དེ་རིང་བཞུགས་སྒར་དྷ་རམ་ས་ལར་བོད་གཞུང་མང་གཉིས་ནས་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་སྲུང་གཙི་ཞུས་སོང་།
དེ་རིང་༧གོང་ས་མཆོག་ཕྱི་ལུགས་ཀྱི་དགུང་གྲངས་ ༨༠ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་དང་བསྟུན། ཞོགས་པའི་ཆུ་ཚོད་ ༨ པ་ཐོག་བཞུགས་སྒར་དྷ་རམ་ས་ལའི་ལྷ་རྒྱལ་རིར་སེར་སྐྱ་མི་མང་འདུ་འཛོམས་ཀྱིས། སྐུའི་ཁམས་དང་མཐུན་པའི་སྐུ་རླུང་དར་འཛུགས་དང་བསང་མཆོད་རྒྱས་པ་ཞིག་གནང་རྗེས། སྔ་དྲོའི་ཆུ་ཚོད་ ༡༠ པ་ཐོག་ཐེག་ཆེན་གཙུག་ལག་ཁང་དུ་གཞུང་འབྲེལ་གྱི་དངོས་གཞིའི་མཛད་སྒོ་དབུ་འཛུགས་གནང་སོང་བ་དང་། མཛད་སྒོའི་ཐོག་དམིགས་བསལ་སྐུ་མགྲོན་མངའ་ཁུལ་རྫོང་སྤྱི་པུ་ཤ་པིན་ཌར་ར་ཇཱ་པུ་ཊ་(Pushpendra Rajput)མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་ཆེ་བ་མཆོག་དང་ཁྲིམས་ཞིབ་པ་གཞན་གཉིས། དེ་བཞིན་སྲིད་སྐྱོང་མཆོག་དང་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གྱིས་དབུས་སྤྱི་འཐུས་རྣམ་པ་དང་ཡབ་གཞས་སྐུ་འཁོར་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་དྲུང་ཆེ་ཆུང་། སྲི་ཞུ་ལས་བྱེད། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་གི་འགན་འཛིན་རྣམ་པ། གཞན་ཡང་། དྷ་ས་ཁུལ་གྱི་སློབ་གྲྭ་ཁག་གི་དགེ་སློབ་དང་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༤༠༠༠ ཡས་མས་འཛོམས་འདུག
མཛད་སྒོའི་ཐོག་གཞུང་འབྲེལ་མ་ཡིན་པའི་ཚོགས་སྐྱིད་ཁག་ ༡༩ ཡིས་སྐུའི་འཁྲུངས་སྐར་གྱི་མངར་ཟས་(Cake) ཆེན་པོ་ཞིག་བཞུགས་སྒར་ཕོ་བྲང་དུ་འདེགས་འབུལ་ཞུས་པ་དང་བསྟུན། སྐུ་མགྲོན་གྱིས་དབུས་སེར་སྐྱ་མི་མང་ལ་མངར་ཟས་རིགས་ཕུལ་རྗེས། སྐུ་མགྲོན་གཙོ་བོ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཞབས་ལོ་ ༢༥ འཁོར་བའི་ལས་བྱེད་ ༤ ལ་ཕྱག་འཁྱེར་དང་གསོལ་རས་གནང་བ་དང་། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འདོན་སྤེལ་གནང་བའི་༼དོལ་རྒྱལ་དང་འབྲེལ་བའི་བླང་དོར་ཤེས་བྱ་གནད་བསྡུས།༽ ཞེས་པ་དང་། སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་ལགས་ཀྱིས་བོད་བསྒྱུར་དང་ལྡི་ལི་བོད་ཁང་ནས་པར་འགྲེམས་ཞུས་པའི་༼འཛམ་གླིང་ཞི་བདེར་སྨན་པའི་འགྲོ་བ་མི་ཡི་ཐབས་ལམ།༽ཞེས་པ་གཉིས་དབུ་འབྱེད་གནང་བ་དང་བསྟུན། དྷ་ས་ཁུལ་གྱི་བོད་པའི་སློབ་གྲྭ་ཁག་དང་གོར་ཁ་ཚོགས་པ་(Gorkha Community)ནས་གཞས་སྣ་འཁྲབ་སྟོན་བཅས་གནང་སོང་།
མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱངས་གནང་བའི་ནང་། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཐམས་ཅད་མཁྱེན་པ་ྋརྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་དགོས་པ་དང་དོན་གྱི་སླད་དུ་མཚན་ནས་སྨོས་ན་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག ཕྱི་ལུགས་དགུང་གྲངས་བརྒྱད་ཅུར་ཕེབས་པའི་ྋསྐུའི་འཁྲུངས་སྐར་གྱི་དུས་ཆེན་ཁྱད་པར་ཅན་གྱི་སྐབས་འདིར། ངས་བཀའ་ཤག་དང་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྒོ་གསུམ་གུས་པ་ཆེན་པོས་ལྷ་ཕྱག་གྲངས་མེད་དང་བཅས་ཏེ་བཀྲ་ཤིས་པའི་འཚམས་ཞུ་དང༌། གོ་སྐབས་འདི་བཟུང་སྟེ་ྋརྒྱལ་ཡབ་དམ་པ་ཆོས་སྐྱོང་ཚེ་རིང་དང༌། ྋརྒྱལ་ཡུམ་དམ་པ་བདེ་སྐྱིད་ཚེ་རིང་རྣམ་གཉིས་ལའང་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། ཞེས་དང་།
ཡང་གསུང་བཤད་ནང་། དེང་གི་ཆར་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་རྒྱ་ནག་གཞུང་གི་བཙན་དབང་དྲག་གནོན་འོག་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་འཇིགས་སྣང་དང་དངངས་སྐྲག་ངང་གནས་ཐོག་རང་སྲོག་བློས་བཏང་གནང་མཁན་ཀུན་གྱིས་མགྲིན་དབྱངས་གཅིག་གྱུར་ངང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་ལ་གདན་འདྲེན་ཞུ་དགོས་པ་དང༌། བོད་མིའི་རང་དབང་བསྐྱར་གསོ་དགོས་པའི་མངོན་འདོད་གསལ་སྟོན་བྱས་པ་ལྟར་རྒྱ་ནག་གཞུང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་འཕྲལ་མར་གནང་དགོས་པའི་དྲན་བསྐུལ་ཞུ་རྒྱུ་ཡིན། བཀའ་ཤག་སྐབས་བཅུ་བཞི་པས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་འགན་འཁུར་བླངས་པ་ནས་བཟུང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་འཕྲིན་ལས་དང༌། རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པའི་གཞིས་བྱེས་བོད་མི་ཐམས་ཅད་ཀྱིས་གདུང་སེམས་མཉམ་བསྐྱེད་དང་ཕྱར་གྲུ་མཉམ་འདེགས་གནང་བའི་འབྲས་བུ་ལས་འཐུས་ཤོར་མེད་ཙམ་དུ་གནས་བཞིན་པ་ནི་དགའ་སྒོམ་བྱ་འོས་སུ་སྣང༌། སྔ་ལོ་ཨ་རི་དང༌། ཡོ་རོབ། རྒྱ་གར་བཅས་རྒྱལ་ཁབ་སོ་སོའི་ནང་ཡོད་པའི་བོད་མིའི་ཚོགས་པ་སྒྲིག་འཛུགས་ཇི་སྙེད་ནས་མ་སྐུལ་དྭང་བླངས་ཀྱིས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་ལས་རིམ་སྣ་ཚོགས་སྤེལ་གནང་བ་དང༌། ད་ལམ་ྋསྐུའི་གྱ་སྟོན་ཉིན་བོད་མིའི་སྒྲིག་འཛུགས་དང༌། རི་བོ་དགེ་ལུགས་པ། མདོ་སྨད་ཆོལ་ཁ་བཅས་ནས་བརྟན་བཞུགས་བསྟར་འབུལ་གྱིས་གཙོས་མཛད་སྒོ་གྲ་རྒྱས་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་བྱུང་ཡོད། ལྷག་པར་དུ་གཞིས་ལུས་བོད་མི་རྣམས་ཀྱིས་སྐུ་ཚེ་ཚེ་སྒྲུབ་དང༌། སྲོག་བླུ་ཚེ་ཐར། ཞབས་རིམ་གྲངས་གསོག་ཐོག་རང་གི་ལུས་སྲོག་གི་ཉེན་ཁར་མ་འཛེམས་པར་གྱ་སྟོན་ལ་མཉམ་བཞུགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། བཟང་པོའི་བྱ་བ་འདི་དག་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་དཔག་མེད་བསགས་ཡོད་པར་ཐེ་ཚོམ་མེད། དེ་བཞིན་འཛམ་གླིང་གང་སར་མི་སྟོང་ཚོ་མང་པོ་མཉམ་དུ་འདུས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ྋསྐུའི་གྱ་སྟོན་ལ་འཚམས་འདྲི་ཞུ་བཞིན་པ་འདི་དག་ནི་མགོན་པོ་མཆོག་གི་མཛད་འཕྲིན་ཡར་ངོའི་ཟླ་བ་ལྟར་འཕེལ་བཞིན་པའི་མཚོན་རྟགས་འཁྲུལ་མེད་དུ་སྣང༌།
བོད་མིའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་མཐའ་དག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་འཕྲིན་ལས་ཁོ་ན་ལ་རག་ལུས་པས་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་ཡུན་བརྟན་དགོས་པ་ནི་བོད་མིའི་བདེ་སྐྱིད་ཀྱི་སྲོག་རྩ་ཡིན། དེ་ལྟར་ན་མགོན་པོ་མཆོག་གིས་ཇི་ལྟར་མ་ཡིས་བུ་ལ་འདོམས་པ་བཞིན་སྲིད་ན་རིན་བྲལ་བཀའ་སློབ་བསྩལ་བ་རྣམས་དེ་དེ་བཞིན་དུ་འགྲུབ་པའི་ཕྱིར་བོད་མི་མི་རེ་ངོ་རེས་དུས་རྟག་ཏུ་འབད་རྩོལ་གནང་དགོས་པ་ནན་ཏན་ཆེན་པོས་སྐུལ་མ་ཞུ་རྒྱུ་དང༌། མགོན་པོ་གང་ཉིད་མཁའ་ཁྱབ་སྐྱེ་འགྲོ་ཡོངས་དང༌། ཁྱད་པར་གང་གི་གདུལ་ཞིང་དུ་བདག་གིར་བཞེས་པའི་ཁ་བ་རི་པའི་སྐྱེ་འགྲོ་རྣམས་ཀྱི་དོན་དུ་སྐུ་ཚེ་ཞབས་པད་བསྐལ་བརྒྱའི་བར་དུ་འཚོ་ཞིང་གཞེས་པ་དང༌། རླབས་ཆེན་འཕྲིན་ལས་ཀྱི་མཛད་བཟང་སྙིགས་འགྲོའི་གདུང་བ་སེལ་བའི་དཔྱིད་དུ་རྒྱ་ཆེ་རྒྱུན་མི་ཆད་པར་རྟག་སྐྱོང་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། ཞེས་བཀོད་འདུག
དེ་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་སྤྱི་འཐུས་ཀྱི་གསུང་བཤད་ཡིག་ཐོག་ནས་སྒྲོག་སྦྱངས་གནང་བའི་ནང་། དེ་རིང་བོད་རྒྱལ་ལོ་ ༢༡༤༢ རབ་བྱུང་བཅུ་བདུན་པའི་ཤིང་ལུག་ལོའི་ཟླ་ ༥ ཚེས་ ༢༠ དང། ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༦ ཉིན་མོ་འདིར། འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་བླ་ན་མ་མཆིས་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཇིག་རྟེན་ཞི་བདེའི་དེད་དཔོན་ཆེན་པོ། བོད་མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་ ༨༠ ཐམ་པར་ཕེབས་པའི་༸སྐུའི་འཁྲུངས་སྐར་སྲུང་བརྩི་ཟབ་རྒྱས་ངང་ཞུ་བཞིན་པ་ལྟར། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་ཕུལ་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ནས་དགའ་དད་སྤྲོ་གསུམ་གྱི་ངང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཞེས་དང་།
རྒྱ་ནག་གི་འགོ་འཁྲིད་ཚོས་བོད་དང་བོད་མིའི་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་བོད་ནང་གི་དངོས་ཡོད་གནས་སྟངས་དང་། བོད་མིའི་མངོན་འདོད་དང་མཐུན་པའི་ཐོག་བོད་རྒྱ་གཉིས་སྨན་གྱི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རེ་དང་། ༸ཀུན་གཟིགས་པཎ་ཆེན་ཆུང་སྲིད་རིན་པོ་ཆེས་དབུས་བོད་ནང་ཉེས་མེད་འཛིན་བཟུང་བཙོན་འཇུག་སོགས་ཀྱིས་སྡུག་སྦྱོང་མྱོང་བཞིན་པ་རྣམས་འཕྲལ་དུ་གློད་བཀྲོལ་གྱིས་འགྲོ་བ་མིའི་བདེ་སྐྱིད་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བ་དང་། བོད་ཀྱི་གནད་དོན་སྤྱི་ཡོངས་ལ་བསམ་ཞིབ་ནན་ཏན་གྱིས་བོད་རྒྱ་ཁ་བྲལ་མིན་པ་མཉམ་གནས་ཆེད་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་གང་མྱུར་ཡོང་བའི་ནན་བརྗོད་བྱ་རྒྱུ་ཡིན།
རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་སུ་གཏོར་བཤིག་དང་། སྡུག་སྦྱོང་མནར་གཅོད་སྔར་མ་གྲགས་པ་ལུ་གུ་བརྒྱུད་དུ་བཏང་དང་གཏོང་བཞིན་པའི་མཁྲེགས་འཛིན་དང་། གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོས་ལེན་དང་བཟོད་ཐབས་བྲལ་ཏེ་བོད་ནང་གི་གཞིས་ལུས་རྒྱ་ཆེའི་མི་མང་སྤྱི་དང་། ལྷག་པར་ཉེ་བའི་ལོ་ཤས་ནང་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་མི་གྲངས་ ༡༤༠ ཐམ་པ་བྱུང་ཡོད་པ་རྣམས་ཀྱི་རེ་བ་དང་མངོན་འདོད་གལ་ཆེའི་ནང་གི་གལ་ཆེ་གཅིག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་གང་མྱུར་ཕྱིར་༸ཞབས་སོར་འཁོད་ཐུབ་པ་དགོས་རྒྱུ་དེ་ཡིན་པས། རྒྱ་ནག་གི་འགོ་འཁྲིད་ཚོས་ཁ་ནས་ཤོད་པ་ལྟར་དོན་དངོས་ཐོག་བོད་མི་རིགས་ལ་བྱམས་སྐྱོང་གི་ཤ་ཚ་ཡོད་པ་ཡིན་ན་གཞིས་ལུས་བོད་རྒྱ་ཆེའི་མི་མང་གི་སྐོམ་པ་ཆུ་འདོད་ལྟར་གྱི་རེ་འདོད་དང་། གཤིན་པོ་རྣམས་ཀྱི་ཞལ་ཆེམས་ལྟར་རེ་བ་སྐོང་རྒྱུའི་ལས་འགན་ཡོད་པ་ལྟར་བསམ་ཤེས་ངེས་པར་དགོས་རྒྱུ་དང་། རང་ཅག་གངས་ཅན་པ་ཡོངས་ཀྱིས་ཀྱང་དེའི་ཐོག་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པའི་སྒོ་ནས་འགན་འཁུར་སྔར་ལྷག་ཞུ་དགོས་པའི་དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
ཡང་གསུང་བཤད་ནང་། འདི་ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༥ དང་དེའི་རྗེས་བཅས་སུ་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་གྲུ་དང་། དེའི་ཉེ་ཁུལ་ས་ཁུལ་གང་མང་བཅས་སུ་ས་འགུལ་གྱི་འཇིགས་པའི་དབང་གིས་མི་རྒྱུ་གཉིས་ཀར་ཚབས་ཆེའི་གོད་ཆག་བྱུང་ཡོད་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སེམས་འཚབ་དང་། གདུང་སེམས་ཅི་ཆེས་བལ་ཡུལ་གཞུང་མང་གཉིས་ཀར་ཐུགས་གསོ་དང་འབྲེལ་འདི་ལྟ་བུའི་ས་ཡོམ་གྱི་གོད་ཆག་དུས་ནམ་ཡང་མི་འབྱུང་བ། བལ་ཡུལ་གྱི་སྐྱེ་འགྲོ་ཀུན་དུས་རྟག་ཏུ་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་རྒྱུ་ཡོང་བའི་མཆོག་གསུམ་རྒྱལ་བ་རྒྱ་མཚོར་གསོལ་འདེབས་དང། བལ་ཡུལ་རྒྱལ་ཁབ་ནི་བོད་དང་ལོ་རྒྱུས་ཐོག་ནས་འབྲེལ་ལམ་གཏིང་ཟབ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པ་དང་། ལྷག་དོན་ཕྱི་ལོ་ ༡༩༥༩ ལོར་བོད་ས་རྒྱ་ནག་དམར་པོའི་དྲག་པོའི་བཙན་ཤུགས་འོག་ཚུད་པའི་དུས་སྐབས་དེ་ནས་བཟུང་ད་བར་བལ་ཡུལ་གཞུང་མང་གིས་བོད་མི་ཁྲི་ཚོ་གཉིས་བརྒལ་བར་འཚོ་ཐབས་དང་། ཆོས་རིག་གོང་འཕེལ་སོགས་ཀྱི་མཐུན་འགྱུར་དང་། གོ་སྐབས་བསྐྲུན་ཡོད་པས་དེ་རིང་གི་དུས་སྐབས་འདི་བརྒྱུད་བལ་ཡུལ་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།
ཉེ་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱོགས་བསྒྲིགས་པར་བསྐྲུན་ཞུས་པའི་དོལ་རྒྱལ་དང་འབྲེལ་བའི་ཕྱག་དེབ་ “དོལ་རྒྱལ་དང་འབྲེལ་བའི་བླང་དོར་ཤེས་བྱ་གནད་བསྡུས་” ཞེས་པའི་ནང་། དོལ་རྒྱལ་དང་འབྲེལ་བའི་བླང་དོར་བཀའ་སློབ་དང་། ཆོས་ཚོགས་དང་གྲོས་ཚོགས་ཀྱི་གྲོས་ཆོད། བཀའ་ཤག་གི་གསལ་བསྒྲགས། གཞན་ཡང་མཛད་གཙོ་ལས་ཟུར་རྣམ་པ་སོགས་ཀྱི་གསུང་བཤད་བཅས་འཁོད་པ་དེ་རིང་དབུ་འབྱེད་དང་འབྲེལ་འགྲེམས་སྤེལ་ཞུས་པ་བཞིན། གཞིས་བྱེས་བོད་མི་ཡོངས་ཀྱིས་ཕྱག་དེབ་ཀྱི་ནང་དོན་རྣམས་ལ་ཐུགས་སྣང་ཆེན་པོས་སློབ་སྦྱོང་ནན་ཏན་གྱིས་སྤང་བླངས་ཚུལ་བཞིན་གནང་དགོས་པའི་དེ་རིང་དུས་སྐབས་འདི་བརྒྱུད་ནས་འབོད་སྐུལ་ནན་ཏན་ཞུ་རྒྱུ་ཡིན།
བཙན་བྱོལ་བོད་མི་རྣམས་རྒྱ་གར་འཕགས་པའི་ཡུལ་གྱིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སྐྱབས་བཅོལ་ཞུས་ཏེ་མི་ལོ་ ༥༦ འགྲོ་བཞིན་པ་དང་། དམིགས་བསལ་རྒྱ་གར་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་ཆགས་ཏེ་རྒྱ་གར་གཞུང་མང་གཉིས་ཀས་བོད་མིར་རོགས་རམ་དང་། ཕན་གྲོགས་རྒྱ་ཆེ་གནང་བའི་བཀའ་དྲིན་རྣམས་དུས་རྟག་ཏུ་དྲན་ཤེས་ཐུབ་པའི་ངང་རྒྱ་གར་གཞུང་མང་གཉིས་ལ་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། བྱེས་འབྱོར་བོད་མི་ཡོངས་ཀྱིས་རང་རང་གནས་ཡུལ་ས་གནས་སོ་སོའི་ཡུལ་མིར་མཛའ་བརྩེའི་མཐུན་ལམ་དམ་ཟབ་གནང་སྟེ་ཕན་ཚུན་ཞི་བདེ་མཉམ་གནས་ཡོང་ཐུབ་པ་དང་། བོད་མི་སྤྱིའི་མཚན་མཐོང་ལ་སྨན་པ་གནང་དགོས་ཤིན་ཏུ་གལ་ཆེ་ཡིན་པའི་ད་རེས་སླར་ཡང་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་བཀོད་འདུག
གསར་འགོད་པ། པདྨ་མཚོ།