དེ་རིང་སྔ་དྲོར་དྷ་ས་མེག་གྷན་དུ་ཆོས་ཚོགས་ཐེངས་ ༡༢ པ་དབུ་འཛུགས་གནང་སྟེ། ཉིན་གྲངས་ ༣ རིང་ཆོས་ལུགས་དང་འབྲེལ་བའི་གྲོས་གཞི་ཁག་ ༡༠ ཡི་ཐོག་བཀའ་སྡུར་གནང་བཞིན་འདུག
དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག དྷ་ས་མེག་གྷན་སུརྱ་གསོལ་མགྲོན་ཁང་དུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་ཆོས་ཚོགས་ཐེངས་ ༡༢ པ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང་དབུ་ཁྲིད་སྐུ་ཚབ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་དབུས་ཆོས་རིག་བཀའ་བློན་དང་བཀའ་བློན་ཕྱག་རོཊ་རྣམ་པ། དེ་བཞིན་རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་དགོན་པ་ཁག་ ༥༦ གི་སྐུ་ཚབ་བླ་སྤྲུལ་དགེ་བཤེས་སོགས་ཁྱོན་ ༧༦ ཆེད་ཕེབས་གནང་འདུག་ལ། མཛད་སྒོའི་ཐོག་༧དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་ཆོས་རིག་ལས་ཁུངས་ཀྱིས་ཕྱོགས་བསྒྲིགས་གནང་བའི་༼ཆོས་ཚོགས་ཐེངས་དང་པོ་ནས་བཅུ་གཅིག་བར་གྱི་གྲོས་གཞི་གྲོས་ཆོད་ཁག༽དང་༼ཆོས་ཚོགས་ཁག་དུ་བསྩལ་བའི་བཀའ་སློབ༽ཅེས་པ་གཉིས་དབུ་འབྱེད་བཅས་གནང་སོང་།
མཛད་སྒོའི་ཐོག་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཆོས་ཚོགས་ཐེངས་སྔོན་མའི་ཐོག་གྲོས་ཆོད་ཁག་ ༨ བཞག་པ་རྣམས་ཆོས་རིག་ལས་ཁུངས་ནས་ལག་བསྟར་ཆ་ཚང་གནང་ཡོད་སྐོར་གསུངས་བ་དང་འབྲེལ། ཚང་མས་མཁྱེན་གསལ་ལྟར་ཆོས་སྡེ་ཁག་གི་ནང་གྲྭ་རྒྱུན་ཉུང་དུ་འགྲོ་ཡི་ཡོད་པ་དེ་གསལ་བོ་ཡིན་ལ། གྲྭ་རྒྱུན་ཉུང་དུ་ཕྱིན་ན་ག་རེ་བྱེད་དགོས་པ་རེད། མ་འོངས་པར་ག་འདྲ་ཆགས་ཀྱི་རེད་དེ་དྲི་བ་ཆེན་པོ་ཞིག་རེད། གྲྭ་རྒྱུན་མང་དུ་གཏོང་དགོས་པ་རེད་ཟེར་ནས་ཆོས་རིག་ལས་ཁུངས་ལ་དྲི་བ་ཡོང་གི་འདུག ཆོས་རིག་ལས་ཁུངས་ལ་གྲྭ་རྒྱུན་མང་དུ་གཏོང་པའི་ཐབས་ལམ་དང་ནུས་པ་གང་ཡང་མི་འདུག ཨ་རི་དང་ཡུ་རོབ། ཨེ་ཤ་ཡ། ལྷོ་ཨ་རི། ཨ་ཧྥེ་རི་ཁ་སོགས་ཀྱི་ནང་ཆོས་ཚོགས་བཙུགས་ཡོད་པ་དེ་དག་གིས། སྔར་བྱོན་པའི་སྐྱེས་བུ་དམ་པ་ཚོས་ཆོས་ཚོགས་བཙུགས་པའི་དམིགས་ཡུལ་ད་ལྟ་སྒྲུབ་ཀྱི་ཨེ་ཡོད་ན། སྒྲུབ་ཐུབ་ཀྱི་ཨེ་ཡོད་ན་བསམ་པ་སོ་སོས་དངོས་སུ་མཐོང་སྐབས་ཚོར་སྣང་དེ་འདྲ་ཡོང་གི་འདུག དེར་བརྟེན་ཆོས་བརྒྱུད་སོ་སོའི་ངོས་ནས་ད་ལྟའི་བར་འཛམ་གླིང་གང་སར་རྟེན་གནས་དེ་འདྲ་ཞིག་བཙུགས་བཞག་པ་དེ་ཚོ་ཏག་ཏག་འགྲོ་ཡི་འདུག་དང་མི་འདུག ཡུལ་མི་ཚོའི་རེ་བ་བརྒྱབ་པ་ནང་བཞིན་སྒྲུབ་ཐུབ་ཀྱི་འདུག་གམ། གལ་སྲིད་སྒྲུབ་ཐུབ་ཀྱི་མེད་ན་ཡར་རྒྱས་ག་རེ་གཏོང་དགོས་ཀྱི་འདུག དེ་དག་ལ་དགོངས་པ་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།
དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་འཁྲིད་རྣམ་པ་ལྷན་གཅིག་ཏུ་འཛོམས་ཏེ། བཀའ་མོལ་གནང་བཞིན་ཡོད་པ་འདི་ལྟ་བུ་ཆོས་ལུགས་མི་འདྲ་བ་མང་པོ་ཡོད་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་ནང་དཀོན་པོ་ཡིན་སྐོར་གསུངས་དོན། ད་ལན་ཆོས་ཚོགས་འཚོགས་པ་དེ་གཞན་དང་མི་འདྲ་བར་རླབས་ཆེན་ཞིག་ཆགས་ཡོད། གང་ཡིན་ཞེ་ན། འཛམ་གླིང་ནང་ཡེ་ཤུ་དང་ཧིན་རྡུ། དེ་བཞིན་ཁ་ཆེ་དང་སིག་སོགས་མང་པོ་ཞེ་དྲགས་ཡོད་ཀྱང་། ཆོས་ལུགས་གཅིག་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་དང་མཁན་པོ་ཡོངས་སུ་རྫོགས་པ་ཁང་མིག་ཅིག་གི་ནང་འཛོམས་ཐུབ་མཁན་གྱི་ཆོས་ལུགས་ཕལ་ཆེར་གཅིག་ཀྱང་ཡོད་པ་མ་རེད་བསམ་གྱི་འདུག ཡེ་ཤུ་ཡིན་ན་ཁེད་ཊོ་ལིག་དང་ (Catholic ) དང་ཡེ་ཤུའི་ཆོས་ལུགས་གསར་མ་པར་ཌེ་སི་ཌན་ཌི་(Protestant)། གྷེག་ཡང་དག་ཆོས་ལུགས་ (Orthodox) དང་ཨུ་རུ་སུའི་ཡང་དག་ཆོས་ལུགས་ (Orthodox) བཅས་ཁོ་རང་ཚང་མ་ཁང་མིག་ཅིག་ནང་འཛོམས་བཞག་པ་ངས་གོ་མྱོང་མེད། དེ་བཞིན་ཧིན་རྡུ་ཡིན་ནའང་ཤང་ཀར་ཨ་ཅཱརྱ་ཁོང་རྣམ་པ་ས་གནས་གཅིག་ཏུ་མཉམ་འབྲེལ་ཐོག་ཆོས་ཚོགས་འདི་འདྲ་ཚོགས་པ་ངས་གོ་མྱོང་མེད། ཁ་ཆེའི་ཆོས་ལུགས་ཤཱ་དང་སུ་ཎེ་གཉིས་ཀྱང་འདི་འདྲའི་ཆོས་ཚོགས་ཚོགས་མྱོང་མེད་སྟབས། ང་རང་ཚོ་ཆོས་བརྒྱུད་ཁག་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པ་དང་། དགོན་སྡེ་ཁག་ནང་འགན་འཁུར་གནང་མཁན་ཚང་མ་ཁང་མིག་ཅིག་ནང་འཛོམས་ཐུབ་པ་དེ་དངོས་གནས་རླབས་ཆེན་རེད་བསམ་གྱི་འདུག གཙོ་ཆེ་ཤོས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཕེབས་པ་དེ་གཞན་དང་མ་འདྲ་བ་ཞིག་རེད་བསམ་གྱི་འདུག་ལ། ༧གོང་ས་མཆོག་གི་དགོངས་གཞི་ལྟར་ད་ལན་ཆོས་ཚོགས་ཚོགས་ཐུབ་པ་དེ་རླབས་ཆེན་ཡིན་པའི་མ་ཚད། འཕྲལ་ཕུགས་རྒྱང་གསུམ་ལའང་ཏན་ཏན་ང་ཚོ་བོད་སྤྱི་པའི་རྩ་དོན་དང་། དམིགས་བསལ་གྱིས་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ལ་སྤྱི་ཡོངས་ནས་ཐུགས་ཕན་གསོ་བ་དང་ནུས་པ་ཐོན་པ་ཞིག་ཡོང་གི་རེད་བསམ་གྱི་འདུག ཅེས་དང་། དེང་སང་བོད་བརྒྱུད་ནང་བསྟན་འཛམ་བུ་གླིང་དུ་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། དེ་དང་མཉམ་དུ་ཆོས་ལུགས་ཕན་ཚུན་བར་གྱི་རྙོག་དྲ་སོགས་ཉེན་ཁ་ཞིག་ཀྱང་རང་བཞིན་གྱིས་སླེབ་ཡོང་གི་ཡོད་སྐོར་གསུངས་སོང་།
དེའི་རྗེས་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་ལགས་ནས། ༧རྒྱལ་བ་རིན་པོ་ཆེའི་གཙོས་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་ཀྱི་བླ་ཆེན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས། འཛམ་བུ་གླིང་དུ་བོད་བརྒྱུད་ནང་བསྟན་གྱི་བསྟན་པ་སྤྱི་དང་བྱེ་བྲག་ཚང་མ་ཉི་མའི་འོད་སྣང་བཞིན་དུ་ཕྱོགས་ཐམས་ཅད་ལ་ཁྱབ་བསྡད་ཡོད་པ་རེད། སྤྱིར་བཏང་ཁྱབ་པ་དེར་སྤོབས་པ་བྱེད་འོས་བ་ཞིག་ཡིན་ཡང་། འཛམ་བུ་གླིང་ལ་དེ་སྔ་ནས་དར་ཡོད་པའི་ཆོས་ལུགས་གཞན་གྱི་དབུ་ཁྲིད་དཔེར་ན་ཡེ་ཤུ་དང་ཁ་ཆེ། ཧིན་རྡུ་སོགས་ཆོས་ལུགས་ག་འདྲ་ཞིག་ཡིན་ནའང་། དེ་ཚོའི་དབུ་ཁྲིད་དང་རྗེས་འཇུག་མཉམ་དུ་མཐུན་ལམ་གྱིས་གནས་ཐུབ་པའི་ཆེད་དུ་ཕན་ཚུན་འབྲེལ་བ་དང་ངོ་ཤེས། གཉིས་སྨན་གྱི་བསམ་ཚུལ་བརྗེ་ལེན་གནང་རྒྱུ་དེ་ཚོ་གལ་ཆེན་པོ་མཐོང་གི་འདུག་པས། དེ་འདྲའི་ཐོག་ལ་ཚང་མས་དགོངས་པ་རྒྱ་ཆེན་པོ་ཞིག་བཞེས་རོགས་གནོངས། ང་རང་ཚོ་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བར་ལའང་བསྟན་པ་སྤྱི་དང་བྱེ་བྲག་ལ་དགོངས་ཏེ། མཐུན་ལམ་དང་དམ་ཚིག་རྡོག་རྩ་གཅིག་སྒྲིལ་དགོས་པ་གལ་ཆེན་པོ་རེད། ཅེས་དང་། ཡེ་ཤུ་སོགས་ཆོས་ལུགས་གཞན་པ་ཚོ་སྤྱི་ཚོགས་ནང་ཞབས་ཞུ་ཞུ་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། ནང་པ་སངས་རྒྱས་པ་ཚོས་ཀྱང་ནང་ཆོས་ལ་ཐོས་བསམ་སྒོམ་གསུམ་གནང་བ་ཙམ་མ་ཟད། སྤྱི་ཚོགས་ནང་ཕན་ཐོགས་བསྒྲུབ་ཐུབ་མཁན་གྱི་ནང་པ་ཞིག་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
སྔ་འགྱུར་བསྟན་པའི་མངའ་བདག་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནས། དཀའ་ལས་མང་པོ་བརྒྱབ་སྟེ་གྲ་སྒྲིག་བྱས་ཤིང་ཐག་རིང་ནས་ང་ཚོ་ཚང་མ་འདིར་ཕེབས་པའི་དགོས་དོན་ནི། ༧རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་བཞེད་ལྟར་བསྟན་པ་ཐམས་ཅད་འགལ་མེད་དུ་གནས་ཐུབ་པའི་ཆེད་དུ་ཡིན་ལ། སྤྱིར་བཏང་བསྟན་པ་གཅིག་ཡིན་ཡང་རིམ་བཞིན་མིའི་ཆགས་སྡང་གི་དབང་དུ་སོང་སྟེ། བསྟན་པ་སོ་སོར་མེད་ཀྱང་གནས་སྟངས་སོ་སོར་གྱུར་བ་དང་། ཆགས་སྡང་རྨོངས་གསུམ་གྱི་རྒྱུ་རུ་གྱུར་བ་ང་ཚོས་མཐོང་གི་ཡོད་པ་རེད། ཡིན་ནའང་། ད་ལྟ་༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དྲིན་གྱིས་ང་ཚོ་ཁྱིམ་གཅིག་གི་མི་ལྟ་བུར་གྱུར་ཏེ། གོང་དུ་གསུངས་བ་ལྟར་དཔེར་ན་ཟ་ཁང་གཅིག་ནས་བཞེས་ལག་བཞེས་བ་དང་ཚོགས་ཁང་གཅིག་ཏུ་ཚོགས་པའི་སྐལ་བ་ལྡན་པ་དེ་ཡིད་བཞིན་ནོར་བུའི་བཀའ་དྲིན་ཡིན་ལ། ཡིད་བཞིན་ནོར་བུའི་ཐུགས་བཞེད་གཙོ་བོ་དེ་ཆོས་འཇིག་རྟེན་གཉིས་ཀ་ཡིན་ཡང་། དེ་རིང་ཆོས་ཀྱི་ལུགས་གཙོ་བོ་ཡིན་པས་ཐོས་བསམ་སྒོམ་གསུམ་རྩ་ཆེན་པོ་བྱེད་དགོས་ལ། དེ་སྔོན་བོད་གངས་ཅན་གྱི་ཐོས་བསམ་སྒོམ་གསུམ་གྱི་སྟེང་ནས་ཕར་ཆེར་མ་འདང་བ་ཆེན་པོ་མེད་ཀྱང་། ད་ལྟ་དུས་སུ་བབ་པའི་ཐོས་བསམ་བྱེད་སྟངས་ཐོག་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།
སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག་ནས། དེང་སང་ནང་པ་སངས་རྒྱས་པའི་ཆོས་འདི་ཉམས་རྒུད་ཕྱིན་པའི་རྣམ་པ་ཞིག་ཏུ་ང་ཚོས་ངོས་འཛིན་གནང་གི་ཡོད་ལ། སྐབས་འདིར་ང་ཚོ་ཕྱིའི་མཐུན་རྐྱེན་དང་འཛུགས་སྐྲུན་གྱི་ཆ་ནས་གོང་འཕེལ་དུ་སོང་དང་འགྲོ་བཞིན་པ་རེད། ཡིན་ནའང་། སྙིགས་མ་ལྔ་བདོ་ཡི་དུས་སུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་སྔར་དང་མི་འདྲ་བར་ཉམས་རྒུད་དུ་ཕྱིན་པ་ག་རེར་ངོས་འཛིན་གནང་དགོས་པ་རེད་ཟེར་ན། ནང་པ་སངས་རྒྱས་པའི་ཆོས་ཉམས་སུ་ལེན་མཁན་དཀོན་པོ་དང་ཉུང་དུ་འགྲོ་ཡི་ཡོད་པ་དེ་རེད། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་གཙོ་བོ་ཕྱག་དཔེའི་ནང་གསུངས་ཡོད་པའི་ལུང་དང་རྟོགས་པའི་བསྟན་པ་ཡིན་ལ། འདི་བཤད་པ་དང་སྒྲུབ་པའི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་གནང་དགོས་པ་ཞིག་ཆགས་ཡོད་སྟབས། འཛིན་སྐྱོང་སྤེལ་གསུམ་གྱི་འགན་བཞེས་གནང་མཁན་གཙོ་བོ་དེ་བཤད་གྲྭ་ཁག་དང་དགོན་སྡེ་ཁག དེ་བཞིན་སྒྲུབ་གྲྭ་ཁག་བཅས་ཆགས་ཡོད་པ་རེད། ཅེས་སོགས་གསུངས་སོང་།
གཡུང་དྲུང་བོན་གྱི་བསྟན་བདག་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས། དེ་སྔ་བོད་ཀྱི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་བོད་ཀྱི་ཆོས་བརྒྱུད་བཞི་དང་གཡུང་དྲུང་བོན་སོགས་ཀྱི་དབུ་ཁྲིད་རྣམ་པ་དང་། དེ་བཞིན་བླ་སྤྲུལ་དགེ་བཤེས་སོགས་ལྷན་དུ་འཛོམས་ཏེ། ཐུགས་འཕྲད་དམ་གཙང་གིས་བསམ་བློ་དང་ལྟ་བ་བརྗེ་རེས་ཀྱི་བགྲོ་གླེང་ཚོགས་འདུ་ད་ལྟའི་བར་ཐེངས་ ༡༢ ཙམ་ཚོགས་ཐུབ་པ་ནི། ༧གོང་ས་སྐུ་ཕྲེང་སྐུ་བཞི་པ་ཆེན་པོ་མཆོག་གི་དུས་རབས་དང་མཐུན་པའི་དགོངས་བཞེད་རླབས་ཆེན་ཞིག་ཡིན་པ་མ་ཟད། དུས་རབས་ཉེར་གཅིག་པའི་སྐབས་འདིར་མི་རྣམས་ཀྱིས་ཕན་ཚུན་བསམ་བློ་བརྗེ་རེས་བྱས་ཏེ། མི་མཐུན་པའི་རིགས་རྣམས་ཟུར་དུ་བཞག་ནས་མཐུན་པའི་ཆ་རྣམས་ཕན་ཚུན་ཉམས་ལེན་གནང་བཞིན་ཡོད་པ་དེ། འཛམ་གླིང་ཐོག་ཞི་བདེ་བསྐྲུན་པའི་ཆ་རྐྱེན་ཡང་དག་པ་ཞིག་ཏུ་མཐོང་བཞིན་ཡོད། འཛམ་གླིང་འདིར་ཆོས་ལུགས་མི་འདྲ་བ་ཇི་སྙེད་ཅིག་ཡོད་ཀྱང་། དེ་དག་ཐམས་ཅད་ཀྱི་ལྟ་བའི་འཁྱེར་སོ་ནི་བྱམས་དང་སྙིང་རྗེ། གཞན་ཕན་གྱི་བསམ་བློ་ཡིན་པ་གཅིག་མཚུངས་ཡིན་པ་མ་ཟད། ཆོས་ལུགས་དེ་དག་གིས་གདུལ་བྱ་རང་རང་གི་ཁམས་དང་མོས་པར་དཔག་པའི་འགྲོ་བ་མིའི་གཙོས་སེམས་ཅན་རྣམས་ལ་བདེ་སྐྱིད་བསྐྲུན་དང་སྐྲུན་བཞིན་ཡོད་སྟབས། ཆོས་ལུགས་དེ་དག་འཛམ་གླིང་འདིར་མི་ཉམས་པར་གནས་དགོས་པ་དང་། ཉམས་པ་སླར་གསོ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཏུ་མཐོང་བཞིན་ཡོད། ཅེས་སོགས་གསུངས་སོང་།
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། རང་དབང་ལུང་པའི་ནང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པ་གཙོ་བོར་གྱུར་བའི་ཚང་མས། བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཐུགས་འགན་བཞེས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ལ། ད་ལྟ་༧གོང་ས་མཆོག་དང་བླ་ཆེན་རྣམ་པ་ཞལ་བཞུགས་པའི་སྐབས་འདིར་མ་འོངས་ལོ་ ༡༥ དང་ ༢༠ ནང་ད་ལྟ་ཡག་ཐག་ཆོད་ཡོད་པ་དེ་ཡར་རྒྱས་གཏོང་བར་ག་རེ་གནང་དགོས་ཀྱི་འདུག དེ་ལ་ཉི་མ་གཅིག་གཉིས་མ་ཡིན་པར་མུ་མཐུད་ནས་བསམ་བློ་བཏང་སྟེ་འཆར་གཞི་བསྒྲིག་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས། ད་ལྟའི་དུས་ཚོད་འདིར་གོང་དུ་སྲིད་སྐྱོང་མཆོག་གིས་གསུངས་བ་ལྟར་ནང་པ་སངས་རྒྱས་པའི་བསྟན་པར་རེ་བ་ཡོད་པ་ཞིག་དང་། ཉེན་ཁའང་ཡོད་པའི་གནས་ཚུལ་གཉིས་འཛོམས་འདྲ་བོ་ཞིག་ལ་བསླེབས་བསྡད་ཡོད་པ་རེད་དྲན་གྱི་འདུག རེ་བ་ཡོད་པ་ཟེར་དུས་དེང་སང་འཛམ་གླིང་ཐོག་བཟོ་ཚོང་ཁང་སྙན་གྲགས་ཅན་གྷུ་གྷིལ་དང་ངོ་དེབ་སོགས་ཀྱི་དབུས་ལས་ཁུངས་ནང་དམིགས་བསལ་གྱིས་སྒོམ་རྒྱག་སའི་ཁང་པ་ཡོད་པ་དང་། དེ་བཞིན་སྙན་གྲགས་ཡོད་པའི་བཟོ་ཚོང་ཁང་དག་གི་འགན་འཛིན་ཚོས་ཀྱང་ནང་སེམས་ཀྱི་ཞི་བདེ་ཡོང་བར་སྒོམ་ཉམས་ལེན་དང་། རྟེན་འབྱུང་གི་ལྟ་བ་སོགས་ཀྱི་ཐོག་དོ་སྣང་བྱེད་ཀྱི་ཡོད་པའི་མཐོང་སྣང་བྱུང་ལ། ཁོང་ཚོས་དམིགས་བསལ་གྱིས་ནང་ཆོས་དང་འབྲེལ་བའི་སྐད་ཆ་ཤོད་ཀྱི་མེད་ཀྱང་། དེ་ཚོའི་སྙིང་པོ་ཚང་མ་ནང་ཆོས་ལས་བྱུང་བ་ཞིག་ཆགས་བསྡད་ཡོད་པ་རེད། དེ་དང་མཉམ་དུ་ང་ཚོར་ཉེན་ཁ་ཞིག་ཀྱང་འཕྲད་ཀྱི་ཡོད་པ་རེད། དཔེར་ན། ནང་པ་དང་ཆོས་ལུགས་གཞན་ཕན་ཚུན་བར་རྙོག་འཛིང་དང་འཐབ་རྩོད་ཡོང་བའི་གནས་ཚུལ་རྒྱ་ཆེན་པོ་འདྲ་བོ་ཆགས་འདུག ང་ཨ་རིར་ཡོད་སྐབས་འབར་མ་བཙན་བྱོལ་བ་དེ་འདྲར་ཐུག་སོང་ལ། ཁོང་ཚོས་ཁྱེད་རང་ཚོ་ནང་པའི་དབུ་ཁྲིད་ཡིན་པས་སྐད་ཆ་བཤད་ནས་ཅིག་བྱེད་རོགས་མ་གཏོགས་ང་ཚོར་དཀའ་ངལ་ཞེ་དྲགས་འདུག་ཅེས་ཤོད་ཀྱི་འདུག་ལ། ཨ་རིའི་གཞུང་གི་མི་སྣ་དེ་འདྲར་ཐུག་སྐབས་ཀྱང་འབར་མ་དང་འབྲེལ་བའི་གནས་ཚུལ་མང་པོ་བཤད་ཀྱི་འདུག་པས། འོས་འཚམ་ཡིན་མིན་མི་ཤེས་ཀྱང་ད་རེས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་རྣམ་པ་ལྷན་འཛོམས་ཐོག ང་ཚོས་གནས་ཚུལ་དེའི་ཐོག་དགོངས་པ་བཞེས་སྟངས་ག་འདྲ་ཡིན་པ་དང་། དེ་ལ་ཐུགས་ཁུར་ཡོད་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་གནང་ཐུབ་ན་ཡག་པོ་ཡོང་ས་རེད་བསམ་པ་ཞིག་འདུག ཅེས་དང་། ཆོས་ལུགས་གཞན་དང་ལྷག་པར་དུ་བོད་ཀྱི་ཆོས་བརྒྱུད་ཁག་གི་བར་མཐུན་སྒྲིལ་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་ལ། དེ་ཡང་ལམ་ལུགས་སྲོལ་ཙམ་མིན་པར་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་དང་བླ་སྤྲུལ་རྣམ་པ་སྐུ་སྒེར་གྱི་ཐོག་ནས་ནམ་རྒྱུན་ཕན་ཚུན་ལ་འབྲེལ་འདྲིས་ཡོད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།
འཁོན་རིགས་བསྟན་པའི་གཙུག་རྒྱན་༧དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས། བསྟན་པའི་རྩ་བ་དགེ་འདུན་པའི་སྡེ་ལ་རག་ལས་ཀྱི་ཡོད་ཀྱང་། དེང་སང་ཆོས་སྡེ་ཁག་ཚང་མའི་ནང་དུ་དགེ་འདུན་པའི་ཞལ་གྲངས་ཞེ་དྲགས་ཉུང་དུ་འགྲོ་བཞིན་ཡོད་པ་རེད། ཕྱོགས་གཅིག་ནས་གྲྭ་བ་གསར་པ་བཅུག་མཁན་ཉུང་ཉུང་ཆགས་པའི་རྐྱེན་གྱིས་ཉུང་དུ་འགྲོ་ཡི་ཡོད་པ་དང་། ཡང་ཕྱོགས་གཅིག་ནས་དགེ་འདུན་པ་མང་པོ་ཞིག་ཕྱི་རྒྱལ་དུ་འགྲོ་ཡི་ཡོད་ལ། དེ་ཡང་བསླབ་པ་སློབ་གཉེར་ཡོད་མཁན་མང་པོ་ཕྱི་རྒྱལ་དུ་ཕྱིན་ཡོད་པ་དང་། ཕྱི་རྒྱལ་དུ་ཕྱིན་ཚར་རྗེས་རེ་གཉིས་མ་གཏོགས་ཕལ་ཆེར་བ་འཕྲོ་བརླག་ཏུ་འགྲོ་ཡི་ཡོད་པ་དེ། དགེ་འདུན་པའི་ཞལ་གྲངས་ཉུང་ཉུང་ཡིན་པའི་དགོན་པ་ཚོར་དཔེ་མི་སྲིད་པའི་དཀའ་ངལ་དང་ཉེན་ཁ་ཆེན་པོ་ཞིག་ཏུ་མཐོང་གི་འདུག དེའི་ཕྱིར་དགེ་འདུན་པའི་ཞལ་གྲངས་འཕེལ་བ་སོགས་ལ་ག་འདྲ་བྱས་ན་ཡག་པོ་ཡོད་ན། ང་རང་གིས་ལམ་སང་ཐབས་ལམ་འདི་འདྲ་ཞིག་འདུག་ཟེར་ནས་ཞུ་ཐུབ་ཀྱི་མི་འདུག་ཀྱང་། དགེ་འདུན་པ་ཚོ་ཕྱི་རྒྱལ་དུ་མི་འགྲོ་བའི་ཐབས་ཤེས་འདྲ་ཡོད་ན། ལྷག་པར་དུ་བསླབ་པ་སློབ་གཉེར་ཡོད་མཁན་མང་པོ་ཞིག་སོ་སོ་རང་མོས་ཀྱི་ཐོག་ནས་ཕྱི་རྒྱལ་ལ་འགྲོ་ཡི་ཡོད་པ་དེ་ཚོ། རྒྱ་གར་གྱི་དགོན་སྡེ་ཁག་གི་ནང་བསྡད་དེ་ཐོས་བསམ་སློབ་གཉེར་མུ་མཐུད་དུ་བྱེད་དགོས་པ་དེ་གལ་ཆེན་པོ་ཞེ་དྲགས་རེད། དགོན་པ་རྫིག་པོ་ཞེ་དྲགས་ཡོད་ཀྱང་དགེ་འདུན་པ་མེད་པ་ཡིན་ན་ཕྱིས་སུ་འགྲེམས་སྟོན་ཁང་འདྲ་བོ་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད། ཅེས་སོགས་གསུངས་སོང་།
དེ་རིང་ཕྱི་དྲོར་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ནས་ལས་བསྡོམས་སྙན་སྒྲོན་ཞུས་བ་དང་འབྲེལ། ཆོས་ཚོགས་ཐེངས་བཅུ་གཅིག་པའི་གྲོས་ཆོད་ཁག་གི་ཐོག་བསྐྱར་ཞིབ་བཀའ་སྡུར་གནང་ཡོད་པ་དང་། སང་ཉིན་ཤྲི་ལང་གཱ་དང་འབར་མ། ཐའེ་ལན་ཌི་སོགས་ཀྱི་ནང་པའི་དགེ་འདུན་པ་རྣམས་ལ་རང་རེའི་དགོན་སྡེ་ཁག་གི་བསླབ་པ་སློབ་གཉེར་གནང་སྟངས་སོགས་ཀྱི་གོ་རྟོགས་སྤེལ་བར་ཐབས་ལམ་ཇི་དགེ་དང་། དེང་སང་ཆོས་སྡེ་ཁག་ཏུ་དགེ་འདུན་པའི་གྲངས་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་དང་སློབ་གཉེར་རྒྱུན་འཛིན་ཡར་རྒྱས་གཏོང་ཕྱོགས། དབུ་མ་དང་མཛོད་འཛིན་གྲྭའི་སློབ་གཉེར་བ་ཚོར་ཚན་རིག་ངོ་སྤྲོད་དང་སློབ་ཁྲིད་བསླབ་གཞི་བང་རིམ་གཅིག་མཚུངས་གནང་ཐབས། དེ་བཞིན། མི་སྐྱ་ཕོ་མོ་ཚོར་ནང་ཆོས་སློབ་གཉེར་གྱི་གོ་སྐབས་བསྐྲུན་ཐབས་དང་། ཆོས་བརྒྱུད་ཁོངས་སོ་སོས་ཕྱི་རྒྱལ་གྱི་ཆོས་ཚོགས་ཁག་ཚད་ལྡན་ཚགས་ཚུད་གཏོང་ཐབས། གཞན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་དོལ་རྒྱལ་བ་ཚོར་འཚེ་མེད་ཞི་བའི་ཐོག་ནས་གདོང་ལེན་བྱེད་ཐབས་སོགས་ཀྱི་གྲོས་གཞི་ཁག་བཅུ་ཡི་ཐོག་བཀའ་སྡུར་གནང་རྒྱུ་ཡིན་པ་དང་། ཟླ་འདིའི་ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་མཐའ་མའི་གྲོས་ཆོད་ཁག་གཏན་འབེབས་གནང་འཆར་ཡོད་འདུག
གསར་འགོད་པ། པདྨ་མཚོ།
སློབ་གཉེར་བ་ཕྱི་རྒྱལ་ལ་འགྲོ་འདོད་གསུམ་ནི།
འགྲོ་འདོད་དང་པོས། ཆོས་བཤད་འདོད་ཡོད་པ།
འགྲོ་འདོད་གཉིས་པས། ནོར་གསོག་འདོད་ཡོད་པ།
འགྲོ་འདོད་གསུམ་པས། སྡོམ་པ་སྲུང་འདོད་མེད་པས་རེད་སྙམ།
མཛད་སྒོའི་ཐོག་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཆོས་ཚོགས་ཐེངས་སྔོན་མའི་ཐོག་གྲོས་ཆོད་ཁག་ ༨ བཞག་པ་རྣམས་ཆོས་རིག་ལས་ཁུངས་ནས་ལག་བསྟར་ཆ་ཚང་གནང་ཡོད་སྐོར་གསུང་བ་དང་འབྲེལ། ཟེར། སྐབས་༡༡ པ་ལ་ཇོ་ནང་བ་ཡང་ཆོད་རྒྱུད་རང་རྐྱ་བ་ཞིག་ཏུ་ངེས་འཛིན་གནང་ཟིན་པ་དེ་ལག་སྟར་མི་བྱེད་དིན་ཅི།
སྲིད་སྐྱོང་བློ་སེང་གིས” ང་རང་ཚོ་ཆོས་བརྒྱུད་ཁག་བཞི་དང་གཡུང་དྲུང་བོན་དང་བཅས་པའི་བླ་ཆེན་རྣམ་པ་དང་། དགོན་སྡེ་ཁག་ནང་འགན་འཁུར་གནང་མཁན་ཚང་མ་ཁང་མིག་ཅིག་ནང་འཛོམས་ཐུབ་པ་དེ་དངོས་གནས་རླབས་ཆེན་རེད་བསམ་གྱི་འདུག” སྟེ། ཇོ་ནང་བ་བཀག་ཐུབ་སོང་བའི་ཕྱིར།
ཡང་” གཙོ་ཆེ་ཤོས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཕེབས་པ་དེ་གཞན་དང་མ་འདྲ་བ་ཞིག་རེད་བསམ་གྱི་འདུག” གང་ཞེ་ན་ཇོ་ནང་བ་ཡང་ཆོས་རྒྱུད་རང་རྐྱ་བར་ངེས་འཛིན་གནང་གི་ཡོད་པ་འདྲ། དེ་ངས་ནམ་ཡང་འགྲུབ་འཇུག་གི་མིན།
ཡང”༧གོང་ས་མཆོག་གི་དགོངས་གཞི་ལྟར་ད་ལན་ཆོས་ཚོགས་ཚོགས་ཐུབ་པ་དེ” ཇོ་ནང་བ་མེད་པ་བཟོ་བའི་ལག་ཆར་འགྱུར་ཐུབ་པ་བྱེད་དགོས།
ཡང་” དེང་སང་བོད་བརྒྱུད་ནང་བསྟན་འཛམ་བུ་གླིང་དུ་དར་ཁྱབ་ཆེན་པོ་འགྲོ་བཞིན་ཡོད་ཀྱང་། དེ་དང་མཉམ་དུ་ཆོས་ལུགས་ཕན་ཚུན་བར་གྱི་རྙོག་དྲ་སོགས་ཉེན་ཁ་ཞིག་ཀྱང་རང་བཞིན་གྱིས་སླེབ་ཡོང་གི་ཡོད་སྐོར་གསུངས་སོང་།” ཡོང་གདའ་ཡོང་། གྲངས་ཉུང་ཆོས་རྒྱུད་ཕྱིར་འབུལ་བྱས་ན།