གྲྭ་ཁག་ནས་སློབ་གཉེར་གནང་སྟེ་ད་ལྟ་མོན་ཡུལ་ནང་ཕྱག་ལས་གནང་བཞིན་པ་དང་། ད་ལྟ་སློབ་གཉེར་འཐོན་བཞིན་པ་དེ་དག་མ་འོངས་པར་ང་ཚོའི་རིག་གཞུང་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་དངོས་གནས་དེ་ཆགས་ཀྱི་ཡོད་པ་རེད།
དྲི་བ། ཉེ་བའི་ལོ་ཤས་རིང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་མང་ཚོས་རྒྱ་གར་གྱི་རྩ་ཁྲིམས་ནང་བོད་ཡིག་འཇོག་དགོས་པའི་ལས་འགུལ་ཞིག་འགྲོ་བཞིན་ཡོད་པ་དང་། ད་ཆར་དེའི་གནས་སྟངས་གང་འདྲ་ཆགས་ཡོད་དམ།
ལན། གནས་ཚུལ་དེའི་ཐོག་སྔོན་མ་ནས་ང་ཚོ་ཧི་མ་ཡའི་རི་རྒྱུད་པ་ཚོས་སྐད་མང་པོ་བརྒྱབ་པ་རེད་ལ། འཆར་གཞི་ཡང་མང་པོ་བསྒྲིགས་པ་རེད། ལ་དྭགས་དང་སྤི་ཏི། ང་ཚོ་མོན་ཡུལ་ནས་ཀྱང་དེའི་ཐོག་དཀའ་ལས་བརྒྱབ་ཡོད་ལ། དགོངས་པ་རྫོགས་པའི་མཚོ་སྣ་རིན་པོ་ཆེ་མཆོག་གིས་ཀྱང་དེའི་ཐོག་ཐུགས་འཁུར་ཆེན་པོ་གནང་ཡོད་པ་རེད། ང་ཚོའི་སློབ་གྲྭ་ཁག་ནང་བོད་ཡིག་ཡོད་ཀྱང་ཚད་ལྡན་ཞིག་ཆགས་མ་ཐུབ་པར་དཀའ་ངལ་འཕྲད་བསྡད་ཡོད་པ་རེད། བོད་ཡིག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ལ་གླ་ཕོགས་ཏག་ཏག་མ་རག་པ་དང་། འཛིན་གྲྭ་ལྔ་པ་དྲུག་པའི་སྐབས་བོད་ཡིག་ཏོག་ཙམ་བསླབ་པ་མ་གཏོགས་དེའི་སྔོན་རྗེས་གཉིས་ལ་བོད་ཡིག་སློབ་ཀྱི་མེད་སྟབས། ཕན་ནུས་འཐོན་གྱི་མི་འདུག ཡིན་ནའང་། ཕྱིས་སུ་ནང་པའི་བློན་ཆེན་དང་གྲོས་ཚོགས་འཐུས་མི་སོགས་ཀྱིས་ཤུགས་བརྒྱབ་སྟེ། ད་ལྟ་ཅུང་ཙམ་ཡག་ཏུ་ཕྱིན་ནས་དགེ་རྒན་གྱི་གླ་ཕོགས་ཏོག་ཙམ་འཕར་ཡོད་པ་རེད།
གནད་དོན་དེའི་ཐད་ང་ཚོས་ཐེངས་གཅིག་གཉིས་ལ་སྐད་བརྒྱབ་པ་ཙམ་གྱིས་ཕན་གྱི་མི་འདུག རྒྱ་གར་གྱི་སྐད་ཡིག་ཉམས་ཞིབ་པ་ཚོས་སྐད་ཡིག་དེ་བེད་སྤྱོད་གཏོང་མཁན་གྱི་མི་འབོར་ལ་ཞིབ་འཇུག་བྱེད་དགོས་ཀྱི་ཡོད་ས་རེད། རྒྱ་གར་གཞུང་གིས་ལོ་ཁ་ཤས་རེའི་ནང་མི་འབོར་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། མི་འབོར་ཞིབ་བཤེར་སྐབས་མི་རེ་རེའི་མིང་དང་སྐད་ཡིག ཆོས་ལུགས་ག་རེ་ཡིན་པ་སོགས་འགེངས་ཤོག་སྐོང་དགོས་ཀྱི་འདུག སྐབས་དེར་གྲངས་འབོར་མ་ལོན་ན་ཁག་པོ་ཆགས་ཀྱི་ཡོད་སྟབས། ང་ཚོའི་སྐད་ཡིག་བོད་སྐད་ཡིག་ཡིན་ཟེར་བའི་འགེངས་ཤོག་སྐོང་བར་སྐུལ་མ་བྱས་པ་ཡིན། རྒྱ་གར་གཞུང་གི་མི་འབོར་ཞིབ་བཤེར་མཐའ་མ་དེའི་སྐབས་ལ། གྲངས་འབོར་གསལ་བོ་ཞིག་ཤེས་མ་སོང་ཡང་ཞིབ་བཤེར་གྱི་གྲངས་འབོར་ཡག་པོ་ལོན་ཡོད་ས་རེད། ལྡི་ལི་ནས་ཆེད་མངགས་ཀྱིས་གྲོང་གསེབ་ཁག་ཏུ་ཕྱིན་ཏེ་མི་འབོར་དེ་འདྲ་ཞིག་གིས་བོད་སྐད་ཡིག་བེད་གཏོང་གི་ཡོད་མེད་ཞིབ་འཇུག་ཀྱང་བྱས་སོང་། སྐབས་དེར་ང་ཚོས་གནས་ཚུལ་གང་ཡག་ཡག་ཁོ་ཚོར་ཞུས་ཡོད་ལ། ང་ཚོས་མུ་མཐུད་དུ་ཐུན་མོང་གི་ནུས་པ་ཞིག་གི་ཐོག་ནས་འབད་བརྩོན་བྱས་པ་ཡིན་ན། མ་འོངས་པར་རྒྱ་གར་གཞུང་གིས་ཏན་ཏན་གསན་བཞེས་གནང་གི་རེད་བསམ་གྱི་འདུག གང་ཡིན་ཟེར་ན། གསན་བཞེས་གནང་དགོས་པ་ཞིག་དང་གནང་བའི་ཆ་རྐྱེན་ཡོད་བསྡད་པ་ཞིག་ཆགས་ཡོད་པ་རེད།
དྲི་བ། བོད་མི་ཚོར་མཚོན་ན་ད་ལྟ་རྒྱ་ནག་གི་བཙན་གནོན་འོག་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྟབས། ཧི་མ་ལ་ཡའི་རི་རྒྱུད་སྤྱི་དང་། ལྷག་པར་དུ་མོན་ཡུལ་ལ་མཚོན་ན་བོད་དོན་དཀའ་རྙོག་སེལ་རྒྱུ་དེ་གལ་ཆེ་ལུགས་གང་འདྲ་ཞིག་གཟིགས་ཀྱི་ཡོད།
ལན། ཉེ་ཆར་(Bharat Tibet Sahyog Manch )ཞེས་པ་སོགས་ལྡི་ལི་དང་ལུ་ཌི་ཡ་ན་སོགས་རྒྱ་གར་གྱི་ས་ཁུལ་མང་པོ་ཞིག་ནས་བོད་དོན་ཐོག་གླེང་སློང་བྱེད་མཁན་གྱི་ཚོགས་པ་དེ་འདྲ་ང་ཚོ་ཡོད་སར་བསླེབས་སོང་། སྐབས་དེར་ང་ཚོའི་བར་བཀའ་མོལ་གསལ་བོ་བྱུང་། རྒྱ་གར་གཞུང་གིས་ང་ཚོའི་ས་མཚམས་སུ་དམག་མི་མང་པོ་འཇོག་དགོས་པ་དང་། ག་རེ་བྱས་ནས་འགྲོ་སོང་དེ་འདྲ་གཏོང་དགོས་བྱུང་བ་རེད་ཟེར་ན། དེ་བོད་ཀྱི་བདེན་མཐའ་མ་གསལ་བའི་རྐྱེན་གྱིས་རེད། བོད་ཀྱི་བདེན་མཐའ་གསལ་བ་ཡིན་ན་དེ་ཚོ་དགོས་བ་མེད་ལ། ང་ཚོའི་ས་ཁུལ་དེ་ཞི་བདེ་ཞིག་ཏུ་གྱུར་ཐུབ་པ་གཏན་འཁེལ་བ་རེད། གསལ་བོར་ཞུ་དགོས་པ་ཞིག་ལ། ཁ་ཤས་ཀྱིས་རྒྱ་གར་དང་རྒྱ་ནག་གི་ས་མཚམས་ལབ་ཀྱི་འདུག་ཀྱང་། རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཤིག་ག་བར་ཡོད་པ་རེད། རྒྱ་གར་དང་བོད་ཀྱི་ས་མཚམས་རེད། མི་མང་པོའི་ཁ་སྐྱག་ལངས་ལ་ཤོར་ནས་ང་རྒྱ་ནག་གི་ས་མཚམས་སུ་བསླེབས་སོང་ལབ་ཀྱི་ཡོད་ཀྱང་། དེ་འདྲ་ཁྱོན་ནས་ལབ་རྒྱུ་ཡོད་པ་མ་རེད། དོན་དངོས་ཀྱི་ཐོག་ནས་བསམ་བློ་བཏང་ན་སྐད་ཆ་དེར་ནོར་འཁྲུལ་ཆེན་པོ་ཞིག་ཡོད་པ་རེད། བོད་ཀྱི་བདེན་མཐའ་སེལ་བ་ཡིན་ན་རྒྱ་དཀར་ནག་གཉིས་ལ་ཞི་བདེ་ཡོང་བ་མ་ཟད། ཨེ་ཤ་ཡ་ཁྱོན་ཡོངས་ལ་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་ཐུབ་པ་ཞིག་ཡོང་གི་རེད། བསམ་བློ་ཡག་པོ་བཏང་ན། ཨེ་ཤ་ཡ་ཞི་བདེ་ཡོང་བ་བརྒྱུད་ནས་འཛམ་བུ་གླིང་ལ་ཞི་བདེ་ཡོང་རྒྱུར་ཡང་ཏན་ཏན་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད།
དྲི་བ། གོ་སྐབས་འདི་བརྒྱུད་ནས་རྒྱ་གར་ནང་གི་བཙན་བྱོལ་བོད་མིའི་ཆོས་སྡེ་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་མོན་རིགས་སློབ་གཉེར་བ་ཚོར་བཀའ་སློབ་འདྲ་གནང་རྒྱུ་ཡོད་དམ།
ལན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་གནང་བཞིན་པའི་བཀའ་སློབ་དགོངས་དོན་རྣམས་ཉམས་སུ་ལེན་རྒྱུ་གལ་ཆེ་ཤོས་རེད། དེའི་ཐོག་ང་ལ་ག་རེ་ཞུ་རྒྱུ་ཡོད་ཟེར་ན། ༧གོང་ས་མཆོག་གིས་སྤྱིར་བོད་ཀྱི་བདེན་མཐའ་སེལ་བར་ང་ཚོས་རེ་བ་ཞེ་དྲགས་རྒྱག་གི་ཡོད་ཀྱང་། མ་འོངས་པར་བོད་ཀྱི་རང་དབང་སླར་གསོ་བྱུང་བར་དཀའ་ངལ་ཆེན་པོ་འཕྲད་པ་ཡིན་ན། བོད་བརྒྱུད་ནང་བསྟན་གྱི་འཛིན་སྐྱོང་གི་འགན་དེ་ཧི་མ་ཡ་ལའི་རི་རྒྱུད་པ་དང་སོག་པོ་ཚོར་ཡོད་པའི་བཀའ་གནང་གི་ཡོད་པ་ལྟར། དེ་ང་ཚོས་སེམས་ནང་ཉར་དགོས་པ་གལ་ཆེ་ཤོས་སུ་མཐོང་གི་འདུག ང་རང་དགོན་པར་སྡོད་དུས་དང་ཡར་མར་སྐད་ཆ་བཤད་སར་འགྲོ་སྐབས་སོགས་ག་དུས་ཡིན་ཡང་། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་ཐུགས་རེ་ཞེ་དྲགས་ཤིག་གནང་གི་ཡོད་པ་ལྟར། ང་ཚོས་ག་ཚོད་ཅིག་བསྒྲུབ་ཐུབ་ས་རེད་དང་མ་རེད་དེའི་ཐོག་ལ་བསམ་བློ་ནན་ཏན་གཏོང་དགོས་པ་རེད། ལས་འགན་དེ་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། བཀའ་སློབ་དེ་དག་ཁོང་གིས་ཐུགས་འདང་མ་གནང་བར་གསུངས་པ་ཞིག་དང་། སྐུ་རྩེད་གནང་བ་ཞིག་ཀྱང་མ་རེད། ཅེས་ཞུ་བཞིན་ཡོད། ༧གོང་ས་མཆོག་སྐུ་ན་སྨིན་པོ་འདི་འདྲར་ཕེབས་ཡོང་དུས་ང་ཚོ་སེམས་ཤུགས་ཆེ་རུ་འགྲོ་དགོས་པ་ལས་སེམས་ཤུགས་ཆགས་རྒྱུ་གཏན་ནས་ཡོད་པ་མ་རེད། ང་ཚོའི་མི་རིགས་ཀྱི་ལོ་རྒྱུས་དང་ཆོས་དང་རིག་གཞུང་གི་འབྲེལ་བ། ས་བབ་ཀྱི་གནས་སྟངས་སོགས་ཕྱོགས་གང་ཐད་ནས་འགན་དེ་ཕྲག་ཏུ་ལེན་པའི་འོས་འགན་དང་ཆ་རྐྱེན་ཡོད་པ་དང་། ༧གོང་ས་མཆོག་གི་ཐུགས་སྐྱེད་སྨོན་ལམ་སོགས་ལ་བརྟེན་ཏེ་ང་ཚོས་ཏན་ཏན་གཅིག་ཕན་གཅིག་གྲོགས་ཐུབ་པ་རེད་བསམ་གྱི་འདུག དེ་བཞིན། ད་ལྟ་ཆོས་སྡེ་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་མོན་རིགས་སློབ་གཉེར་བ་ཚོས། ༧གོང་ས་མཆོག་གི་ཐུགས་རེ་ལས་བརྒྱ་ཆ་གང་ཐུབ་ཐུབ་ཅིག་སོ་སོས་བསྒྲུབ་ཐུབ་པར་ཁས་ལེན་དམ་བཅའ་གནང་དགོས་པ་རེད་ཅེས་ཞུ་རྒྱུ་ཡིན།
གསར་འགོད་པ། པདྨ་མཚོ།
རྒྱ་གར་གི་བོད་ཡིག་དེ་སོ་སོའི་ཡིག་རིགས་རྩ་ཁྲིམས་ནང
ལ་མ་བཞག་པ་དེ་རྒྱ་ནག་གིས་བོད་བཙན་བཟུང་གིས་
མི་སེར་ཡུལ་བྱས་པ་དེ་ངོ་ལེན་དང་རྒྱབ་སྐྱོར་མེད་སྟབས་
བོད་ཡིག་རྩ་ཁྲིམས་ནང་མ་བཅུག་པ་རེད་ལ་བོད་དུམ་བུ་བགོས་ཏེ་རྒྱ་དཀར་ནག་གཉིས་གྱིས་ཟ་རྒྱུ་མོས་མཐུན་མེད་ཙང་བོད་ཡིག་རྩ་ཁྲིམས་ནང་མ་བཞག་པ་རེད་ལ་དྭགས་མོན་པ་འདི་ཚོ་ལ་ཡོད་བོད་ཡིན་འདོག་གི་བྱིན་བདག་ཙལ་ཚོལ་བྱེད་བོད་པ་སར་སྡོད་རྒྱ་གར་ཡིན་འདོག་གི་གཞུང་དངུལ་ཟ་
རྒྱ་གར་གཞུང་གིས་ལོ་འགའི་སྔོན་ལ། བོད་པའི་བླ་སྲོག་ལྟར་གཅེས་པའམ། ངོམ་རྒྱུ་ཡོད་པའི་བོད་སྨན་འདི་ཉིད། རྒྱ་གར་ཧི་མ་ལ་ཡའི་གསོ་རིག་ཅེས། རྩ་ཁྲིམས་ནང་དེབ་སྐྱེལ་བྱས་ནས། རྒྱ་གར་གྱི་གསོ་རིག་ཅིག་ཏུ་ངོས་འཛིན་བྱས།
ད་རེས་ཀྱང་འཆི་ལ་ཉེས་པའི་བོད་ཡིག་འདི་ཉིད། ཨ་ཧ་བོ་་་་་་་་་་
བཅར་འདྲི་དཔེ་ཡག་པོ་གནང་འདུག་ལ། དུས་ཐོག་ཆར་བཞིན་དུ་དྲ་ངོས་སུ་བཀོད་པར་ཐུགས་རྗེ་ཆེ་ཞུ།
་་་་་་་་་ ད་ལྟ་ཆོས་སྡེ་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་མོན་རིགས་སློབ་གཉེར་བ་ཚོས། ༧གོང་ས་མཆོག་གི་ཐུགས་རེ་ལས་བརྒྱ་ཆ་གང་ཐུབ་ཐུབ་ཅིག་སོ་སོས་བསྒྲུབ་ཐུབ་པར་ཁས་ལེན་དམ་བཅའ་གནང་དགོས་པ་རེད་་་་་་་་་་་་་་་་