དེ་རིང་དྷ་ས་གཙུག་ལག་ཁང་གི་ཆོས་རྭའི་ནང་མདོ་སྨད་ཆོལ་ཁས་༧གོང་ས་མཆོག་གི་༧ སྐུའི་གྱ་སྟོན་སྲུང་གཙི་གནང་སྟེ། བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པའི་དབུས་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་བཅས་ནས་གསུང་བཤད་གནང་ཡོད།
དེ་རིང་སྔ་དྲོའི་ཆུ་ཚོད་ ༨ པ་ཙམ་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་སྐུའི་གྱ་སྟོན་སྲུང་གཙི་གནང་སོང་བ་དང་། མཛད་སྒོ་རུ་༧གོང་ས་མཆོག་དབུ་བཞུགས་ཐོག་བོད་ཀྱི་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་སྤྲུལ་རྣམ་པའི་དབུས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷདྲ་སིང་ (Virbhadra Singh) མཆོག་དང་། ཁེ་ན་ཌའི་གདོད་མིའི་མི་རིགས་ཀྱི་རྒྱལ་ཁབ་དང་པོའི་དབུ་འཛིན་ཨེ་ཝར་ཌི་ཇོན་ (Edward John) ལགས། ཨི་ཊ་ལིའི་ (Italian radical Party) ཚོགས་པའི་ཚོགས་གཙོ་སྐུ་ཞབས་མཱ་ཁུར་བྷ་ནེ་ལ་(Marco Pannella )ལགས་སོགས་བོད་དོན་རྒྱབ་སྐྱོར་བ་དང་། གཞན། ཕྱོགས་མཐའ་ཁག་ནས་ཕེབས་པའི་སེར་སྐྱ་མི་མང་བཅས་མི་གྲངས་ ༤༠༠༠ ཡས་མས་འཛོམས་འདུག
མཛད་སྒོ་དངོས་སུ་དབུ་འཛུགས་མ་གནང་གོང་༧གོང་ས་མཆོག་དང་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྣམ་གཉིས་ཀྱིས་༧མགོན་པོ་གང་གི་མཛད་ཐང་ཞལ་འབྱེད་གནང་རྗེས། མཛད་སྒོའི་ཐོག་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་ཏེ། མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་པས་ཆེད་བསྒྲིགས་གནང་བའི་༧རྒྱལ་དབང་སྐུ་ཕྲེང་དང་པོ་ནས་བཅུ་བཞི་བར་གྱི་མཛད་རྣམ་འཁྲུངས་རབས་དེབ་ཐེར་ནོར་བུའི་ཕྲེང་བ་ཁག་དང་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་མཛད་རྣམ་བརྙན་དེབ་པཎ་ཆེན་སྣང་བ་མཐའ་ཡས། མཛད་བརྒྱ་མཐོང་བ་དོན་ལྡན་བཅས་ཞལ་འབྱེད་དང་སྦྲགས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་༧གོང་ས་མཆོག་ལ་སྐུའི་གྱ་སྟོན་དྲན་རྟེན་གསེར་གྱི་རྟགས་མ་འབུལ་བཞེས་གནང་སོང་། དེ་བཞིན་འདས་པའི་ལོ་ངོ་ ༥༦ རིང་༧གོང་ས་མཆོག་ལ་ཐུགས་བརྩེ་བ་ཆེན་པོས་ཞབས་ཞུ་ཞུ་མཁན་སྐུ་ཞབས་བློ་བཟང་ཟླ་བ་ལགས་དང་། གྲྭ་དཔལ་འབྱོར་ལགས་རྣམ་གཉིས་ལ་ཐུགས་རྗེ་ལེགས་འབུལ་དང་། མཛད་སྒོར་ཕེབས་པའི་སྐུ་མགྲོན་ཡོངས་ལ་ཕྱག་རྟགས་བཅས་ཕུལ་སོང་། དེ་བཞིན་ཁེ་ན་ཌའི་གདོད་མིའི་མི་རིགས་ཀྱི་རྒྱལ་ཁབ་དང་པོའི་དབུ་འཛིན་མཆོག་གིས། ལོ་ ༩༤ ལ་སོན་པ་ཞིག་གིས་བཟོས་པའི་ཞབས་ཕྱགས་ཤིག་དང་། ཁོང་གི་སྐུ་ཟླ་དང་སྐུ་ཟླའི་གཅེན་མོས་འཐག་པའི་ལོ་རྒྱུས་ལྡན་པའི་ཁེ་ན་ཌ་གདོད་མིའི་མི་རིགས་ཀྱི་བཟོ་རྩལ་ལས་ཐོན་པའི་མལ་གཟན་ (Blanket) གཅིག་བཅས་སྐུའི་འཁྲུངས་སྐར་གྱི་ཕྱག་རྟགས་སུ་ཕུལ་སོང་། དེ་ཡང་མཛད་སྒོའི་ཐོག་༧གོང་ས་མཆོག་ནས་ཡབ་གཞིས་ནང་མི་རྣམ་པར་སྟོན་པའི་སྐུ་བརྙན་ཞིག་གསོལ་རས་སུ་གནང་སོང་། མཇུག་ཏུ་བོད་ཀྱི་ཟློས་གར་ཚོགས་པ་དང་ཐང་སྟོང་གླུ་གར་ཚོགས་པ། བོད་ཆོལ་ཁ་གསུམ་གྱི་གཞས་པ་གཞས་མ་དང་ཞབས་བྲོ་བ་བཅས་ཀྱིས་གཞས་སྣ་གཟིགས་འབུལ་ཞུས་རྗེས། ༧གོང་ས་མཆོག་དབུ་བཞུགས་ཐོག་ཉིན་གུང་གི་གསོལ་ཚིགས་ལྷན་བཞེས་གནང་སོང་།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཝིར་བྷདྲ་སིང་ (Virbhadra Singh) མཆོག་གིས། ༧གོང་ས་མཆོག་སྐུ་ཚེ་ཡུན་རིང་གནས་པའི་སློན་ལམ་ཞུ་རྒྱུ་མ་ཟད། ཁོང་གིས་བོད་གཞིས་བྱེས་གཉིས་ཀྱི་བོད་རིགས་ཙམ་མིན་པར་འགྲོ་བ་མིའི་རིགས་ཀྱི་དབུ་ཁྲིད་གནང་རྒྱུའི་རེ་བ་ཞུ་གི་ཡོད། ཏཱ་ལའི་བླ་མ་མཆོག་ནི་བཙན་བྱོལ་བོད་མིའི་དབུ་ཁྲིད་ཙམ་མིན་པར་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཚེ་མེད་ཞི་བ། མཛའ་མཐུན་དང་བཟང་སྤྱོད་ཀྱི་སློབ་དཔོན་ཞིག་ཡིན་པར་ངོས་འཛིན་ཞུ་བཞིན་ཡོད། ང་ཚོས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་ངའི་མངའ་སྡེ་ཧི་མ་ཅལ་ས་ཁུལ་དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པར་དགའ་ཚོར་ཆེན་པོ་སྐྱེས་ཀྱི་འདུག ཏཱ་ལའི་བླ་མ་མཆོག་ནི་ཞི་བདེ་དང་འཐབ་རྩོད་ཀྱི་མིག་དཔེ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་ཁོང་ནི་དཀའ་ཚེགས་ཆེ་བའི་དུས་སྐབས་སུ་ཐུགས་བསམ་རྒྱ་ཆེན་པོ་བཞེས་ཐུབ་མཁན་ཞིག་ཀྱང་ཡིན། ང་ཚོའི་ཏཱ་ལའི་བླ་མ་མཆོག་དང་། བོད་དང་ངའི་རྒྱལ་ཕྲན་རྒྱལ་ཁབ་བྷུ་ཤལ་ལོ་རབས་མང་པོའི་གོང་ནས་ཚོང་དོན་དང་ཞི་བའི་འབྲེལ་ལམ་དམ་ཟབ་དང་མཛའ་མཐུན་ཡོད། ངའི་རྒྱལ་ཕྲན་རྒྱལ་ཁབ་བྷུ་ཤལ་རྒྱ་གར་དབུས་གཞུང་གི་ཁོངས་གཏོགས་ཆགས་པ་མ་ཟད་ད་ལྟ་ཧི་མ་ཅལ་མངའ་སྡེའི་ས་ཁོངས་སུ་ཆགས་ཡོད་སྟབས། འབྲེལ་ལམ་འདི་མུ་མཐུད་གནས་རྒྱུ་མ་ཟད། ཏཱ་ལའི་བླ་མའི་སྒྲིག་འཛུགས་འདི་དང་ལྷག་པར་དུ་ད་ལྟའི་ཏཱ་ལའི་བླ་མ་མཆོག་དང་བློ་སེམས་གཉིས་ཀྱི་འབྲེལ་ལམ་ཟབ་མོ་གོང་འཕེལ་འགྲོ་བཞིན་ཡོད། ངས་ཡང་བསྐྱར་༧སྐྱབས་མགོན་རིན་པོ་ཆེ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་རྒྱུའི་སྨོན་ལམ་དང་འབྲེལ་ཁོང་གིས་མུ་མཐུད་དུ་རྒྱ་གར་དང་འཛམ་གླིང་ཡོངས་ལ་འཚེ་མེད་ཞི་བ་དང་ཞི་བདེའི་ལམ་སྟོན་མཛད་རྒྱུའི་སྨོན་འདུན་ཞུ་བཞིན་ཡོད། ཅེས་གསུངས་སོང་།
འཁོན་རིགས་བསྟན་པའི་གཙུག་རྒྱན་༧དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས། ཁ་སང་༧གོང་ས་མཆོག་གིས་མང་ཚོགས་ཚོར་བཀའ་སློབ་ཕེབས་པ་ལྟར་རེད། ༧གོང་ས་ཆེན་པོའི་སྐུའི་འཁྲུངས་སྐར་གྱི་འབུལ་བ་ཡག་ཤོས་དེ་ང་རང་ཚོས་ག་རེ་དགོས་རེད་ཟེར་ན། བཀའ་བཞིན་བསྒྲུབ་རྒྱུ་དེ་གལ་ཆེ་ཤོས་ཡིན་པ་རེད། ངས་ནམ་རྒྱུན་མི་མང་ཚོར་རྟག་པར་ཞུ་གི་ཡོད། ང་རང་ཚོ་ཚང་མས་༧རྒྱལ་བ་རིན་པོ་ཆེ་མཇལ་མྱོང་བ་དང་མ་མྱོང་མཁན་བོད་རིགས་སུ་གཏོགས་པ་ཡིན་ཡང་ཁོང་ལ་དགའ་བ་དང་དད་པ། མོས་གུས་ཚད་མེད་པ་ཞིག་ཡོད་པ་རེད། ཚང་མས་༧རྒྱལ་བ་རིན་པོ་ཆེ་ག་པར་ཕེབས་པ་ཡིན་ཡང་མཇལ་ཁ་ཞུ་རྒྱུ་དང་དེ་བཞིན་སྐྱབས་སུ་མཆི་ཟེར་ནས་ཐལ་མོ་སྦྱར་གྱི་ཡོད་ཀྱང་། གལ་ཆེ་ཤོས་དེ་དུས་དང་རྣམ་པ་ཀུན་ཏུ་བཀའ་གང་གནང་བ་དེར་ངེས་པར་དུ་ལག་ལེན་བསྟར་དགོས་ཀྱི་རེད། དེར་བརྟེན། དེ་རིང་མཛད་སྟོན་འདིའི་ཐོག་ལ་ཡིན་ཡང་ཚང་མས་མ་གཞི་ལག་ལེན་བསྟར་དང་བསྟར་མུས་ཡིན་ཡང་། གལ་པོ་ཆེ་ལ་ནན་ཏན་ཟེར་བ་ལྟར་མཛད་སྟོན་འདིའི་ཐོག་ལ་ཚང་མས་དམ་བཅའ་བསྐྱར་དུ་བཞེས་ཏེ། ད་ནས་བཟུང་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་ཚུལ་བཞིན་དུ་བསྒྲུབ་ཀྱི་ཡིན་བསམ་པའི་དམ་བཅའ་བཞག་པ་ཡིན་ན། འདི་མཛད་སྟོན་གྱི་འབུལ་བ་དང་མཆོད་པ་ཡག་ཤོས་དེ་ཆགས་ཀྱི་ཡོད་པ་རེད་བསམ་གྱི་འདུག ང་རང་ངོས་ནས་ཡིན་ཡང་༧རྒྱལ་བ་རིན་པོ་ཆེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བདག་པོ་ཡིན་པ་ཧ་ཅང་ཅང་། ང་རང་སྒེར་གྱི་ངོས་ནས་ཡིན་ཡང་དངོས་གནས་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཞིག་ཡིན་སྟབས། ཚང་མས་དེ་དེ་བཞིན་དུ་ཐུགས་ལ་བཅངས་པའི་ཐོག་ནས་བཀའ་སློབ་གང་གནང་བ་དག་ཉིན་གཅིག་མིན་གཅིག་ཉིན་ཞག་ཕྲུགས་གཅིག་གི་མི་ཚེའི་ནང་༧རྒྱལ་བ་རིན་པོ་ཆེས་བཀའ་གང་གནང་བ་དག་ལག་ལེན་དུ་བསྟར་ཐུབ་པ་ཞིག་བྱུང་ན། སྤྱན་གཟིགས་ཀྱི་རིགས་འགྲོ་ཟེར་ནའང་འདྲ་དེ་ལ་ལྷག་པ་ཞིག་ཡོད་པ་མ་རེད། དེ་བཞིན་ཕྱི་མའི་ལམ་རྒྱགས་ཟེར་ནའང་འདྲ་དེ་ལས་ལྷག་པ་ཞིག་མེད་སྟབས། གང་ལྟར་༧རྒྱལ་བ་རིན་པོ་ཆེས་བཀའ་གང་གནང་བ་དག་ང་ཚོས་གང་ཐུབ་ཅི་ཐུབ་ཀྱི་ལག་ལེན་ཐོག་འཁེལ་ཐུབ་པ་ཞིག་བྱུང་ན། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཚུགས་ཀྱི་ཡོད་པ་ཚང་མས་ཐུགས་ལ་འཇགས་པ་གནང་རོགས་གནང་། ཞེས་གསུངས་སོང་།
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས། ང་ཚོས་བྲོ་འཁྲབ་པ་དང་བསྟོད་པ་ཕུལ་བ་དེ་ཡག་པོ་ཞེ་དྲགས་རེད། ཡིན་ཡང་གཙོ་བོ་དེ་༧རྒྱལ་བ་ཐམས་ཅད་མཁྱེན་པའི་བཀའ་གང་གནང་བཞག་པ་དེ་སྙིང་ལ་བཅངས་ནས་དེ་ལག་ལེན་བསྟར་བ་ཡིན་ན་མཆོད་པའི་ནང་གི་མཆོག་ཏུ་འགྱུར་བ་ཞིག་ཡིན་སྟབས། ང་ཚོས་༧རྒྱལ་བ་ཐམས་ཅད་མཁྱེན་པའི་ཐུགས་དགོངས་བསྒྲུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། དེ་ཡང་ལས་བྱེད་རྣམ་པ་ཡིན་ནའང་རེད། སྲིད་སྟེགས་ལ་ཞུགས་མཁན་རྣམ་པ་ཚོ་ཡིན་ནའང་རེད། དགེ་འདུན་པ་རྣམ་པ་ཚོ་ཡིན་ནའང་རེད་ཚང་མས་བཀའ་གང་གནང་བ་དག་བསྒྲུབ་ཐུབ་པ་བྱ་རྒྱུ་གལ་ཆེན་ཆགས་བསྡད་ཡོད་པ་རེད། སངས་རྒྱས་སྐུ་འཚོ་བཞུགས་གནང་མིན་ནི་གདུལ་བྱའི་བསོད་ནམས་ལ་རག་ལུས་ཡོད་སྟབས། ཚང་མས་བཀའ་གསུངས་ཅི་གྲུབ་ཞུ་རྒྱུ་དང་སྦྲགས། ༧རྒྱལ་བ་ཐམས་ཅད་མཁྱེན་པའི་མཛད་པ་རྒྱས་པ་དང་། ད་ལྟ་འཛམ་གླིང་འདིའི་ཐོག་ཡོང་བཞིན་པའི་ཆུ་ལོག་དང་ས་ཡོམ་གྱི་གོད་ཆག་སོགས་མི་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཅེས་སོགས་གསུངས་སོང་།
གཡུང་དྲུང་བོན་གྱི་བསྟན་བདག་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་ནས། དུས་དེ་རིང་ནས་བཟུང་སྟེ་ངེད་ཅག་རྣམས་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ལེགས་ཉེས་བླང་དོར་གྱི་བཀའ་སློབ་ལམ་སྟོན་གནང་བ་རྣམས་ཉམས་སུ་ལེན་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་རེད་བསམ་གྱི་ཡོད། ལྷག་པར་དུ་༧གོང་ས་མཆོག་གི་དགོངས་བཞེད་བླ་ན་མེད་པ་བྱམས་པ་དང་སྙིང་རྗེའི་སྒོ་ནས་འཛམ་གླིང་ཞི་བདེ་ཡོང་རྒྱུར་སྦྱོང་བརྡར་བྱས་ཏེ། སྤྱིར་འཛམ་བུ་གླིང་དང་བྱེ་བྲག་ཏུ་ཁ་བ་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་རྣམས་ལ་ཞི་བདེའི་འོད་སྣང་ཤར་བ་ཞིག་ཡོང་ཐུབ་པ་ཡིན་ན། ཁོང་གི་བཀའ་དྲིན་གསོ་བ་དང་སྐུ་ཚེ་ཁྲི་ལོར་བརྟན་པའི་ཞབས་བརྟན་ཡང་དེ་ལས་ལྷག་པ་ཞིག་ཡོད་པ་མ་རེད། མཐའ་དོན་དུ་ལྷ་བཅས་སྲིད་བཞིའི་གཙུག་རྒྱན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསང་གསུམ་ཡིད་བཞིན་ནོར་བུར་མི་འདོད་པའི་ཚད་མ་མཐའ་དག་ཞི་སྟེ། སྤྱིར་མཁའ་ཁྱབ་ཀྱི་འགྲོ་བ་ཡོངས་དང་བྱེ་བྲག་བོད་ཁ་བ་རི་བའི་བསོད་ནམས་ཀྱི་སླད་དུ་སྐུ་ཚེ་མི་བཤིག་གཡུང་དྲུང་གི་ཁམས་སུ་ནམ་ཡང་ནུབ་པ་མེད་པར་སྐུ་ཚེ་ཁྲི་ལོ་ནས་ལོར་བརྟན་ཞིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་སྨོན་ལམ་ཞུས་བ་དང་། དེ་ནས་བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་ཞིང་མཛད་འཕྲིན་གོང་ནས་གོང་དུ་འཕེལ་ཏེ། མཁའ་ཁྱབ་ཀྱི་སྐྱེས་འགྲོ་རྣམས་ཀྱིས་ཞི་བདེའི་དཔལ་ལ་ལོངས་སུ་སྤྱོད་པའི་སྨོན་ལམ་ཞུ་བ་དང་། དེ་རིང་གི་གྱ་སྟོན་མཛད་སྒོ་གོ་སྒྲིག་ཞུ་བ་པོ་ཚོགས་པ་དང་ལྷན་རྒྱས་ཡོངས་ལ་ངས་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་ཡི་ཡོད། ཅེས་གསུངས་སོང་།
འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག་གིས། ད་རེབ་གཞིས་ལུས་ཡོད་པའི་བོད་མི་མང་དང་དེ་རིང་འདིར་དངོས་སུ་ཚོགས་འཆར་མ་བྱུང་བའི་མི་ཁྲི་འབུམ་མང་པོས་གྱ་སྟོན་གྱི་དགའ་སྟོན་ལ་མཉམ་ཞུགས་བྱས་ནས་བསྡད་ཡོད་པ་རེད། དེ་རིང་འདིར་དེ་ཚོ་ཚང་མའི་ཚབ་ཞུས་ནས་ངས་གསོལ་འདེབས་ཚིག་གསུམ་ཞུ་ཆོག་པའི་གནང་བ་ཞིག་གནང་རོགས་གནང་ཞུ་རྒྱུ་ཡིན། སྤྱིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་བརྒྱད་བཅུ་ལ་ཕེབས་ནས། ཁོང་གི་མཛད་འཕྲིན་འཛམ་གླིང་གི་ས་ཕྱོགས་གང་སར་མ་ཁྱབ་པ་མེད་པ་རེད། དཔེར་ན་ནམ་མཁའི་རྟ་བདུན་དབང་པོ་ལྟ་བུ་གཟི་འོད་འདི་གང་སར་རིས་སུ་མ་ཆད་པར་ཁྱབ་བསྡད་པ་ཞིག་རེད། ཡིན་ཡང་ད་ལྟ་དགུང་ལོ་བརྒྱད་བཅུར་ཕེབས་ཡོད་སྟབས་ང་ཚོས་གསོལ་བ་གདབ་རྒྱུ་དང་པོ་དེ་ལ། མྱ་ངན་ལས་མི་འདའ་བ་གསོལ་བ་འདེབས་ནས་སྐུ་ཚེ་བསྐལ་བརྒྱར་ནས་བསྐལ་བརྒྱར་བར་ཞབས་པད་བརྟན་པ་གནང་རོགས་གནང་གསོལ་བ་གདབ་རྒྱུ་གཅིག་དེ་ཡིན། གཉིས་པ། དེང་ད་ལྟ་འགྲོ་བ་སེམས་ཅན་ཐམས་ཅད་ལ་མ་འདྲིས་པའི་མཛའ་བཤེས་ཆེན་མོས་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཉོན་མོངས་པའི་ཚ་དྲོད་ཐམས་ཅད་ཅི་ནས་ཞུམ་པ་འཛད་པ་རེད་དེ། ཡིན་ཡང་ད་དུང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་ཡང་ནས་ཡང་དུ་བསྐོར་རོགས་གནང་ཞེས་གསོལ་བ་འདེབས་རྒྱུ་ཡིན། གསུམ་པ། ཁྱེད་དགུང་ལོ་བཅུ་དྲུག་ནས་ད་ལོ་བརྒྱད་བཅུ་ཕེབས་ཐོག་བོད་མི་མང་སྤྱི་དང་འཛམ་གླིང་མི་མང་དོན་དུ་སྐུ་ངལ་མང་པོ་བསྐྱོན་སོང་བས། ད་ལྟ་ཁྱེད་དགུང་ལོ་བརྒྱད་བཅུར་ཕེབས་པར་བརྟེན་ཏོག་ཙམ་སྐུ་ངལ་གསོ་རོགས་གནང་། ཐུགས་ལྷོད་ལྷོད་བྱས་ནས་བཞུགས་རོགས་གནང་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
སྔ་འགྱུར་བསྟན་པའི་མངའ་བདག་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་གི་སྐུ་ཚབ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་གིས། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་བ་མཆོག་གིས་ཆོས་ལུགས་ཡོངས་ཀྱི་བསྟན་པའི་བདག་པོ་བརྒྱབ་ཡོད་པ་དང་། དེ་བཞིན་དུ་ལྷོ་གྲུབ་ཆེན་དང་བཀའ་ཐག་རིག་འཛིན་ཆེན་པོ་སོགས་མི་ལོ་གསུམ་བརྒྱ་ཡར་སྔོན་གྱི་བླ་མ་འདི་དག་གིས་ལུང་བསྟན་གནང་ནས་ད་ལྟའི་ཡིད་བཞིན་ནོར་བུའི་མཚན་དང་དགོངས་སྙིང་དང་། མཛད་པ་འཕྲིན་ལས། མ་འོངས་པའི་འགྲོ་དོན། མ་འོངས་པར་རྡོ་གྲུབ་རིན་པོ་ཆེ་དང་ཡིད་བཞིན་ནོར་བུ་གཉིས་ལ་འབྲེལ་བ་ཡོད་ཚད་སོགས་གསུངས་ཡོད་པ་དག་ནི་མི་ཞིག་ལ་ཐད་ཀར་ངོ་བསྟོད་ཙམ་མ་ཡིན་པར་ལོ་གཉིས་བརྒྱ་གསུམ་བརྒྱ་སྔོན་ནས་གསུངས་ཡོད་པ་ཞིག་ཡིན་པ་དང་། འབྲི་གུང་སྐྱབས་མགོན་རིན་པོ་ཆེས་གསུངས་པ་ལྟར། ང་ཚོ་སྐྱིད་པ་དང་དགའ་བའི་བསྐལ་བ་ལྡན་ཡོད་པ་དངོས་གནས་རེད། བློ་སྦྱོང་མཐའ་དག་གི་སྔོན་འགྲོ་དང་ལམ་རིམ་སོགས་སྦྱོང་མི་ཐུབ་ཀྱང་ཡིད་བཞིན་ནོར་བུ་ཁོང་གིས་མཛད་པ་འཕྲིན་ལས་སློབ་སྦྱོང་བྱས་པ་ཡིན་ན་དེ་ལས་གང་ཡང་ཡོད་མ་རེད། ཅེས་སོགས་གསུངས་སོང་།
སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲུག་ཆེན་རིན་པོ་ཆེའི་སྐུ་ཚབ་མཁན་པོ་ངེས་དོན་བསྟན་འཛིན་ལགས་ཀྱིས། སྐྱབས་མགོན་རིན་པོ་ཆེའི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་ཆེད་དུ་སེམས་ཅན་ཚེ་ཐར་དང་ཤིང་སྡོང་འཛུགས་རྒྱུ་སོགས་ཀྱི་དགེ་བ་བསྒྲུབས་ཡོད་ཀྱང་། ཁ་སང་རྒྱལ་བ་རིན་པོ་ཆེ་སྐུ་དངོས་ཀྱིས་གསུང་དྲོན་མོ་གསུངས་བ་དེ་རྒྱལ་བ་རིན་པོ་ཆེའི་དགོངས་པ་དང་མཐུན་པ་ཆོས་འཇིག་རྟེན་ག་རེ་བྱས་ཀྱང་བླ་མའི་ཞབས་བརྟན་ལ་ཕན་ཐོགས་ཡོད་པ་བཀའ་གནང་དུས། དེ་རིང་འདིར་ཕེབས་པའི་སྐྱ་སེར་ཕོ་མོ་ཚང་མས་དེ་ཐུགས་ལ་འཆང་ནས་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་དེ་ལྟར་ཕྱག་ལས་གནང་གི་ཡིན་ཞེས་དམ་བཅའ་ཞུ་ཐུབ་པ་ཡིན་ན་ཡག་པོ་འདུག་དྲན་གྱི་འདུག དེ་རིང་ང་སྐྱབས་མགོན་འབྲུག་པའི་སྐུའི་ཚབ་བྱས་ཏེ་བཅར་བ་ཡིན་དུས་འབྲུག་པའི་ཆོས་བརྒྱུད་རྗེས་འབྲང་བ་ཚང་མའི་ཚབ་ཞུས་ཏེ། དུས་དང་རྣམ་པ་ཀུན་ཏུ་མགོན་པོ་གང་གི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་མགོན་པོ་གང་ཉིད་ཀྱི་དགོངས་གཞི་དང་མཐུན་པར་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཡང་རུང་བ་རྩེ་གཅིག་ཏུ་བྱེད་དང་བྱེད་མུས་ལྟར། འབྱུང་གྱུར་གྱི་དུས་སུའང་མགོན་མཆོག་གང་ཉིད་ཀྱི་དགོངས་གཞི་དང་མཐུན་པའི་བྱམས་དང་སྙིང་རྗེའི་ཉམས་ལེན་གཙོ་བོར་བཟུང་ནས་སྤྱི་ཚོགས་ནང་ལ་བདེ་སྐྱིད་བསྐྲུན་ཐུབ་རྒྱུ་དང་། རྩི་ཤིང་འདེབས་འཛུགས་སོགས་མཚོན་པའི་དགོན་པ་སྤྱི་དང་ཧི་ལ་ཡའི་རི་བརྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུའི་འབད་བརྩོན་བྱ་རྒྱུ། ལྷག་པར་ཏུ་རང་ཅག་ཁ་བ་རི་བོའི་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་མགོན་པོ་གང་ཉིད་ཀྱི་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་གང་ཐུབ་ཀྱི་ཞབས་ཏོག་ཞུ་རྒྱུའི་དམ་བཅའ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
ཇོ་ནང་སྐྱབས་མགོན་གྱི་སྐུ་ཚབ་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན། དེ་བཞིན་ཇོ་ནང་བཅས་གྲུབ་མཐའི་ཆོས་བརྒྱུད་དེ་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་བྱེད་ཆེད་མགོན་པོ་ཁོང་གིས་ཐུགས་བརྩེ་བ་ཆེན་པོས་གཟིགས་པ་དང་། ལྷག་པར་ཏུ་ཆོས་བརྒྱུད་ཚོའི་ནང་ནས་ཉམ་ཆུང་ཉག་ཕྲ་བ་རྒྱལ་བ་ཇོ་ནང་བ་ཚོར་མཚོན་ན་ངས་འདི་ནས་མི་མང་ཚོར་གསལ་བཤད་མི་དགོས་པ་ཆགས་ཡོད་པ་དེ་ཡིན་ཡང་། བྱམས་དང་སྙིང་རྗེའི་ཐུགས་བརྩེ་བ་ཆེན་པོ་གཟིགས་ནས་ཕ་མས་བུ་ཕྲུག་སྐྱོང་བ་ནང་བ་ལྟར། ང་ཚོ་མར་འགྱུར་བཞིན་པའི་སྐབས་དེར་ཡར་འཐེན་ནས་བོད་ཀྱི་ཆོས་བརྒྱུད་ཚང་མའི་ནང་ཡར་ཚུད་པ་དང་། ང་ལྟ་བུས་ཚིག་ཁ་ཤས་བཤད་ཐུབ་པ་དེ་ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་ཉག་ཅིག་ཡིན་པ་དང་། དེ་བཞིན་དུ་འཛམ་གླིང་ཡུལ་གྲུ་གང་དང་བོད་ཀྱི་ཆོས་བརྒྱུད་གང་ལ་མཛད་པ་བསམ་གྱི་མི་ཁྱབ་པ་སྐྱོང་བཞིན་ཡོད་པ་བཤད་མ་དགོས་སྟབས། དམིགས་བསལ་དཔལ་རྒྱལ་བ་ཇོ་ནང་བའི་ཚབ་བྱས་ནས་བཀའ་དྲིན་ཆེ་ཞུ་གྱིན་ཡོད། དེ་བཞིན་ང་ཚོས་ནམ་རྒྱུན་༧་གོང་ས་མཆོག་ལ་བཀུར་སྲོལ་གྱི་ཚུད་དུ་༧གོང་ས་ལྷ་མིའི་རྣམ་སྤྲུལ་འཛམ་གླིང་ཞི་བདེའི་དེད་དཔོན་ཞེས་འབོད་ཀྱིན་ཡོད་ཀྱང་། ང་རང་གི་སྙིང་ནས་དྲན་ཡག་དེ་གསོལ་ཚིགས་ཙམ་མིན་པར་དངོས་གནས་དོན་ལ་གནས་པའི་བསྟོད་པ་དང་བསྔགས་པ་བྱ་དགོས་པ་ཞིག་ཀྱང་ཡིན། ཞེས་སོགས་གསུངས་སོང་།
ཁེ་ན་ཌའི་གདོད་མའི་མི་རིགས་ཀྱི་རྒྱལ་ཁབ་དང་པོའི་དབུ་འཛིན་ཨེ་ཝར་ཌི་ཇོན་མཆོག་གིས། སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཨོ་སི་ཌོ་ལི་ཡར་ཆིབས་སྒྱུར་བསྐྱངས་ཏེ། ཨོ་སི་ཌོ་ལི་ཡའི་གདོད་མའི་མི་རིགས་ཚོར་བཀའ་སློབ་གནང་ཡོད། ཁྱེད་ཀྱིས་དེ་སྔོན་ད་ལྟ་འཛམ་གླིང་འདིའི་ཐོག་གདོད་མའི་མི་རིགས་ས་ཡ་ ༣༧༠ ཡོད་པ་དག་ལ་གདོད་མའི་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སྐོར་ལ་བཀའ་སློབ་གནང་ཡོད་པ་མ་ཟད། དེང་གི་འཛམ་གླིང་འདིར་འགྲོ་བ་མིའི་རིགས་ཆེད་དེ་ཚོ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་ཇི་ཙམ་ཡིན་མིན་སྐོར་ལ་སྐོར་ལ་ལམ་སྟོན་གནང་བ་དེར། ངས་སྙིང་ཁོངས་རུལ་བའི་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་གནང་བའི་གདམས་ངག་ཟབ་མོ་དེ་ང་དང་ངའི་བུ་ཕྲུག་གཙོས་ཚ་བོ་ཚ་མོ་ཚོ་དང་འཛམ་གླིང་འདིའི་སྟེང་གི་གདོད་མའི་མི་རིགས་ས་ཡ་ ༣༧༠ ལྷག་ལ་གལ་འགངས་ཆེན་པོ་ཆགས་ཡོད་སྟབས་ངས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ལོ་གཅིག་སྔོན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་བདུན་ཕྲག་གཅིག་རེ་ནང་གདོད་མའི་མི་རིགས་ཀྱི་སྐད་ཡིག་རེ་རེ་རྩ་མེད་འགྲོ་བཞིན་ཡོད་པ་གསུངས་ཡོད་པ་ལྟར་རྩ་མེད་འགྱུར་བཞིན་ཡོད་སྟབས། ཁྱེད་ཀྱིས་གསུངས་པའི་གདམས་ངག་དེ་ང་ཚོར་གལ་ཆེན་པོ་ཆགས་ཡོད། ང་ཁེ་ན་ཀྲའི་བྱང་ཁུལ་ནས་ཡོང་བ་ཡིན་པ་མ་ཟད། འདི་ནི་ང་རྒྱ་གར་ལ་ཡོང་བ་ཐོག་མ་དེ་ཡང་ཆགས་ཡོད། འདིར་སླེབ་སྐབས་མི་ཚང་མ་བརྩེ་སེམས་ཟབ་མོ་ཡོད་སྟབས་ང་རང་དགའ་ཚོར་སྐྱེས་བྱུང་། ང་འདིར་ཁྱེད་དགུང་གྲངས་ ༨༠ ལ་ཕེབས་པའི་གྱ་སྟོན་ལ་རོལ་བར་ཡོང་བ་ཡིན། ཁ་སང་ངས་ཁྱེད་ཀྱི་སྐུ་པར་མང་པོ་ཞིག་མཐོང་བྱུང་། ཁྱེད་ནི་ཕྲུག་གུ་སྙིང་རྗེ་བོ་ཞིག་རེད་འདུག ངར་བདག་ཆགས་གཏིང་ཟབ་སྐྱེས་བྱུང་བ་མ་ཟད་སེམས་ནང་བཅོས་མིན་གྱི་དགའ་བདེའི་ཚོར་བ་ཞིག་ཀྱང་སྤྲད་བྱུང་། ཁྱེད་ལ་རྒྱ་ཆེའི་མང་ཚོགས་རྒན་གཞོན་བར་གསུམ་གྱིས་གུས་བརྩི་ཆེན་པོ་གནང་གི་ཡོད་པ་མ་ཟད། ཁྱེད་ཀྱིས་བྱམས་དང་རེ་བ་བཅས་ཀྱི་ལམ་སྟོན་བཟང་པོ་དག་ས་ཕྱོགས་གང་སར་གནས་པའི་འཛམ་གླིང་མི་མང་དང་གདོད་མའི་མི་རིགས་ལ་གལ་ཆེན་པོ་ཆགས་ཡོད་ཞུ་རྒྱུ་དང་སྦྲགས། དེ་རིང་ཕྱག་རྟགས་ཤིག་ཕུལ་ཏེ་གལ་འགངས་ཆེ་བའི་ཁྱེད་ཀྱི་གྱ་སྟོན་ལ་རྟེན་འབྲེལ་ཞུ་རྒྱུ་ཡིན། ཞེས་སོགས་གསུངས་སོང་།
སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་གིས། གོང་དུ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ཚོས་བཀའ་སློབ་རྒྱས་པོ་ཞེ་དྲགས་གནང་སོང་། ད་ད་དུང་ངས་མང་པོ་བཤད་པ་ཡིན་ན་མི་མང་ཚོ་ཐུགས་ཉོབ་རྒྱུ་མ་གཏོགས་ཡོད་ས་མ་རེད།་ཡིན་ནའང་གཙོ་བོ་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགུང་ལོ་ ༡༦ ནས་བཟུང་སྐུ་ངལ་ཞེ་བོ་ཞིག་གི་འོག་ནས་ད་ལྟ་བར་དུ་སྐུ་ངལ་འཛེམས་མེད་ཐོག་ནས་ཕྱག་ལས་གནང་བ་ཡིན་དུས་ཐུགས་རྗེ་ཆེ་ཞེས་ཞུ་བ་ཙམ་གྱི་མཚོན་ཐུབ་རྒྱུ་མེད་པ་ཞིག་ཡིན་ཡང་། གོ་སྐབས་འདི་དང་བསྟུན་ནས་ད་ལྟ་བར་དུ་སྤྱིར་འཛམ་པོ་གླིང་ཡོངས་དང་བོད་གངས་ཅན་གྱི་ལྗོངས་ནས་བསྟན་པ་དང་འགྲོ་བའི་དོན་དུ་སྐུ་གསུང་ཐུགས་ཀྱིས་ངལ་དབང་ཁྱད་བསད་གནང་བ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་དང་ཐུགས་རྗེ་ཆེ་བཅས་ཞུ་རྒྱུ་ཡིན། སྐུ་མདུན་གྱི་མཛད་འཕྲིན་དང་སྐུ་བཞེས་ཀྱི་ཡོན་ཏན་དེ་ཚོ་ནི་བཤད་དགོས་པ་མེད་པར་གསལ་བོ་གསལ་རྐྱང་ཆགས་ཡོད་སྟབས། ངས་མང་པོ་ཞུས་ན་ཆོ་གང་ཡང་མཐོང་གི་མི་འདུག དེ་རིང་ ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༨༠ ཕེབས་ཀྱི་ཡོད་པ་རེད། འདི་འདྲའི་གྱ་སྟོན་བཙུགས་ཐུབ་པ་དེ་ང་རང་ངོས་ནས་དགའ་ཚོར་ཆེན་པོ་ཞེ་དྲགས་བྱུང་སོང་། དེ་འདྲ་ཡིན་དུས་མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། གལ་ཆེ་ཤོས་རྒྱལ་བ་རིན་པོ་ཆེ་ཡིས་ནམ་རྒྱུན་བཀའ་སློབ་ཕེབས་པ་གནང་ལྟར། རྒྱལ་བ་རིན་པོ་ཆེར་མཆོད་པ་བཟང་ཤོས་ཕུལ་རྒྱུ་དེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་རྒྱས་རྒྱུ་དེ་རེད། ཐུགས་རྒྱས་རྒྱུ་དེར་ང་ཚོས་ཁོང་གི་དགོངས་གཞི་ལྟར་གང་ཐུབ་ཅི་ཐུབ་ཀྱིས་དམིགས་འབེན་ག་རེ་ཡིན་པ་འགྲུབ་ཐུབ་པ་བྱས་ན། སྐུ་མདུན་ཐུགས་རྒྱས་རྒྱུ་དང་ཐུགས་མཉེས་པོ་ཡོང་རྒྱུ་གཙོ་བོ་ཆགས་ཀྱི་རེད་དྲན་གྱི་འདུག དེ་འདྲ་ཡིན་དུས་ང་རང་ངོས་ནས་གང་ཐུབ་ཅི་ཐུབ་ཞིག་རྒྱལ་བ་རིན་པོ་ཆེ་ཐུགས་རྒྱས་རྒྱུ་དང་ཐུགས་མཉེས་པོ་མ་གཏོགས། མི་མཉེས་པ་ཏིལ་འབྲུ་ཙམ་ཡང་མི་ཡོང་བའི་སྨོན་འདུན་དང་འབད་བརྩོན་ཞུ་བཞིན་ཡོད། དེ་ང་རང་གཅིག་པུ་མིན་པར་ང་ཚོ་ཚོང་མས་དེ་ལྟར་བྱེད་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།
མཛད་སྒོའི་ཐོག་མདོ་སྨད་གྱ་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་སྤྱི་ འཐུས་སྨན་པ་མཁྱེན་རབ་ལགས་ཀྱིས། གྱ་སྟོན་གོ་སྒྲིག་གནང་ཕྱོགས་སྐོར་ཡིག་ཐོག་སྙན་སྒྲོན་ཞུ་སྐབས། གུས་ཅག་གིས་༧མགོན་པོ་མཆོག་དགུང་ལོ་བརྒྱད་ཅུ་ཧྲིལ་པོར་བཞེས་པའི་༧སྐུའི་གྱ་ སྟོན་ཕྱག་རྟགས་ཀྱི་སླད་དུ་མཛད་ཆེན་ཁག་སྙིང་བསྡུས་བྱས་ཏེ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཛད་ བརྒྱ་མཐོང་བ་དོན་ལྡན་ཞེས་པའི་མཛད་ཐང་བཅོ་ལྔ་གསར་བཞེངས་ཀྱིས། རྒྱ་ཁྱབ་ཏུ་འགྲེམས་སྤེལ་སླད་སྤུས་ལེགས་ཚར་ ༡༠༠༠ རེ་དང་ཤོག་ཐང་ཚར་ ༦༠༠༠ རེ་དཔར་སྐྲུན་ཞུས་ཤིང་། དེའི་འགྲེལ་བཤད་མཛད་ཐང་བརྙན་དེབ་ཅིག་ཚར་ ༡༥༠༠ དང་། ༧རྒྱལ་དབང་སྐུ་ཕྲེང་དང་པོ་ནས་སྐུ་ཕྲེང་བཅུ་གསུམ་བར་གྱི་འཁྲུངས་རབས་དེབ་ཐེར་ ནོར་བུའི་ཕྲེང་བ་སྔར་ཡོད་ལ་དག་བཅོས་དང་དཀར་ཆག་གསར་སྒྲིག་ཞུས་ཏེ་དེབ་ཕྲེང་ བརྒྱད་ཅན་དུ་གྱུར་པ་ཚར་ ༥༠༠ རེ་དང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་དགུང་ལོ་བརྒྱད་ཅུ་བར་གྱི་མཛད་ འཕྲིན་རྣམས་གཙོ་གནད་ལྔ་རུ་བཟུང་སྟེ། མཛད་རྣམ་སྟོད་སྨད་གཉིས་གསར་རྩོམ་ཞུས་པ་ཚར་ ༡༥༠༠ རེ་བཅས་རྩོམ་སྒྲིག་དཔར་སྐྲུན་ཞུས་པ་དང་། དེ་བཞིན་དྲ་ལམ་དུ་འཕྲུལ་དེབ་(E-book)ཞེས་པའི་ནང་ལོ་ཚིགས་མཛད་རྣམ་ཤོག་གྲངས་ བཞི་བརྒྱ་ཅན་གྱི་རྩོམ་སྒྲིག་ལེགས་པར་གྲུབ་པ་མ་ཟད། ངོ་མཚར་རྨད་དུ་བྱུང་བའི་༧གོང་ས་མཆོག་གི་མཛད་འཕྲིན་ལ་ཆེ་བསྟོད་དང་གུས་ཅག་ འབངས་སུ་བསྐྱངས་ཏེ། དགུང་ལོ་བརྒྱད་ཅུར་བཞུགས་པའི་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་༧སྐུའི་གྱ་སྟོན་ གྱི་དྲན་རྟེན་རྟགས་མ་རིན་ཆེན་གསེར་ལས་བཞེངས་པ་གཅིག་དང་། དེའི་འདྲ་བཤུས་གསེར་ཟངས་ལས་བཟོས་པ་ལྔ་བརྒྱ་དང་ཆུང་བ་སྐེ་འདོགས་ཁྲི་གཉིས་ བཅས་ལེགས་གྲུབ་ཞུས་ཡོད་ལ། ༧སྐུའི་གྱ་སྟོན་གྱི་ཉིན་གསུམ་གྱི་ལས་རིམ་གྲུབ་རྗེས་སྒྱུ་རྩལ་གྱི་ལམ་ནས་ ༧རྒྱལ་བའི་བཀའ་དྲིན་རྗེས་དྲན་སླད་གསེར་ནག་གི་བཞུད་ལམ་ཞེས་པའི་༧སྐུའི་གྱ་ སྟོན་དགོང་ཚོགས་བརྙན་འཁོར་གཅིག་དང་། ༧སྐུའི་གྱ་སྟོན་གྱི་བརྟན་བཞུགས་དང་མཛད་སྒོའི་འོད་སྡེར། དེ་བཞིན་༧སྐུའི་གྱ་སྟོན་དྲན་རྟེན་གྱི་བརྙན་དེབ་གཅིག་བཅས་འགྲེམས་སྤེལ་ཞུ་ འཆར་ཡིན། འདི་ལྟར་༧སྐུའི་གྱ་སྟོན་དང་འབྲེལ་ནས་༧མགོན་པོ་གང་གི་མཛད་པའི་སྐོར་ལ་གུས་ཅག་ གིས་འབད་བརྩོན་ཞུ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ༧གོང་ས་མཆོག་གི་བཀའ་དྲིན་གྱི་ཕུང་པོ་ནི་ཕྱི་རབས་པ་རྣམས་ཀྱི་དོན་དུ་ལོ་ རྒྱུས་ཀྱི་ནང་གནས་ཐུབ་པ་དང་། དད་ལྡན་ཡོངས་ཀྱི་བསོད་ནམས་གསོག་པའི་ཆེད་དུ་ཡིན། ཞེས་དང་།
སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཐུབ་མིན་ནི། གུས་འབངས་ཡོངས་ཀྱི་སྤྱི་མཐུན་གྱི་བསོད་ནམས་དང་བླ་སློབ་བར་གྱི་དད་པ་དམ་ཚིག་ལ་དམིགས་བསལ་འབྲེལ་བ་ཡོད་སྟབས། གྱ་སྟོན་གྱི་གོ་སྐབས་དང་བསྟུན་ནས་རང་གཞན་ཀུན་གྱིས་སྡིག་སྤོང་དགེ་སྒྲུབ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡༢ ཉིན་༧སྐུའི་གྱ་སྟོན་བརྟན་བཞུགས་ཀྱི་ཆེད་དུ་གནས་ཆུང་ཆོས་རྒྱལ་ཆེན་པོར་བཀའ་ ལུང་གསོལ་འདེབས་ཞུས་པའི་ཞབས་རིམ་སོགས་འདས་པའི་ལོ་གཉིས་རིང་རྒྱ་ཁྱབ་ཏུ་དགེ་ བསྐུལ་ཞུས་པ་ལྟར། བོད་རིགས་སྤྱི་དང་ལྷག་པར་གཞིས་བཞུགས་མདོ་སྨད་པ་ཚོས་རྒྱ་གཞུང་གི་དམ་དྲག་ཡོད་ མེད་ལ་མ་ལྟོས་པར་འབད་སྒྲུབ་ཞུས་ཏེ། དགེ་སྒྲུབ་ཀྱི་རྣམ་གྲངས་བཞི་བརྒྱ་ལྷག་གི་གྲངས་ཐོ་འབྱོར་བ་དང་། དེ་དག་ལས་གཅིག་གཉིས་ཀྱི་གྲངས་འབོར་དཔེ་མཚོན་ཙམ་ཞུས་ན། མ་ཎི་དུང་ཕྱུར་འབུམ་གཅིག་ལྷག་བྱུང་བ་དང་། ༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་ལྟ་བུ་ཡིན་ཞེས་དང་། ཡང་༧གོང་ས་མཆོག་གི་མཛད་པ་ངོ་སྤྲོད་སླད། ༧མགོན་པོ་གང་གི་ཕྱག་དེབ་བོད་སྐད་ཐོག་ཡོད་པ་གྲངས་ ༡༠༦ དང་། ཧིན་སྐད་ཐོག་དེབ་གྲངས་ ༩། དབྱིན་སྐད་ཐོག་དེབ་གྲངས་ ༡༧༣། རྒྱ་སྐད་ཐོག་དེབ་གྲངས་ ༧༦། འཇར་མན་སྐད་ཐོག་དེབ་གྲངས་ ༦༣། ཧྥ་རན་སིའི་སྐད་ཐོག་དེབ་གྲངས་ ༤༨། སི་པན་སྐད་ཐོག་དེབ་གྲངས་ ༢༢། ཉི་ཧོང་སྐད་ཐོག་དེབ་གྲངས་ ༢༩། ཧོ་ལན་ཌིའི་སྐད་ཐོག་དེབ་གྲངས་ ༣༩། ཝེ་ཊི་ནམ་སྐད་ཐོག་དེབ་གྲངས་ ༢༠། ཀོ་རི་ཡའི་སྐད་ཐོག་དེབ་གྲངས་ ༡༤ བཅས་ཁྱོན་བསྡོམས་དེབ་གྲངས་ ༥༩༩ མཁོ་སྒྲུབ་བྱས་ཡོད་སྐོར་དང་། ཐེངས་འདིའི་གྱ་སྟོན་སྲུང་གཙི་ཞུ་སླད་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བར་རྒྱལ་ཁབ་ཕྱི་ནང་ནས་དང་བླངས་ཞལ་འདེབས་ཁྱོན་བསྡོམས་ཧིན་སྒོར་འབུམ་ ༤༠༠ ལྷག་༼༤༨,༢༥༨,༤༢༧༽བྱུང་བ་དང་། འགྲོ་སོང་ཧིན་སྒོར་འབུམ་ ༢༠༠ ལྷག་༼༢༤,༣༧༢,༥༢༣༽བཏང་རྗེས། ཧིན་སྒོར་འབུམ་ ༢༠༠ ལྷག་༼༢༣,༨༨༥,༩༠༣༽ཤུལ་དུ་ཡོད་པ་དང་། ཉིན་གསུམ་གྱི་འགྲོ་གྲོན་དང་ལས་འཆར་ཁག་གི་འགྲོ་གྲོན་ཕུད་པའི་དངུལ་ལྷག་ཇི་ ཡོད་ཆད་ལྷག་མེད་པར་༧སྐུའི་གྱ་སྟོན་སློབ་སྟོན་རྣམ་པ་དང་ཚོགས་ཆུང་ངོ་བཅར་ གྱིས་༧གོང་ས་མཆོག་ལ་འབུལ་རྒྱུ་ཡིན་སྐོར་བཀོད་འདུག
གསར་འགོད་པ། པདྨ་མཚོ་དང་དོན་གྲུབ། འཇིགས་མེད་རྒྱ་མཚོ།
བོད་ཀྱི་དུས་བབ་ཚང་ལ་ནམ་རྒྱབ་སྐྱོར་ཡོད། བཀྲ་ཤིས་སྨོན།
དེ་ནས་༧རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཚར་ལྟ་བུ་ཡིན་ཞེས་དང་། ཞེས་པ་འདིར་ཅིག་ཆད་ཡོད་པ་འདྲ།