ཉེ་ལམ་གསར་དུ་ཐོན་པའི་སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཀྱི་མི་ཚེའི་ལོ་རྒྱུས་༼ཀ་ལོན་སྦུག་གི་ཐུག་བཟོ་བ།༽ཞེས་པའི་དཔེ་དེབ་སྐོར་ལ། འདི་གའི་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་ཀྱིས་ཕྱོར་ཚང་འཇམ་དབྱངས་བཀྲ་ཤིས་ལགས་དང་གླེང་མོལ་བྱས་པའི་དུམ་བུ་བཞི་པ།
དོན་འགྲུབ་བཀྲ་ཤིས། སྔོན་ཆད་བོད་གཞུང་དགའ་ལྡན་ཕོ་བྲང་ལ་གྲ་བཞིའི་དམག་སྒར་དང་རྒྱལ་བའི་སྐུ་སྲུང་དམག་ཡོད་པ་དང་། རྒྱ་ནག་གིས་བོད་སར་བཙན་འཛུལ་བྱས་རྗེས་ཁམས་དང་ཨ་མདོའི་ཕྱོགས་ཀྱི་དམངས་དམག་མཉམ་འབྲེལ་བྱས་ཏེ་ཆུ་བཞི་སྒང་དྲུག་གི་དམག་དཔུང་ཆགས་པ་རེད། དེའི་རྗེས་ལ་བོད་གཞུང་གྲ་བཞིའི་དམག་དང་ཆུ་སྒང་གི་དམག་མཉམ་བསྲེས་བྱས་ཏེ། ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་ལྕགས་ཚ་གྲི་གུ་ཐང་དུ་བསྟན་སྲུང་དང་བླངས་དམག་ཟེར་བ་བཙུགས་འདུག ངེད་གཉིས་དམག་སྒར་འདི་དག་དང་རྒྱལ་ལོ་དོན་གྲུབ་བར་གྱི་འབྲེལ་བའི་སྐོར་གླེང་མོལ་བྱས་ན་གང་འདྲ་འདུག
འཇམ་དབྱངས་བཀྲ་ཤིས། གླེང་གཞི་འདི་གལ་ཆེན་པོ་ཞིག་རེད། ཆུ་སྒང་དམག་གི་སྣེ་འཁྲིད་པ་གཙོ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་རེད། རྒྱལ་ལོ་དོན་གྲུབ་ཀྱི་དེབ་ནང་ཨ་འབྲུག་གི་སྐོར་མང་ཙམ་འདུག ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་ལྷ་སར་༧གོང་ས་མཆོག་ལ་གསེར་ཁྲི་ཞིག་བཞེངས་པ་ནས་བཟུང་བོད་པའི་སྤྱི་ཚོགས་ནང་ཁོང་སྐད་གྲགས་ཆེན་པོ་ཆགས་འདུག ཁོས་ནོར་བུ་གླིང་ཁའི་གསེར་ཁྲི་དེ་བཞེངས་སྐབས་མང་ཚོགས་ཀྱི་གསེར་དངུལ་ཞལ་འདེབས་ཀྱང་ཕོན་ཆེན་པོ་ཞིག་འདུས་ཡོད་ས་རེད།
ཨ་འབྲུག་མགོན་པོ་བཀྲ་ཤིས་སྐད་གྲགས་ཆེན་པོ་ཆགས་པ་དང་བསྟུན་ཏེ། ཨ་མདོ་དང་ཁམས་ཕྱོགས་ཀྱི་ཡུལ་དམག་མང་པོ་ཁོའི་དམག་ཁོངས་སུ་ཞུགས་ཏེ། མཐའ་མར་དམག་ ༣༥༠༠༠ ནས་ ༤༠༠༠༠ བར་འདུས་ཡོད་ས་རེད། ལྷོ་ཁ་ནས་རྒྱ་དམག་ཕམ་ཉེས་ཆེན་པོ་བཏང་སྟབས། སྐབས་དེར་ལྷ་སར་ཡོད་པའི་རྒྱ་ནག་གི་དམག་དཔོན་ཀྲེང་ཅིན་ཝུ་སོགས་ཀྱང་ཞེད་སྣང་སྐྱེས་ཏེ། མཚན་མོ་མིའི་མི་མཐོང་སར་དམག་མང་པོ་རླངས་འཁོར་ནང་ལྷ་སའི་ཉེ་འཁོར་ཞིག་ཏུ་བསྐྱལ་ཏེ། ཕྱི་ཉིན་ཚང་མའི་མིག་གི་མཐོང་སར་ཕྱིར་དམག་སྒར་དུ་དབོར་འདྲེན་བྱས་ཏེ། ལྷ་སར་རྒྱ་དམག་མང་པོ་ཡོང་གི་ཡོད་མདོག་མདོག་བྱས་ཡོད་ས་རེད། ཀྲེང་ཅིན་ཝུ་ཨུ་ཐུག་སྟེ་བོད་གཞུང་ལ་ངོ་ལོག་ཟིང་འཁྲུག་སློང་མཁན་དེ་ཚོ་(ཆུ་བཞི་སྒང་དྲུག་གི་ཡུལ་དམག)རྩ་མེད་བཟོ་དགོས་སྐོར་ལབ་ཡོད་ས་རེད། སྐབས་དེར་བོད་གཞུང་གིས་ཉན་འཇོག་བྱས་མི་འདུག་ལ། གལ་སྲིད་དམག་ཐབས་བྱེད་པའི་དབང་དུ་བྱས་ཀྱང་། སྐབས་དེར་བོད་གཞུང་ལ་གྲ་བཞིར་དམག་ ༢༠༠༠ དང་རྒྱལ་བའི་སྐུ་སྲུང་དམག་ ༥༠༠ ཙམ་ལས་ཡོད་ས་མ་རེད།
རྗེས་སུ་བོད་ས་ཤོར་ནས་ཀ་ལོན་སྦུག་ཏུ་འབྱོར་སྐབས། དམག་མང་ཆེ་བ་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་རྗེས་འབྲང་པ་ཡིན་འདུག་ལ། དོན་ལྡན་རིན་པོ་ཆེ་ཟེར་བའི་ཨ་མདོ་བླ་བྲང་གི་གྲྭ་བ་ཞིག་ཡོད་པ་དེའི་འོག་ཏུའང་དམག་མང་པོ་ཞིག་ཡོད་པ་དང་། སྐབས་དེར་གུང་ཐང་ཚུལ་ཁྲིམས་དོན་ལྡན་རིན་པོ་ཆེའི་གཉེར་བ་ཡིན་ས་རེད།
ཐོག་མ་ ༡༩༥༧ ལོ་ནས་བཟུང་ཨ་རིའི་གསང་བའི་ལས་ཁུངས་(CIA)ཀྱིས་བོད་མི་མང་པོ་ཞིག་ལ་གསང་བའི་དམག་སྦྱོང་སྤྲད་དེ་ཕྱིར་བོད་ནང་བཏང་འདུག ཡོངས་གྲགས་སུ་ཨ་རིའི་གསང་བའི་ལས་ཁུངས་ལ་ཐོག་མར་འབྲེལ་བ་འཛུགས་མཁན་རྒྱལ་ལོ་དོན་གྲུབ་ཡིན་པའི་བཤད་ཚུལ་ཡོད་ཀྱང་། དེབ་འདིའི་ནང་འཁོད་སྟངས་བྱས་ན། རྒྱལ་ལོ་དོན་གྲུབ་ཐོག་མ་ཨ་རིའི་གསང་བའི་ལས་ཁུངས་ལ་ངོ་སྤྲོད་བྱེད་མཁན་དེ་སྟག་མཚེར་རིན་པོ་ཆེ་རེད། སྟག་མཚེར་རིན་པོ་ཆེ་ ༡༩༥༤ ལོ་ཙམ་ནས་ཨ་རིར་ཕྱིན་འདུག ཁོང་བརྒྱུད་ནས་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་རྒྱལ་ལོ་དོན་གྲུབ་ལ་འབྲེལ་བ་བྱུང་ཡོད་པ་དང་། རྒྱལ་ལོ་བརྒྱུད་ནས་ཀ་ལོན་སྦུག་ཏུ་འབྱོར་ཡོད་པའི་ཨ་འབྲུག་མགོ་པོ་བཀྲ་ཤིས་སོགས་ལ་འབྲེལ་བ་བྱུང་འདུག
༡༩༥༧ ནས་ ༡༩༦༣ ལོའི་བར་སྔ་ཕྱིར་བོད་དམག་ ༢༥༠ ཙམ་ལ་ཨ་རིས་གསང་བའི་དམག་སྤྱོང་སྤྲད་ཡོད་པ་དང་། སྦྱོང་བརྡར་གང་འཚམ་སྤྲད་རྗེས་ཁོང་ཚོ་གནམ་གྲུའི་ནང་ནས་བོད་ནང་ལ་བསྐྱལ་ཏེ་མཚན་མོ་བར་སྣང་ནས་སར་མཆོང་དུ་བཅུག་འདུག་ལ། ཁག་ཅིག་རྒྱ་གར་བརྒྱུད་དེ་རྐང་ཐང་དུ་བོད་ནང་ལ་བཏང་འདུག ཁོ་ཚོའི་ལས་འགན་གཙོ་བོ་རྒྱ་ནག་ལ་འཐབ་རྒོལ་བྱེད་རྒྱུ་དང་གསང་བའི་གནས་ཚུལ་བསྡུ་ལེན་བྱེད་རྒྱུ་སོགས་ཡིན་འདུག
ཁོ་ཚོར་གསང་བརྡ་སྐྱེལ་བྱེད་ཀྱི་རླུང་འཕྲིན་དང་། དམག་འཐབ་མེ་མདའ། རྒྱང་མཐོང་སོགས་ཡོད་པ་མ་ཟད། གལ་སྲིད་ཉེན་ཁར་ཐུག་ན་རང་སྲོག་གཅོད་བྱེད་ཀྱི་དུག་གི་རུལ་བུ་རེའང་སྐེ་ལ་བཏགས་ཡོད་ས་རེད། ཡ་མཚན་པ་ཞིག་ལ་རྒྱལ་ལོ་དོན་གྲུབ་ཀྱིས་བཤད་སྟངས་བྱས་ན། ཨ་རིའི་གསང་བའི་ལས་ཁུངས་དང་འབྲེལ་བ་ཡོད་པའི་གནས་ཚུལ་དེ་དག་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྩ་བ་ནས་མཁྱེན་གྱི་ཡོད་པ་མ་རེད། གལ་སྲིད་གནས་ཚུལ་ཕྲན་བུ་རེ་གསན་ཡོད་ན་སྐུ་འཁོར་ཕ་ལྷ་སོགས་ཀྱིས་བཤད་པ་ཡིན་རྒྱུ་རེད། དེ་མ་གཏོགས་རྒྱལ་བ་རིན་པོ་ཆེ་གསང་བའི་ལས་འཆར་དེར་འབྲེལ་བ་རྩ་བ་ནས་མེད་ལབ་འདུག
སྔོན་ཆད་ཨ་རིའི་གསང་བའི་ལས་ཁུངས་དང་མཉམ་འབྲེལ་བྱས་ཏེ་དམག་འཐབ་སྐོར་གྱི་གསང་བའི་ལས་ཀ་མང་པོ་ཞིག་བྱས་པ་དེ་རྦད་དེ་ནོར་འདུག་ཅེས་རྒྱལ་ལོ་དོན་གྲུབ་ཀྱིས་བློ་འགྱོད་ཆེན་པོ་གནང་གི་འདུག གང་ཡིན་ཟེར་ན། སྐབས་དེར་རྒྱ་ནག་གིས་བོད་པ་ཚོས་ཨ་རིར་གསང་འབྲེལ་བྱེད་ཀྱི་ཡོད་པར་ཁ་གཡར་ཏེ་བོད་མི་མང་པོ་དམར་གསོད་བཏང་ཡོད་པ་མ་ཟད། དེ་ལས་མང་བར་བཙོན་འཇུག་རྡུང་རྡེག་ཕོག་ཡོད་པ་རེད། ཅེས་བཀོད་འདུག ཨ་རིའི་གཞུང་གིས་སྐབས་དེར་དོན་ཕན་ལྡན་པའི་རོགས་པ་ཞིག་བྱས་མེད་པ་དང་། མཚོན་ཆ་སྤྲད་པ་མང་ཆེ་བ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་ལྷག་འཕྲོ་དག་ཡིན་པ་དང་། རོགས་པ་ཕྲན་བུ་བྱས་པ་དེའང་བོད་པ་ཚོ་སྙིང་རྗེ་བ་མིན་པར། རྒྱ་ནག་དམར་ཤོག་ཕམ་ཉེས་སུ་གཏོང་རྒྱུའི་དམིགས་ཡུལ་ཁོ་ན་ཡིན་པ་དང་། དེ་ཙམ་མ་ཟད་ཨ་རིས་རྒྱ་གར་དང་རྒྱ་ནག་གཉིས་བར་ལའང་དབྱེན་སྦྱོར་མང་པོ་བྱས་མཐར་ ༡༩༦༢ ལོའི་རྒྱ་དཀར་ནག་གི་དམག་འཁྲུག་དེ་བྱུང་ཚུལ་སོགས་བཀོད་འདུག
དོན་འགྲུབ་བཀྲ་ཤིས། བོད་ས་ཡོངས་སུ་ཤོར་རྗེས་བསྟན་སྲུང་དྭངས་བླང་དམག་ཡོངས་རྫོགས་རྒྱ་བལ་འབྲུག་གསུམ་ནང་བྲོས་བྱོལ་དུ་འབྱོར་ཡོད་པ་དང་། བལ་ཡུལ་དང་བོད་ཀྱི་ས་མཚམས་གློ་སྨོན་ཐང་ཞེས་པར་བོད་པའི་ཡིབ་དམག་གི་སྒར་བཏབས་ཏེ་ལོ་ངོ་བཅུ་གྲངས་རིང་བོད་ནང་གསང་འཛུལ་གྱིས་རྒྱ་ནག་ལ་འཐབ་རྒོལ་རབ་དང་རིམ་པ་བྱས་ཡོད་པ་རེད། རྗེས་སུ་དཀའ་ངལ་སྣ་མང་འོག་གློ་དམག་སྒར་ཐོར་ཞིག་སོང་སྟེ། བོད་དམག་སྐོར་ཞིག་རྒྱ་གར་གཞུང་གིས་རྡེ་ར་རྡིན་དུ་བཙུགས་ཡོད་པའི་ (Establishment 22)ཞེས་པའི་ནང་འཛུལ་ཞུགས་བྱས་ཡོད་པ་རེད།
འཇམ་དབྱངས་བཀྲ་ཤིས། བོད་ས་ཤོར་ནས་རྒྱ་གར་ལ་འབྱོར་རྗེས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་རོགས་རམ་འོག་ ༡༩༦༠ ལོར་གློ་སྨོན་ཐང་གི་དམག་སྒར་བཙུགས་འདུག ཐོག་མ་དམག་གཅིག་སྟོང་ལས་བསྡུ་རྒྱུའི་འཆར་གཞི་མེད་ཀྱང་། དམག་བསྡུ་རྒྱུའི་གནས་ཚུལ་ཁྱབ་བསྒྲགས་བྱས་མ་ཐག ཕྱོགས་སོ་སོ་ནས་དམག་ཁོངས་སུ་ཞུགས་མཁན་མང་པོ་འབྱོར་ཏེ། མཐའ་མར་གློ་སྨོན་ཐང་དུ་དམག་ ༢༠༠༠ ཙམ་བྱུང་ཡོད་ས་རེད། དམག་སྒར་དེའི་དམིགས་ཡུལ་གཙོ་བོ་རྒྱ་ནག་ལ་གསང་བའི་ཕར་རྒོལ་བྱེད་རྒྱུ་དང་། རྒྱ་དམག་གི་གསང་བའི་གནས་ཚུལ་དང་ཡིག་ཆ་སོགས་ཨ་རིའི་གསང་བའི་ལས་ཁུངས་ལ་མཁོ་སྤྲོད་བྱ་རྒྱུ་སོགས་ཡིན་འདུག སྐབས་དེར་རྒྱ་ནག་བཅིངས་གྲོལ་དམག་མིའི་( Bulletin of Activities )ཞེས་པའི་ཡིག་ཆ་རྩ་ཆེན་མང་པོ་ཞིག་རག་ཡོད་པའི་ཁོངས་ནས། ༡༩༥༩ ཟླ་ ༣ པ་ནས་ ༡༩༦༠ ཟླ་ ༡༠ པའི་བར་བོད་མི་ ༨༧༠༠༠ ཙམ་དམར་གསོད་བཏང་ཡོད་སྐོར་གྱི་ཡིག་ཆ་དེ་རྒྱལ་ལོ་དོན་གྲུབ་ཀྱིས་ཨ་རིའི་གསང་བའི་ལས་ཁུངས་ལ་མ་སྤྲད་པར་ད་ལྟའང་ཁོ་རང་གིས་ཉར་ཡོད་ཚུལ་བཀོད་འདུག
༡༩༦༢ ལོར་རྒྱ་དཀར་ནག་བར་དམག་འཁྲུག་བྱུང་སྟེ་རྒྱ་གར་ལ་ཕམ་ཉེས་ཆེན་པོ་བྱུང་ཡོད་པ་དང་། དེའི་རྗེས་ཏག་ཏག་ལ་རྒྱ་གར་ཕྱི་འབྲེལ་མི་སྣ་(K.L. Mehta)ཟེར་བ་དེས་རྒྱལ་ལོ་དོན་གྲུབ་ལྡི་ལིར་སྐད་བཏང་སྟེ། བོད་པ་སྐྱབས་བཅོལ་བའི་ཁྲོད་ནས་དམག་བསྡུ་རུབ་བྱས་ཏེ། དམིགས་བསལ་མཐའ་མཚམས་དམག་དཔུང་ཞིག་འཛུགས་རྒྱུའི་སྐོར་ལ་གྲོས་མོལ་གནང་མཐར་ (Establishment 22 / Special Frontier Force)ཞེས་པའི་དམག་སྒར་དེ་བཙུགས་ཡོད་འདུག དམག་སྒར་དེའི་ནང་ཐོག་མ་བོད་མི་ན་གཞོན་ ༦༠༠༠ ཙམ་བསྡུས་ཡོད་པ་དང་། དེའི་ཁོངས་སུ་དེ་སྔའི་བོད་གཞུང་གི་དམག་མིའང་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་འདུག ཁོ་རང་ཚོས་རྗེས་སུ་རྒྱ་གར་དང་པཱ་ཀི་སི་ཐན་དམག་འཁྲུག་ཁྲོད་བྱས་རྗེ་ཆེན་པོ་བཞག་ཡོད་སྟབས། དམག་འཁྲུག་མཚམས་བཞག་རྗེས་རྒྱ་གར་གྱི་སྐབས་དེའི་སྲིད་བློན་ཨིན་དྷི་ར་གྷན་དྷེ་སྐུ་དངོས་ཀྱིས་བོད་པའི་དམག་སྒར་ལ་ངོས་འཛིན་གཟེངས་རྟགས་ཤིག་སྤྲད་པའི་ལོ་རྒྱུས་ཀྱང་རྒན་རབས་པ་ཚོར་བཤད་རྒྱུ་འདུག
༡༩༦༦ ལོ་ཙམ་ནས་གློ་སྨོན་ཐང་གི་དམག་སྒར་ལ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་རོགས་སྐྱོར་མཚམས་འཇོག་རྒྱུའི་སྐད་ཆ་ཞིག་བྱུང་བར་བརྟེན་ཏེ། གློ་སྒྲིག་འཛུགས་ནང་ཁུལ་དུ་རྙོག་གྲ་མང་པོ་བྱུང་ཡོད་པ་དང་། ༡༩༦༧ ལོར་ཨ་རིའི་རོགས་སྐྱོར་དངོས་སུ་མཚམས་ཆད་རྗེས་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་རོགས་སྐྱོར་མུ་འཐུད་ཡོད་འདུག རྗེས་སུ་གློ་སྨོན་ཐང་གི་དམག་སྤྱི་འབའ་བ་ཡེ་ཤེས་ཟེར་བ་དེས་དབང་འདུས་རྒྱ་རྡོ་ཚང་ལ་དབང་ཆ་མ་སྤྲད་པ་སོགས་ཀྱི་རྙོག་གྲ་བྱུང་ཡོད་པ་དང་། ༡༩༧༣ ལོར་བལ་བོའི་རྒྱལ་བོ་རྒྱ་ནག་ཏུ་བསྐྱོད་དེ་མའོ་ཙེ་ཏུང་ལ་ཐུག་འཕྲད་བྱས་པ་སོགས་ལ་བརྟེན་ཏེ། བལ་ཡུལ་གཞུང་གིས་བཀའ་བཏང་ནས་གློ་སྨོན་ཐང་གི་བོད་དམག་ཚོས་ལག་ཆ་ཡོངས་རྫོགས་བལ་ཡུལ་གཞུང་ལ་རྩིས་སྤྲད་དེ་རང་སར་ལོག་དགོས་ཚུལ་ལབ་ཡོད་འདུག
རྒྱབ་ལོགས་ནས་རོགས་སྐྱོར་གྱི་དཀའ་ངལ་འཕྲད་པ་དང་། ནང་ཁུལ་ནས་རྙོག་གྲ་སྣ་ཚོགས་བྱུང་བ་སོགས་ལ་བརྟེན་ཏེ་གློ་དམག་སྒར་ཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁར་ཐུག་ཡོད་སྐབས། རྒྱལ་ལོ་དོན་གྲུབ་ཀྱིས་གློ་དམག་སྒར་གྱི་རྙོག་གྲ་གཙང་མ་བཟོ་ཆེད་དྲུང་ཡིག་ལྷ་མོ་ཚེ་རིང་བཏང་འདུག་ཀྱང་། བལ་བོའི་རྒྱལ་ས་ནས་ལྷ་མོ་ཚེ་རིང་དང་རོགས་པ་མི་ལྔ་བཅས་འཛིན་བཟུང་བྱས་འདུག བལ་གཞུང་གིས་ཁོ་ཚོའི་གྲས་ཀྱི་མི་གཅིག་ལ་སྲོག་ཁྲིམས་བཅད་ཡོད་པ་དང་། ལྷ་མོ་ཚེ་རིང་སོགས་གཞན་པ་ཚང་མར་ཚེ་བཙོན་གྱི་ཁྲིམས་ཐག་བཅད་འདུག་ཀྱང་། རྗེས་སུ་རྒྱལ་བ་རིན་པོ་ཆེ་མཆོག་གིས་བལ་བོའི་རྒྱལ་པོར་ཞུ་ཡིག་ཅིག་ཕུལ་ཏེ་ལོ་ལྔའི་རྗེས་ལ་ཁོ་ཚོ་བཙོན་གྲོལ་ཐོབ་འདུག
ད་དུང་དེབ་འདིའི་ནང་གི་གནད་འགག་གཅིག་བཤད་རྒྱུ་ལྷག་དུག དེ་གང་རེད་ཟེར་ན། བོད་ས་ཡོངས་རྒྱ་ལག་ཏུ་ཤོར་ཏེ་༧གོང་ས་མཆོག་དང་བོད་མི་མང་པོ་བཙན་བྱོལ་དུ་འབྱོར་རྗེས་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་ཏེ་ཛི་པུར་དུ་༧གོང་ས་མཆོག་གིས་གསར་འགོད་གསལ་བསྒྲགས་ཐོག་མ་དེ་བསྐྱངས་ཡོད་པ་དང་། རྒྱལ་ལོ་དོན་གྲུབ་ཀྱི་བཤད་སྟངས་བྱས་ན་སྐབས་དེའི་གསར་འགོད་གསལ་བསྒྲགས་ཀྱི་ནང་དོན་སྐོར་ལ། ༧གོང་ས་མཆོག་དང་རྒྱ་གར་གཞུང་གི་དཔོན་རིགས་ཚོས་གྲོས་བསྡུར་བྱས་ཏེ། བོད་དེ་སྔོན་མ་ནས་རང་སྐྱོང་གི་ངོ་བོའི་ཐོག་བསྡད་ཡོད་པ་དང་། གྲོས་འཆར་དོན་ཚན་བཅུ་བདུན་བཙན་དབང་འོག་འཇོག་བཅུག་པ། སྐབས་དེར་རྒྱ་ནག་གིས་ཏཱ་ལའི་བླ་མ་སྐུ་དྲག་ཚོས་ཕྱི་རྒྱལ་ལ་བཙན་འཁྲིད་བྱས་པ་རེད་ཟེར་གྱི་ཡོད་པ་དེ་བདེན་པ་མིན་སྐོར་སོགས་བཀོད་ཡོད་འདུག རྒྱལ་ལོས་བཤད་སྟངས་བྱས་ན། ལྷ་སའི་སྐུ་དྲག་མི་དྲག་མང་པོ་ཞིག་ ༡༩༥༡ ནས་ ༡༩༥༩ ལོའི་བར་རྒྱ་ནག་ལ་འབྲེལ་བ་ཆེན་པོ་ཡོད་པ་མ་ཟད་རྒྱ་ནག་གི་ཕོགས་ཀྱང་ལེན་བཞིན་ཡོད་འདུག སྐབས་དེའི་གསར་འགོད་གསལ་བསྒྲགས་ཀློག་མཁན་ཡང་༧རྒྱལ་བ་རིན་པོ་ཆེ་མིན་པར་རྒྱ་གར་བ་ཞིག་ཡིན་ས་རེད།
སྐབས་དེ་དུས་རྒྱ་གར་གྱི་སྲིད་བློན་ནེ་རུ་ཡིས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གིས་ཕྱི་ལོགས་ལ་འབྲེལ་འདྲིས་དང་སྐད་ཆ་བཤད་འཇུག་རྒྱུར་འདོད་པ་ཡོད་ས་མ་རེད། ༡༩༥༤ ལོར་རྒྱ་དཀར་ནག་བར་བཞག་པའི་གྲོས་ཆིངས་(Panchsheel Treaty)ཟེར་བ་དེར་དོ་ཕོག་འགྲོ་བར་དོགས་ཀྱི་ཡོད་ས་རེད། རྒྱ་གར་གཞུང་གིས་བོད་པར་གནས་ཚང་གཡར་བ་དེའང་༧རྒྱལ་བ་རིན་པོ་ཆེ་སྐུ་མགྲོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་རོགས་སྐྱོར་གནང་བ་མ་གཏོགས་ཆབ་སྲིད་ཀྱི་རོགས་སྐྱོར་མིན་སྐོར་བཀོད་འདུག བོད་མི་ཚོ་མ་སུ་རིར་གཏོང་དོན་ཡང་རྒྱལ་སྤྱིའི་དོ་སྣང་མི་ཡོང་བའི་ཆེད་དུ་ཡིན་ས་རེད། དེའི་རྗེས་ལ་སྲིད་བློན་ནེ་རུ་ལ་གསལ་ཆ་མེད་པའི་ཐོག་ནས་རྒྱ་གར་གྱི་སྲིད་དོན་ཆེད་མཁས་པ་བདག་ཉིད་ཆེན་པོ་གྷན་དྷིའི་དྲུང་ཡིག་ D.K. Sen (༧གོང་ས་མཆོག་གི་མཛད་རྣམ་ངེད་ཀྱི་ཡུལ་དང་ངེད་ཀྱི་མི་མང་ཞེས་པའི་དེབ་དེ་འབྲི་རོགས་གནང་མཁན་ཡིན་ས་རེད།) སོགས་ལ་སློབ་སྟོན་ཞུས་ཏེ། ༡༩༥༩ ཟླ་ ༦ ཚེས་ ༢༠ ཉིན་དམིགས་བསལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། གོང་གི་ཏེ་ཛི་པུར་གྱི་གསར་གསལ་བསྒྲགས་ཀྱི་ནང་དོན་སྟེང་ལ། བོད་དེ་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་དོན་ཚན་བཅུ་བདུན་རྩིས་མེད་བཏང་བ་རྩལ་དུ་བཏོན་ཏེ་བསྒྲགས་ཡོད་ས་རེད། སྐབས་དེར་རྒྱལ་ལོ་དོན་གྲུབ་དྲིལ་བསྒྲགས་འགན་འཛིན་ཡིན་ས་རེད།
དེའི་རྗེས་ལ་ཐེ་ཝན་ནས་ཅིང་ཅེ་ཧྲིས་འབྲེལ་བ་བྱས་ཏེ། ༧རྒྱལ་བ་རིན་པོ་ཆེ་དང་བོད་མི་ཚོའི་བྱེད་ཕྱོགས་དེར་རྒྱབ་སྐྱོར་ཡོད་སྐོར་དང་། གོ་མིན་ཏང་གིས་ཕྱིར་རྒྱ་ནག་གཞུང་བཟུང་པ་ཡིན་ན་བོད་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་རྒྱུ་ཡིན་སྐོར་སོགས་བཤད་ཡོད་ཀྱང་། ཐེ་ཝན་གཞུང་གིས་ཕྱི་ཕྱོགས་ལ་དྲིལ་བསྒྲགས་སྤེལ་བའི་ནང་ལ་བོད་མི་ཚོས་རྒྱ་ནག་ལ་དམག་འཁྲུག་རྒྱག་གི་ཡོད་པ་དེ་གོ་མིན་ཏང་གཞུང་ལ་རྒྱབ་སྐྱོར་ཆེད་ཡིན་སྐོར་སོགས་བཤད་ཡོད་སྟབས། བོད་གཞུང་གིས་ཐེ་ཝན་ལ་འབྲེལ་བྱས་ཡོད་ས་མ་རེད། ༡༩༦༤ ཙམ་ཞིག་ལ་རྒྱལ་ལོ་དོན་གྲུབ་ཐེ་ཝན་དུ་སོང་སྟེ་ཅིང་ཅེ་ཧྲི་ཕ་བུ་གཉིས་ལ་ཐུག་སྟེ། ༧རྒྱལ་བ་རིན་པོ་ཆེས་དབུ་འཁྲིད་པའི་བོད་གཞུང་གི་མིང་ཐོག་ནས་ཐེ་ཝན་ནང་བོད་པའི་དོན་གཅོད་ཁང་ཞིག་འཛུགས་རྒྱུའི་གསལ་བསྒྲགས་སྤེལ་རྒྱུ་སོགས་བྱས་ཡོད་ཀྱང་། རྗེས་སུ་གསལ་བསྒྲགས་དེ་སྤེལ་མ་སོང་། ཅིང་ཅེ་ཧྲིའི་བསམ་བློར་འགྱུར་བ་ཐེབས་ཡོད་ས་རེད། ཅེས་སོགས་བཀོད་འདུག
དོན་འགྲུབ་བཀྲ་ཤིས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་དང་རྒྱལ་ལོ་དོན་གྲུབ་རྣམ་གཉིས་བར་འབྲེལ་འདྲིས་གང་འདྲ་བྱུང་ཡོད་པ་དང་། ཁོང་གི་ཕྱག་ལས་གནང་སྟངས་དང་རྗེས་སུ་དགོངས་པ་རྫོགས་པ་བཅས་ཀྱི་སྐོར་ནས་རྒྱལ་ལོ་ལ་གཟིགས་ཚུལ་ག་འདྲ་འདུག
འཇམ་དབྱངས་བཀྲ་ཤིས། རྒྱལ་ལོ་དོན་གྲུབ་ཀྱི་ཐོག་མའི་མཐོང་སྣང་ལ། པཎ་ཆེན་རིན་པོ་ཆེ་ལ་མཚོན་ན། གཅིག་ནས་ཁོང་གི་སྐུ་འཁོར་གཙོ་བོ་ཅུའུ་འཇིགས་མེད་སོགས་ཡག་པོ་མེད་པ་དང་། གཉིས་ནས་དགུང་ལོ་ཆུང་དུས་ནས་རྒྱ་ནག་གཞུང་གིས་བདག་པོ་བརྒྱབ་སྟེ་ནང་ཆོས་སློབ་སྦྱོང་གི་རྨང་གཞི་ཡག་པོ་འཇོག་ཐུབ་མེད་པ་སོགས་ལ་བརྟེན་ཏེ། མ་འོངས་པར་རྒྱ་ནག་གི་ལག་ཆ་ཙམ་ལས་རེ་བ་ཆེན་པོ་མེད་པའི་མཐོང་ཚུལ་བྱུང་ཡོད་སྐོར་བཀོད་འདུག ཅུའུ་འཇིགས་མེད་དང་རྒྱལ་ལོ་དོན་འགྲུབ་གཉིས་སྔོན་ཆད་ནན་ཅིན་ཆབ་སྲིད་སློབ་གྲྭ་ནས་ངོ་ཤེས་ཀྱི་ཡོད་ས་རེད། རྗེས་སུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཕྱག་ལས་གལ་ཆེན་པོ་མང་པོ་གནང་བ་དང་། ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུ་བྲིས་པ་སོགས་ལ་བརྟེན་ཏེ། རྒྱལ་ལོས་པཎ་ཆེན་རིན་པོ་ཆེ་ནི་མིའི་འོག་ཏུ་འགྲོ་མཁན་ཞིག་མིན་པར་རང་ཚུགས་ཅན་ཞིག་ཡིན་པ། བཀའ་མོལ་གནང་སྟངས་དང་དགོངས་པ་བཞེས་སྟངས་སོགས་ཡག་པོ་ཡོད་པའི་ངོས་འཛིན་བྱུང་འདུག པཎ་ཆེན་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་རྒྱལ་ལོ་དོན་གྲུབ་ལ། རྒྱ་ནག་གི་སྐོར་ཡག་པོ་ཧ་གོ་དགོས་པ་རེད་ཟེར་ནས་ཡང་ཡང་གསུངས་སོང་ཞེས། དེབ་ནང་བཀོད་འདུག
རྗེས་སུ་ ༡༩༧༩ ལོར་པེ་ཅིན་དུ་ཏིན་ཞའོ་ཕིན་ལ་ཐུག་ཏུ་ཕྱིན་སྐབས། པཎ་ཆེན་རིན་པོ་ཆེར་མཇལ་ཡོད་ས་རེད། སྐབས་དེར་པཎ་ཆེན་རིན་པོ་ཆེ་བཙོན་ཁང་ནས་ཀློད་གྲོལ་ཐོབ་མ་ཐག་ཡིན་པ་དང་། སྐུ་གཟུགས་སྐྱོ་བོ་དང་སེམས་ཁམས་ལྷོད་པོ་མེད་པ། ཁོར་ཡུག་ཀྱང་ཧ་ཅང་དམ་དྲག་འོག་བཞག་ཡོད་འདུག སྐབས་དེར་པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱལ་ལོ་དོན་གྲུབ་ལ། ཁྱོད་ད་ཐེངས་ཏིན་ཞའོ་ཕིན་ལ་ཐུག་སྐབས་ངའི་སྐོར་ལ་དྲང་བདེན་གྱི་ཐག་གཅོད་ཅིག་གནང་རྒྱུ་དང་། སྔོན་ཆད་ཀྱི་གོ་གནས་བསྐྱར་གསོ་ཡོང་ཐབས་སོགས་ལབ་རོགས་ཞེས་ངག་བཅོལ་གནང་སོང་ཞེས་བཀོད་འདུག
པཎ་ཆེན་རིན་པོ་ཆེ་སྐུ་གྲོངས་སྟངས་སྐོར་ལ། བཙན་བྱོལ་ནང་བཤད་ཚུལ་ཞིག་ཡོད་པ་དེ་དང་རྒྱལ་ལོ་དོན་གྲུབ་ཀྱི་བཤད་སྟངས་གཉིས་ཅུང་མ་འདྲ་བ་ཆགས་འདུག གང་ཡིན་ཟེར་ན། པཎ་ཆེན་རིན་པོ་ཆེ་ ༡༩༨༩ ཟླ་ ༡ ཚེས་ ༢༧ གྱི་དགོང་མོར་གཞིས་ཀ་རྩེའི་ཤར་བཀྲ་ཤིས་རྣམ་རྒྱལ་ཕོ་བྲང་ནས་དགོངས་པ་རྫོགས་པ་དེ། རྒྱ་གཞུང་གིས་དུག་དྲངས་ནས་བགྲོངས་པ་རེད་ཟེར་བའི་བཤད་ཚུལ་དེར། རྒྱལ་ལོ་དོན་གྲུབ་ཀྱིས་ཡིད་ཆེས་བྱེད་ཀྱི་མི་འདུག རྒྱལ་ལོ་དོན་གྲུབ་ཀྱིས་པན་ཆེན་རིན་པོ་ཆེ་སྐུ་ཤ་ཧ་ཅང་རྒྱག་པ་རྒྱ་མ་ ༢༥༠ ལྷག་ཡོད་པ་དང་། ཕྱག་འཚལ་སྐབས་མི་གཉིས་ཀྱིས་རྩུབ་གཡས་གཡོན་ནས་ཡར་མགྱོགས་དགོས་པའི་གནས་སྟངས་ཆགས་ཡོད་པ། དེའི་སྟེང་ཕྱག་ལས་ཧ་ཅང་བྲེལ་བ་ཆེན་པོ་ཡིན་པ་སོགས་ལ་བརྟེན་ཏེ་ཁྲག་ཤེད་སོགས་ཀྱི་ན་ཚ་གང་རུང་ཞིག་གི་འོག་སྐུ་གཤེགས་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཀོད་འདུག
ད་དུང་པཎ་ཆེན་རིན་པོ་ཆེའི་སྐུ་གྲོངས་ཁར་ལྷ་ས་ནས་ཐད་འཕུར་གནམ་གྲུ་ཞིག་ཡོང་བ་དེའང་ཆེད་དུ་དལ་འགོར་བྱས་པ་རེད་ཟེར་བའི་བཤད་ཚུལ་དེར་ཡང་མོས་མཐུན་མེད་པར། སྐབས་དེར་གནམ་གྲུའི་ནང་ཝུན་ཅ་པའོ་དང་ཡན་མཱེན་ཧྥོ་སོགས་ཡོད་པ་རེད། ཁོ་རང་ཚོས་དེ་འདྲ་གནང་མདོག་ཁ་བོ་མ་རེད། ངའི་བསམ་པར་ཁོ་རང་ཚོས་གང་ཡོང་ཡོང་བྱས་ཡོད་རེད་དྲན་གྱི་འདུག ཅེས་སོགས་བཀོད་འདུག
༢༠༠༢ ལོར་རྒྱལ་ལོ་དོན་གྲུབ་བོད་ནང་ལ་གཟིགས་སྐོར་དུ་ཕེབས་སྐབས་གཙང་བཀྲ་ཤིས་ལྷུན་པོར་བཞུགས་པའི་པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་སྐུ་གདོང་ལ་མཇལ་སྐབས། རྒྱལ་ལོ་དང་མཉམ་དུ་ཡོད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་ཅིག་གིས་རྒྱལ་ལོ་ལ། བོད་མི་ཚོ་འདིར་ཡོང་ན་ཚང་མས་ཕྱག་འཚལ་གྱི་འདུག ཁྱོད་ཀྱིས་ཕྱག་མི་འཚལ་དོན་ག་རེ་ཡིན་ཞེས་དྲིས་པའི་ལན་དུ་རྒྱལ་ལོས་ངས་ང་རང་ལས་ཁྱད་དུ་འཕགས་པ་ཞིག་ལ་མ་གཏོགས་ཕྱག་འཚལ་གྱི་མེད། པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་སྐབས་ངའི་གྲོགས་པོ་རེད། ང་ཁོང་ལ་དམིགས་བསལ་གྱི་དད་པ་དེ་འདྲ་མེད་ཅེས་ལབ་ཡོད་སྐོར་ཁོ་རང་གི་དེབ་འདིའི་ནང་བཀོད་འདུག དེ་ཙམ་མ་གཏོགས་པཎ་ཆེན་རིན་པོ་ཆེའི་སྐོར་མང་པོ་མི་འདུག
དོན་འགྲུབ་བཀྲ་ཤིས། ད་ནི་ཕལ་ཆེར་ངེད་གཉིས་ཀྱིས་རྒྱལ་ལོ་དོན་གྲུབ་ཀྱི་ད་སྔའི་མི་ཚེའི་ནང་གི་གནད་དོན་གལ་ཆེན་མང་ཆེ་བ་ཞིག་གླེང་སློང་བྱས་ཚར་སོང་བསམ་གྱི་འདུག རྒྱལ་ལོ་དོན་གྲུབ་ཁོ་རང་དང་འབྲེལ་བ་ཡོད་པའི་བོད་པའི་དུས་འགྱུར་ཁྲོད་ཀྱི་འཐབ་མོ་བ་དང་། བཙན་བྱོལ་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་ཚོའི་སྐོར་ནས་དེབ་འདིའི་ནང་གང་འདྲ་གླེང་འདུག ཀློག་པ་པོ་ཁྱེད་རང་དེབ་འདིའི་ཐོག་སྤྱི་ཡོངས་ནས་གཟིགས་ཚོར་གང་འདྲ་བྱུང་སོང་།
འཇམ་དབྱངས་བཀྲ་ཤིས། བོད་པ་ཚོས་རྒྱ་ནག་ལ་འབྲེལ་བ་བྱེད་སྟངས་ཐོག་ནས་བོད་ཕྱོགས་ནས་ནོར་འཁྲུལ་ཚབས་ཆེན་ཁ་ཤས་བཟོས་ཡོད་པ་དང་། བོད་པ་ཚོར་དོགས་པ་རྣམ་རྟོག་ཆེ་དྲགས་པ་དང་། ལས་ཀར་འགོར་འགྱངས་བྱས་པ། དུས་སྐབས་སོ་སོའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་འགྲོ་སྟངས་མགོ་མ་འཚོས་པ་སོགས་ཀྱི་ཐོག་ནས་འཐུས་ཤོར་མང་པོ་བཏང་སོང་སྙམ་པའི་བསམ་བློ་དེ་རྒྱལ་ལོ་དོན་གྲུབ་ལ་ཤུགས་ཆེན་པོ་ཡོད་པ་ཞིག་ཚོར་སོང་།
ང་ཕོད་ངག་དབང་འཇིགས་མེད་མི་གཞུང་དྲང་དང་རང་ཚིགས་ཅན་ཞིག་ཡིན་པའི་གཟིགས་ཚུལ་འདུག གང་ཡིན་ཟེར་ན། ང་ཕོད་ཀྱིས་རྒྱལ་ལོ་དོན་གྲུབ་ལ་ཁོས་རྒྱ་ནག་གི་ལོ་རྒྱུས་ཡིག་ཚགས་མང་པོ་བསྔོགས་ནས་མིང་རྒྱལ་རབས་དང་ཆིང་རྒྱལ་རབས། མན་ཇུའུ་སོགས་གང་གི་སྐབས་སུའང་བོད་པ་ཚོས་རྒྱ་ནག་ལ་ཁྲལ་འཇལ་མྱོང་མི་འདུག་ཅེས་ལབ་ཡོད་པ་དང་། ཁོང་གཉིས་བཀའ་མོལ་གནང་སྐབས་རྒྱལ་ལོས་རྩེད་མོ་དང་སྦྲགས་ཏེ་ང་ཕོད་ལ། ཁྱོད་རང་རྒྱ་ནག་ལ་ཞེད་ཀྱི་ཡོད་པ་རེད་ལབ་སྐབས། “ང་ཕོད་ཀྱིས་ང་མི་གཅིག་ལ་སྲོག་གཅིག་རེད། ང་ཚེ་གཅིག་ལ་བོད་མི་ཞིག་བྱས་ནས་ཡོང་བ་ཡིན” ཞེས་ལབ་པ་སོགས་བཀོད་འདུག
དེ་ནས་འབའ་བ་ཕུན་ཚོགས་དབང་རྒྱལ་དང་ཙོང་ཁ་ལྷ་མོ་ཚེ་རིང་། ལི་ཐང་ཨ་ཐར། སྟག་ལྷ་ཕུན་ཚོགས་བཀྲ་ཤིས། གུང་ཐང་ཚུལ་ཁྲིམས། འཇུ་ཆེན་ཐུབ་བསྟན། རྒྱ་རི་བློ་གྲོས་རྒྱལ་མཚན་སོགས་ཀྱི་སྐོར་གནས་ཚུལ་གཞན་པའི་ཞོར་དུ་གླེང་ཙམ་རེ་མ་གཏོགས་ཁོ་རང་ཚོའི་སྐོར་ཆེད་དུ་རྒྱས་པ་བྲིས་བཞག་པ་དེ་འདྲ་གང་ཡང་མི་འདུག ཞ་སྒབ་པ་དབང་ཕྱུག་བདེ་ལྡན་ལ་མཚོན་ན། སྔར་ལྷ་སར་ཡོད་སྐབས་ནས་བཤད་སྤྱོད་ཡག་པོ་མེད་པ་དང་། ཕྱིས་སུ་ཁོང་ཅག་གིས་ཀ་སྦུག་བདེ་དོན་འཛུགས་སྐབས་ཀྱང་། མང་ཚོགས་ནང་ཁོ་དང་མཉམ་འབྲེལ་བྱེད་རྒྱུ་ཡོད་པ་མ་རེད་ཅེས་ཤོད་མཁན་མང་པོ་བྱུང་ཡང་། བོད་སྤྱི་བའི་རྩ་དོན་ཆེད་དུ་འདས་པའི་རྙོག་གྲ་ཡོངས་རྫོགས་རྒྱབ་ཏུ་གཡུགས་ཏེ་འཕྱར་གྲུ་མཉམ་འདེགས་ཡོང་ཐབས་ལ་འབད་བརྩོན་བྱས་པ་ཡིན་ཞེས་ལབ་འདུག
བོད་པའི་ཉེ་རབས་ལོ་རྒྱུས་ནང་གི་རྙོག་གླེང་ཟེར་ན་འདྲ། སྤྱི་ཚོགས་ཀྱི་གནད་དོན་རིགས་དཔེར་ན། ཐེ་ཝན་བོད་སོག་ལས་ཁུངས་ཀྱི་གནད་དོན་དང་ཚོགས་ཁག་བཅུ་གསུམ་ཟེར་བ་འདྲ་བོ། ཆུ་བཞི་སྒང་དྲུག་གི་ནང་རྙོག གངས་ཅན་སྐྱིད་གཤོང་གི་གནས་ཚུལ་སོགས་གང་ཡང་མི་འདུག སྤྱི་ཡོངས་ནས་བལྟས་ན། རྒྱལ་ལོ་དོན་གྲུབ་ཀྱི་ལོ་རྒྱུས་དེ་ཧ་ཅང་མདོ་བསྡུས་བྱེད་རྒྱུ་མང་དྲགས་པ་དང་། ཁོང་ལ་གྲ་སྒྲིག་གང་ཡང་མེད་པའི་ཐོག་ནས་མགོ་བརྩམས་འདུག་བསམ་པ་ཞིག་བྱུང་སོང་། དེ་ནས་གནད་འགག་ཁ་ཤས་ཀྱི་ལོ་ཚིགས་སོགས་ཀྱང་ཁ་གསལ་མེད་པ་དེ་འདྲ་རེད།
དེབ་འདིའི་མགོ་མཇུག་བར་གསུམ་ལ་བལྟས་ཡོང་ན། ཁོང་གི་མི་ཚེའི་ནང་ཕྱག་ལས་གལ་ཆེན་པོ་མང་པོ་ཞིག་གནང་བའི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་ཆེད་དང་། མི་རྒན་པའི་མཐོང་ཐོས་མྱོང་གསུམ་ཀྱི་ཉམས་མྱོང་མི་རབས་རྗེས་མ་ཚོར་བརྒྱུད་སྤྲོད་ཆེད་དེབ་འདི་བྲིས་པ་ལས། ཁོ་རང་གི་བྱས་རྗེས་དང་ཁོ་རང་གི་རིན་ཐང་སྲུང་སྐྱོབ་ཆེད་དུ་བྲིས་པ་ཞིག་མ་རེད་བསམ་པ་ཞིག་ཚོར་སོང་། གང་ཡིན་ཟེར་ན། སྤྱི་ཚོགས་ནང་གླེང་རྙོག་མང་པོ་ཡོད་པ་དང་། ལྷག་པར་དུ་རྒྱལ་ལོ་དོན་གྲུབ་ཁོ་རང་ལ་སྤྱི་ཚོགས་ནང་ལབ་གླེང་མང་པོ་ཡོད་པ་དག་ལ་ཆེད་དུ་གསལ་བཤད་ལན་འདེབས་བྱས་པ་དེ་འདྲ་གང་ཡང་མི་འདུག
མི་སུ་འདྲ་ཞིག་ཡིན་ནའང་སྐྱོན་ཡོན་གཉིས་ལྡན་ཡིན་པ་ལྟར་རྒྱལ་ལོ་དོན་གྲུབ་ལའང་སྐྱོན་དང་ཡོན་ཏན་གཉིས་ཀ་ཡོད་པ་དེབ་འདིའི་ནང་དངོས་སུ་མཐོང་ཐུབ་པ་ཞིག་རེད། ཆབ་སྲིད་པ་ཞིག་ལ་མཚོན་ན་སྤྱི་ཚོགས་ནང་ལབ་གླེང་ཡོད་པ་རྒྱུན་ལྡན་ལྟ་བུ་རེད། ཡིན་ནའང་སྤྱི་ཚོགས་ནང་གི་གཏམ་ཁྱར་དེ་གཞི་ལ་བཞག་སྟེ། མི་དེ་ལ་སྡོམ་ཚིག་བརྒྱབ་ན་དོན་གྱིས་རང་ཉིད་བོར་སོང་བ་རེད། ང་རང་ལ་མཚོན་ན། རྒྱལ་ལོ་དོན་གྲུབ་ཀྱི་མི་ཚེའི་ལོ་རྒྱུས་བཀླགས་རྗེས་སུའང་རྒྱལ་ལོ་དོན་གྲུབ་མི་འདི་འདྲ་ཞིག་རེད་ཅེས་ཞུ་ཐུབ་ཀྱི་མི་འདུག རྩ་བའི་ཆ་ནས་ཁོ་རང་སྐབས་འཚོལ་བ་ཞིག་མ་ཡིན་པར་དྲང་མོ་དྲང་བཞག་དང་། སྐྱོན་དང་ནོར་འཁྲུལ་ངོས་ལེན་གྱི་སྙིང་སྟོབས་ཡོད་པ། དོན་འབྲས་སོན་ཡོད་མེད་གང་ལྟར་ཡང་དཀའ་ངལ་སྣ་ཚོགས་འཕྲད་ཀྱང་སེམས་ཤུགས་མ་ཆགས་པར། མི་ཚེ་ཧྲིལ་བོ་བོད་རྒྱའི་དཀའ་རྙོག་ནང་བཏུམས་ཚར་བ་ཞིག་ཏུ་མཐོང་སོང་། དེ་ནི་ཁོ་རང་གི་རིན་ཐང་གི་ཆའང་རེད་བསམ་གྱི་འདུག
་་་་་་་་་་་་་་་་་་་་་་་་་་་་་ ཡོངས་སུ་མཇུག་རྫོགས།
དུམ་ཚན་སྔ་མ་དག་གི་འབྲལ་ཐག
དུམ་ཚན་དང་པོ། https://tibettimes.net/news.php?showfooter=1&id=10110
དུམ་ཚན་གཉིས་པ། https://tibettimes.net/news.php?showfooter=1&id=10117
དུམ་མཚན་གསུམ་པ། https://tibettimes.net/news.php?showfooter=1&id=10124
རྩོམ་སྒྲིག་པ་དང་ཀློག་པ་པོ་གཉིས་ཀྱིས་དཀའ་ལས་བརྒྱབས་པར་ཡི་རངས་ཞུ། འོན་ཀྱང་རྒྱལ་ལོ་དོན་གྲུབ་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་གལ་ཆེན་ཅི་ཙམ་ཡིན་མིན་དང། ཡིན་སྟངས་ཇི་ལྟར་ཡིན་པ། ཁོང་གིས་ངེས་པར་དུ་གསལ་ཁ་བཟོ་དགོས་པའི་རྩ་དོན་དང་འབྲེལ་བའི་གནད་དོན་ཅི་ཙམ་ཡོད་མེད་དེ་སྲང་བར་གྱི་གཏམ་ལ་རྒྱབ་འཁེན་ན་ཤེས་ཐབས་བྲལ་བས། ངེས་པར་དུ་ཉེ་རབས་ལོ་རྒྱུས་ལ་ནང་བྱན་ཆུད་པ་ཞིག་མེད་ན་ཀ་སྦུག་གི་ཐུག་བཟོ་ཞེས་པའི་དེབ་ཀྱི་རིན་ཐང་བདེན་རྫུན་དབྱེ་འབྱེད་ཐུབ་རྒྱུ་ཁག་པོ་རེད་ལ། ད་བར་མཆན་བུ་འདེབས་མཁན་ཚོར་མིག་བཤེར་ཅིག་འཕེན་སྐབས། ཉེ་རབས་སྲིད་དོན་ལོ་རྒྱུས་ལ་ཤེས་རྟོགས་ཡོད་མཁན་ཞེ་དྲག་ཉུང་ཉུང་མཐོང་སོང། ད་དུང་སྐབས་འཚོལ་བ་ཁ་ཤས་ཀྱིས། རྒྱལ་ཡབ་གཤེགས་རྐྱེན་གྱི་རྙོག་གླེང་ལ་གཞི་བྱས་ཏེ་དེབ་འདིའི་ནང་གི་དེའི་སྐོར་ཆེད་མངགས་ཟུར་འདོན་གྱིས་ཕྱོགས་གཅིག་རྐྱང་བའི་ལྟ་ཚུལ་བརྗོད་པ་རྒྱ་འགྲེམས་སྟོང་འགྲེམས་བྱེད་པ་སོགས་ནི། ལོ་རྒྱུས་མ་ཤེས་ཤིང། ལོ་རྒྱུས་ལ་དོ་སྣང་ཡོད་ཁུལ་གྱིས་སྲང་བར་གྱི་གཏམ་རྗེས་འབྲངས་པའི་རི་བོ་ཅལ་འདྲོགས་ཀྱི་གཤིས་ཀ་དངོས་གནས་དེ་རེད་འདུག་ན། ད་དུང་བཙན་བྱོལ་ནང་གི་ཡི་གེ་བའི་སྡེ་ན་རྒྱལ་ལོ་སོགས་ཉེ་རབས་ལོ་རྒྱུས་ཀྱི་མི་སྣའི་མི་ཚེའི་བྱུང་བར། དཔྱད་བརྗོད་དང་གླེང་སློང་སྤེལ་ཐུབ་མཁན་རེ་གཉིས་ལས་མེད་པ་གསལ་སྟོན་བྱས་སོང། གཞན་ཡང་ཁ་བརྡའི་རིམ་པ་འདིའི་ནང་གི་རྒྱལ་ལོའི་སྐད་ཆ་དང་དེ་སྔའི་ཁོང་གི་བསམ་ཚུལ་ཁ་ཤས། བཤད་མཁན་མི་གཅིག་ཡིན་ཡང། དོན་དག་འགལ་བ་ལྟག་སྤྲོད་དུ་སོང་ཡོད་པའི་རྩ་དོན་གྱི་གནད་དོན་ཡང་མང་པོ་འདུག་ན། དེབ་འདི་ལ་རིན་ཐང་ཅི་ཙམ་ཡོད་མེད་ད་དུང་བཤད་ཚོད་དཀའ་ཤིང། ཐ་ན་འུར་ལངས་ནས་དོ་སྣང་བྱ་ཡུལ་ཞིག་ཡིན་མིན་ཡང་དེ་བས་ཀྱང་བཤད་ཁག་པོ་རེད་བསམས།།
འདིར་དྲ་གྲོགས་ཚང་མ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག དམིགས་བསལ་གྱིས་དུས་བབ་ཚང་ལ་ཞུ་སྙིང་གཙོ་བོ། འདི་རུ་ར་སྟག་དོན་རྐྱེན་ལ་འབྲེལ་བ་དང་རྒྱུས་ཆེན་པོ་ཡོད་མཁན་ཞིག་གིས་ཁོ་རང་གིས་རེ་འདོད་ཞུས་པ་ལྟར་ཁོ་རང་གི་ཨེམལ་འདིར་བཀོད་ཡོད་པས། namgyaltseringchunla@yahoo.comརྩོམ་སྒྲིག་པ་མཆོག་གིས་འབྲེལ་བ་ཞིག་གནང་རོགས་གསུངས་སོང་། མི་དེ་ལྷག་པར་དུ་ར་སྒྲེང་རིན་པོ་ཆེ་མཆོག་ལ་རྒྱུས་མངའ་གཏིང་ཟབ་མོ་ཡོད་མཁན་ཞིག་དང་། སྐབས་དེའི་སྡེ་གཟར་ཆེན་མོ་ལ་དངོས་སུ་རྒྱུས་མྱོང་ཡོད་མཁན་ཞིག་ཡིན་འདུག་པས་ན་དེ་དོན་འབྲེལ་བ་ཞིག་གནང་རྒྱུ་དང་ཡང་ན་ཨེམལ་འདིའི་སྟེང་ཁ་པར་ཨང་གྲངས་ཤིག་གཏོང་ཡོང་བ་ཞུ།།
གསར་འགྱུར་འདིའི་དུམ་ཚན་བཞི་ཆ་ཕྱོགས་བསྡུས་བྱས་ཏེ་ཕི་ཌ་ཨེ་པི་བཟོ་ཆོག་པའི་བཀའ་འཁྲོལ་ཞུ་བཞིན་ཡོད། གང་ཡིན་ཟེར་ན་བོད་ནང་ནས་ཀློག་འདོད་བྱེད་ཀྱི་འདུག་པས་པར་བརྒྱབ་ནས་བཏང་བ་མགོ་ཉོག་པོ་ཆགས་ཀྱི་འདུག འདི་རྩོམ་སྒྲིག་པ་ཆོག་ལ་དགོངས་འཁྲོལ་ཞུས་པ་ཡིནན།
གསར་འགྱུར་འདི་མགོ་ནས་མཇུག་བར་ཀློག་པ་ཡིན་ན་འདས་པའི་ལོ་ངོ་ལྔ་བཅུའི་ལོ་རྒྱུས་སྤྱི་ཁོག་ཙམ་ཞིག་ཧ་གོ་ཐུབ་པ་དང་། ཡང་ན་བོད་པར་གོད་ཆག་བྱུང་རྗེས་ཀྱི་ཀྱག་ཀྱོག་གི་ལོ་རྒྱུས་དོན་ཆན་ཁག་ཡོངས་རྫོགས་རོབ་ཙམ་རྟོགས་ཐུབ་པ་ཞིག་ཆགས་འདུག་པས་བཀའ་དྲིན་བླ་མེད་དུ་ཆེ་ཞུ་བཞིན་ཡོད།
ད་ལྟའི་དུས་སུ་འང་སྐུ་དྲག་སྒེར་གཅོད་པ་ཚོའི་བྲན་གཡོག་ཡི་གེ་བ་རེ་ཟུང་དྲ་ངོས་ཡོང་སྟེ་རྒྱལ་ལོ་དོན་གྲུབ་ནག་པོ་བཟོ་རྩིས་ཀྱི་དམག་འཐབ་ཅིག་གི་མགོ་བསློངས་ཀྱི་འདུག དམག་འཐབ་འདི་ཚོའི་རིགས་བཙན་བྱོལ་བའི་ཉི་མ་བསྐྱལ་སྟངས་ཤིག་ཡིན་པ་འདྲ། གང་ལྟར་དུས་བབ་རྩོམ་སྒྲིག་པ་མཆོག་དང་འཇམ་དབྱངས་བཀྲ་ཤིས་གཉིས་ལ་ཐུགས་རྗེ་ཞུ། ཁ་དྲོ་ཚེ་རིང་།
གླེང་མོལ་འདི་དེབ་ཀློག་པ་ལས་ཀྱང་ལྷག་པ་ཞིག་རེད། ག་རེ་རེད་ཟེར་ན་དེབ་ཀློག་པ་ཡིན་ན་ནང་དོན་རོབ་ཙམ་ལས་སེམས་ནང་འདུག་གི་མ་རེད་ལ་རྩོམ་སྒྲིག་པ་དོན་འགྲུབ་བཀྲ་ཤིས་མཆོག་གིས་དོགས་འདྲི་ཞུས་པའི་གནད་དོན་རྩ་ཆེན་པོ་དེ་དག་དང་། བརྗོད་གཞི་ཁ་ཤས་ཐོག་འཇམ་དབྱངས་བཀྲ་ཤིས་མཆོག་གིས་དབྱེ་ཞིབ་ཀྱི་རྣམ་པའི་ཐོག་ནས་ཁོ་རང་སྒེར་དགོངས་ཚུལ་གསུངས་པ་དེ་དག་རྒྱལ་ལོ་དོན་འགྲུབ་ཀྱི་དེབ་ནང་མཐོང་རྒྱུ་ཡོད་པ་མ་རེད། འདི་དག་ཧ་ཅང་རྩ་ཆེན་པོ་དང་སེམས་ནང་འཛིན་བདེ་བོ་ཞེ་དྲག་འདུག་པའི་ཁྱད་ཆོས་དམིགས་བསལ་བ་ཞིག་འདུག རྣམ་པ་གཉིས་ལ་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། མི་ཁ་ཤས་ཀྱིས་ངོ་དེབ་དང་སྐད་ཕྲན་སོགས་སུ་དེབ་དེའི་སྐོར་གྱི་དཀྲོག་གཏམ་སློང་བྱེད་རེ་བཏང་སྟེ་མང་ཚོགས་ནང་དོགས་པ་རྣམ་རྟོགས་མང་པོ་ཞིག་ཁྱབ་བཞིན་ཡོད་པ་དེ་དག་རྩ་མེད་བཟོས་སོང་།།
འབྲོང་བུ་སོག་ཚ་གསུང་པར་ངོས་ལེན་ཡོད། འོན་ཀྱང་ནོར་བཅོས་ཞུ་ཡར། རྒྱལ་ལོའི་དོན་རྐྱེན་འོག་ཕྱིར་འགྲོ་མཁན་སྤང་མདའ་སྟོབས་རྒྱས་མ་རེད་་སྤང་མདའ་ཡར་འཕེལ་རེད། མ་ནང་ཨ་ཕོ་ལི་ཐང་མ་རེད། སྨར་ཁམས་ཕྱག་མཛོད་མ་ནང་ཚང་གི་བུ་རེད། གསལ་བཤད་ཚུལ་དུ།
སྐུ་ངོ་རྒྱལ་ལོ་དོན་གྲུབ་ལགས་ཀྱི་ལོ་རྒྱུས་ནང་། རྒྱ་གར་དང་ཨ་རི་གཉིས་ལ་འབྲེལ་ལམ་བྱས་པ་དེ་ནོར་འཁྲུལ་ཆེ་ཤོས་བྱུང་གསུང་པ་དེ་ཁོང་རང་ཉིད་ཀྱི་འཕྲལ་ཕུག་གི་དམིགས་ཡུལ་གང་ཡིན་མ་ཤེས་ཀྱང་། མ་འོངས་པར་བོད་མིའི་སྒྲིག་འཛུགས་དང་། ༧གོང་ས་མཆོག་གི་གནས་བཏང་དེ་ག་འདྲ་ཞིག་ཏུ་འགྱུར་ཉེན་ཡོད་འགྲོ་སྙམ་པའི་ང་ལ་དོགས་པ་ཞིག་ངམ་ངམ་གིས་བྱུང་། གང་ལགས་ཞེས་ན། ༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོས་དུས་དང་རྣམ་པ་ཀུན་ཏུ་རྒྱ་གར་གྱི་རྒྱལ་ཁབ་འདི་བོད་མི་རིགས་འདི་དུས་ཚོད་གཉེན་འཕྲང་ཅན་ལས་སྐྱོབ་མཁན་དང་། བོད་མིའི་དགེ་རྒན་དེ་ཡིན་ཞེས་གསུངས་པ་རྣམས་ལ་འགྲེལ་བཤད་ག་འདྲ་ཞིག་རྒྱག་རྩིས་ཡིན་ན། ཁོང་༧སྐྱབས་མགོན་རིན་པོ་ཆེའི་སྐུ་མཆེད་ཡིན་པས་མི་ཚང་མས་གཅིག་གྱུར་ལ་ངོས་འཛིན་བྱེད་པ་ལས་སྐུ་སྒེར་ཡིག་ཚང་ནང་རྙོག་གྲ་ཆེན་པོ་དེ་འདྲ་ཡོད་པ་སུས་ཤེས།
ད་དུང་སྔར་ཁོང་བཀའ་བློན་ཁྲི་པ་གནང་སྐབས་ཁེ་ན་ཌར་གསར་འགོད་གསལ་བསྒྲགས་གཅིག་ལ་ GIVE AND TAKE སྤྲོད་ལེན་ཞེས་པའི་ཚིག་འབྲུ་གཉིས་ཀྱི་བསྟན་བྱ་ངོ་མ་དེ་ལ་གསལ་བཤད་ཡག་པོ་ཞིག་མ་གནང་ན་ཁོང་ལ་ཡིད་ཆེས་སུས་བྱེད་ཐུབ།
དེ་བཞིན་དུ་གཅིག་སྒྲིལ་ཚོགས་པ་བཙུགས་ནས་བྱེས་འབྱོར་བོད་མིའི་སྤྱི་ཚོགས་ཁྲོད་རྙོག་གྲ་མང་དག་ཞིག་དོན་མེད་བཟོས་གནང་སོང་བས་དེའི་དག་ཐེར་ཞིག་མེད་ན་སུས་ཡིད་ཆེས།
ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་དུ་མཇལ་བཅར་སྐབས་སྐུ་ཕྱག་མ་འཚལ་བའི་རྒྱུ་མཚན་དེ་ང་མི་ང་རང་ལས་ཆེ་བ་ལ་མ་གཏོགས་ཕྱག་འཚལ་གྱི་མེད་གསུང་འདུག་པའི་བོད་ཀྱི་ལོ་རྒྱུས་ནང་༧གོང་ས་མཆོག་གི་སྐུ་མཆེད་དེ་པཎ་ཆེན་རིན་པོ་ཆེ་ལས་ལྷག་པ་ཞིག་ཨེ་ཡིན་དེ་ཚོའི་རྒྱུ་མཚན་མ་བཤད་ན་སུས་ཡིད་ཆེས།
རྒྱ་ལོ་ཁོང་གི་དོན་རྐྱེན་འོག་སྤོང་མདའ་སྟོབས་རྒྱལ་རྒྱ་གར་ནས་བོད་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ་དང་། ཨ་མདོ་གུང་ཐང་ཚུལ་ཁྲིམས་དམར་བསད་བཏང་བ། སྔར་སྲིད་པ་ཆགས་པའི་སྐབས་ཀྱི་བཀའ་བློན་ཁག་གཅིག་རྒྱ་གར་ནང་འབྱོར་རྗེས་སྲོག་གི་ཉེན་ཁ་ལ་བརྟེན་ནས་ཐེ་ཝན་དང་བོད་། སུ་སི། ཨ་རི་བཅས་ཀྱི་ནང་བྲོས་བྱོལ་དུ་འགྲོ་དགོས་བྱུང་བ། ཚ་ཏོ་ར་སྐུ་ངོ་མི་ཚེ་རྒྱ་གར་རྡོར་གདན་དུ་བཟང་བཙོན་དུ་བཅུག་ནས་མཐར་ཚེ་ལས་འདས་རྐྱེན། ལི་ཐང་མ་ནང་ཨ་ཕོ་དང་། ཚེ་བཀྲ་སོགས་མི་གསུམ་དོན་མེད་རྒྱ་གར་ Rajasthan ནང་མི་ལོ་ཉི་ཤུ་ལྷག་བཙོན་ཁང་ནང་དོན་མེད་བཙུད་པའི་དོན་རྐྱེན་སོགས་གནས་དོན་དེ་རྣམས་ལ་གསལ་བཤད་ཡག་པོ་ཞིག་མ་གནང་ན་ཁོང་ལ་སུས་ཡིད་ཆེས་ཞུ་ཐུབ།
དངོས་གནས་འདི་ལ་ཅི་ཞིག་ཟེར་དགོས་ཤེས་ཀྱི་མི་འདུག་ཀྱང་། གནས་ཚུལ་སྤེལ་སྟངས་འདི་རིགས་ནི་ཧ་ཅང་རིན་ཐང་ལྡན་པ་ཞིག་དང་། ཀློག་པ་པོ་རེ་རེའི་སེམས་ཁམས་ཀྱང་འཇིག་རྟེན་གཞན་ཞིག་ཏུ་ཁྲིད་སོང་བ་ལྟ་བུའི་མྱོང་ཚོར་བྱུང་། དེ་རིང་ཡོངས་སུ་རྫོགས་སོང་ཟེར་བའི་ཚིག་དེ་མཐོང་དུས་སེམས་པ་སྐྱོ་ལྷིང་ལྷིང་དུ་གྱུར་སོང་། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་མཆོག་དང་དུས་བབ་ཀྱི་ས་གནས་གསར་འགོད་པ་འཇམ་དབྱངས་བཀྲ་ཤིས་གཉིས་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞུའོ།།
མུ་འབྲེལ་བརྙན་འཕྲིན་ཟློས་གར་ཞིག་དང་འདྲ་བར་ལེའུ་རེ་རེ་བཞིན་ཀློག་ཡོང་སྟེ། ལུས་ངག་ཡིད་གསུམ་རང་དབང་མེད་པར་དྲངས་ཏེ་འཇིག་རྟེན་གཞན་ཞིག་ཏུ་འཁྱམས་གཡེང་གི་བྲོ་ངར་ལ་སྐྱུར་བ་ཞིག་མྱོང་རོལ་བྱེད་བཞིན་པའི་སྐབས་སུ་ {ཡོངས་སུ་མཇུག་རྫོགས་སོང་།}ཞེས་པ་དེ་སེམས་སྡུག་དང་འཁྲེང་སེམས་ཚད་མེད་པ་ཞིག་སྐྱེས་རུ་བཅུག་སོང་། རྩོམ་སྒྲིག་པ་དོན་གྲུབ་བཀྲ་ཤིས་དང་དཔེ་དེབ་ཀློག་པ་པོ་འཇམ་དབྱངས་བཀྲ་ཤིས་གཉིས་ལ་སྙིང་ཁུངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ།
་་་་་་་་་་་ ཁོ་ཚོར་གསང་བརྡ་སྐྱེལ་བྱེད་ཀྱི་རླུང་འཕྲིན་དང་། དམག་འཐབ་མེ་མདའ། རྒྱང་མཐོང་སོགས་ཡོད་པ་མ་ཟད། གལ་སྲིད་ཉེན་ཁར་ཐུག་ན་རང་སྲོག་གཅོད་བྱེད་ཀྱི་དུག་གི་རུལ་བུ་རེའང་སྐེ་ལ་བཏགས་ཡོད་ས་རེད། ་་་་་་་་་་་་