པཱ་ཀི་སི་ཐན་གཞུང་གིས་མཱ་ལཱ་ལཱར་མེ་མདའ་རྒྱག་མཁན་གྱི་དྲག་སྤྱོད་པ་ ༢ ལ་མ་གཏོགས་ཁྲིམས་ཐག་བཅད་མེད་པ་ངོས་ལེན་བྱས་འདུག
འདི་ལོའི་ཕྱི་ཟླ་ ༤ པའི་ནང་པཱ་ཀི་སི་ཐན་གཞུང་གིས། མཱ་ལཱ་ལཱར་མེ་མདའ་རྒྱག་མཁན་གྱི་ཊ་ལེ་བྷན་གྱི་དྲག་སྤྱོད་པ་ ༡༠ ལ་ལོ་ ༢༥ རེའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༥ ཉིན་ཁྲིམས་བཤེར་བཅད་ཁྲ་ཕྱིར་བསྒྲགས་བྱས་པའི་ནང་མཱ་ལཱ་ལཱར་མེ་མདའ་བརྒྱབ་པའི་ནག་ཉེས་འོག དྲག་སྤྱོད་པ་ ༢ ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་ཡོད་སྟབས། ཉིན་དེ་རང་ལ་ལུན་ཏུན་དུ་ཡོད་པའི་པཱ་ཀི་སི་ཐན་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཨ་མཱ་ཌི་(Muneer Ahmed)ཡིས། མཱ་ལཱ་ལཱར་མེ་མདའ་བརྒྱབ་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པའི་ཉེས་ཅན་ ༡༠ ཡི་ནང་ནས་མི་ ༢ ལ་ཁྲིམས་ཐག་བཅད་པ་དང་། གཞན་ ༨ ལ་དཔང་རྟགས་གང་ཡང་མེད་པས་ཀློད་གྲོལ་བཏང་ཡོད་སྐོར་འགྲེལ་བརྗོད་བྱས་འདུག
ཉེ་སྔོན་པཱ་ཀི་སི་ཐན་གྱི་སི་ཝཱ་ཊི་རྫོང་ཉེན་རྟོག་ཁང་གི་མགོ་ཁྲིད་སཱ་ལིམ་ཁན་མཱར་ཝཱ་(Salim Khan Marwa )ཟེར་བ་དེས། དོགས་ཡོད་ཉེས་ཅན་ ༡༠ ཡི་ནང་ནས་མིང་ལ་ཨེ་སི་ར་རིལ་ལཱ་ (Israrullah)དང་། ཨེ་ཛར་( Izhar )ཟེར་བ་གཉིས་ལ་ལོ་ ༢༥ རེའི་ཁྲིམས་ཐག་བཅད་ཡོད་པ་དང་། གཞན་རྣམས་ད་ལྟ་དམར་སྒར་དུ་ཡོད་དང་ཡང་ན་ཀློད་གྲོལ་བཏང་ཡོད་ངས་ཤེས་མ་སོང་ཞེས་བརྗོད་ཡོད་ཀྱང་། མི་ ༨ ལྐོག་ནས་ཀློད་གྲོལ་བཏང་ཟིན་པའི་གནས་ཚུལ་ཕྱིར་ཁྱབ་རྗེས། མི་གཉིས་ལ་མ་གཏོགས་ཁྲིམས་ཐག་བཅད་མེད་པ་ངོས་ལེན་བྱས་འདུག
པཱ་ཀི་སི་ཐན་གཞུང་གིས་དྲག་སྤྱོད་པ་དེ་དག་ལ་ལྐོག་ལྐོག་སུད་སུད་ཀྱིས་འདྲི་གཅོད་བྱས་པ་མ་ཟད། ཁྲིམས་ཐག་གཅོད་སྐབས་ཀྱང་རང་དབང་ཅན་གྱི་གསར་འགོད་པ་གཅིག་ཀྱང་ཁྲིམས་རའི་ནང་ཡོང་དུ་བཅུག་མེད་པར་བརྟེན། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་མི་མང་པོས་ཐག་གཅོད་དེར་གཏན་ནས་དྲང་བདེན་བྱུང་མེད་པའི་དོགས་པ་ཆེན་པོ་བྱེད་ཀྱི་ཡོད་འདུག
ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་མཱ་ལཱ་ལཱ་ལགས་ཀྱིས། ཊ་ལེ་བྷན་དྲག་སྤྱོད་ཚོགས་པས་བུད་མེད་སློབ་གྲྭར་འགྲོ་བར་འཇིགས་སྐུལ་བཀག་སྡོམ་བྱེད་བཞིན་པར་ཁ་གཏད་བཅག་པར་བརྟེན། ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས་ ༩ ཉིན། རང་ལོ་ ༡༤ ཡིན་པའི་བུ་མོ་མཱ་ལཱ་ལཱ་པཱ་ཀི་སི་ཐན་གྱི་མེན་གྷོ་ར་ (Mingora) ས་གནས་སློབ་གྲྭ་ནས་སྤྱི་སྤྱོད་རླངས་འཁོར་ནང་བསྡད་དེ་ཕྱིར་རང་ཁྱིམ་དུ་ལོག་སྐབས། ཊ་ལེ་བྷན་དྲག་སྤྱོད་དམག་མིས་ཁོང་མོ་དམར་གསོད་གཏོང་རྩིས་ཀྱིས་མགོ་དང་སྐེ་ལ་མེ་མདས་བརྒྱབ་སྟེ་རྨས་སྐྱོན་ཚབས་ཆེན་བཟོས་ཡོད་ཀྱང་། དབྱིན་ཇིའི་རྒྱལ་མོ་ཨེ་ལེ་ཛཱ་བྷེ་ཐི་ཡི་སྨན་ཁང་ (Queen Elizabeth Hospital Birmingham) གིས་ཛ་དྲག་སྨན་བཅོས་བྱས་པ་བརྒྱུད་དྲག་སྐྱེད་བྱུང་ཡོད་པ་རེད། དྲག་སྤྱོད་ཀྱི་དོན་རྐྱེན་དེ་བྱུང་རྗེས། པཱ་ཀི་སི་ཐན་གཞུང་གིས་དྲག་སྤྱོད་པ་དེ་དག་མྱུར་ཏུ་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཏེ། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༩ པའི་ནང་དོགས་ཡོད་དྲག་སྤྱོད་པ་ ༡༠ འཛིན་བཟུང་བྱས་ཡོད་ལུགས་ཡོངས་བསྒྲགས་བྱས་ཡོད་ཀྱང་། དེ་ནས་བཟུང་ཟླ་བ་མང་པོར་ཁོ་ཚོའི་སྐོར་ནས་གནས་ཚུལ་གང་ཡང་གོ་ཐོས་མེད་པར་གྱུར་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།