ཐའེ་ལན་ཌི་གཞུང་གིས་རྒྱ་ནག་ནས་ཡོང་བའི་ཡུ་གུར་སྐྱབས་བཅོལ་བ་ ༩༠ ལྷག་ཕྱིར་སློག་བཏང་ཡོད་སྐོར་བརྗོད་འདུག
འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པ་ཏི་ལི་ཞཱ་ཡིས་བྷི་བྷི་སི་གསར་ཁང་ལ་བརྗོད་པ་ལྟར་ན། ཐའེ་ལན་ཌི་གཞུང་གིས་རྒྱ་ནག་ནས་ཡོང་བའི་ཡུ་གུར་སྐྱབས་བཅོལ་བ་ ༩༠ ལྷག་ལོ་གཅིག་ལྷག་རིང་བཀག་ཉར་བྱས་རྗེས། ཁ་སང་ཕྱི་ཚེས་ ༨ ཉིན་བཙན་གྱིས་རྒྱ་ནག་ནང་ཕྱིར་སློག་བཏང་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་སྐྱབས་བཅོལ་བ་དེ་ཚོ་ཐའེ་ལན་ཌིའི་བཀག་སྐྱིལ་ཁང་ ༥ ནས་རྒྱལ་ས་བྷན་ཁོག་གི་ཉེ་འགྲམ་དུ་ཡོད་པའི་དམག་གི་གནམ་གྲུ་ཐང་ཞིག་ཏུ་ཁྲིད་དེ། དྲག་ཆས་སྤྲས་པའི་དམག་མི་མང་པོས་བཙན་གྱིས་གནམ་གྲུ་ཞིག་གི་ནང་བཅུག་ཡོད་པ་དང་། གནམ་གྲུ་དེའི་ཐོག་རྒྱ་ཡིག་བྲིས་ཡོད་པ་མ་ཟད། ནང་དུ་ཡུ་གུར་སྐད་ཀྱི་སྐད་སྒྱུར་བའང་ཡོད་སྐོར་བརྗོད་འདུག
འཛམ་གླིང་ཡུ་གུར་མི་རིགས་མཐུན་ཚོགས་ཀྱི་མགྲིན་ཚབ་པས། རྒྱ་གཞུང་གི་གནོན་ཤུགས་དང་ཐབས་ཇུས་འོག་སྐྱབས་བཅོལ་བ་དེ་ཚོ་ཕྱིར་སློག་བཏང་ཡོད་ལ། མ་འོངས་པར་རྒྱ་ནག་གཞུང་གིས་ཁོང་ཚོར་ཁྲིམས་ཆད་གཅོད་སྲིད་པས། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས། ཁོང་ཚོ་ཕྱིར་སློག་གཏོང་བར་འཕྲལ་དུ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བྱས་འདུག
ཡུ་གུར་སྐྱབས་བཅོལ་བ་དེ་དག་ན་ནིང་ཕྱི་ཟླ་ ༣ ནས་བཟུང་ཐའེ་ལན་ཌི་གཞུང་གིས་བཀག་ཉར་བྱས་ཏེ་རྒྱལ་ཁོངས་རྩད་གཅོད་བྱས་ཡོད་པ་དང་། སྐྱབས་བཅོལ་བ་དེ་ཚོས་ཁོང་ཚོ་ཊོར་ཀི་ནས་ཡིན་ལུགས་བརྗོད་ཡོད་ཀྱང་། ཐའེ་ལན་ཌི་གཞུང་གིས་རྒྱ་ནག་དང་ཊོར་ཀི་གཞུང་ཚབ་བརྒྱུད་དེ་ཐོབ་ཐང་ཞིབ་བཤེར་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་ཕྱོགས་ནས་ཁོང་ཚོ་ཤིན་ཅང་ཡུ་གུར་མི་རིགས་རང་སྐྱོང་ཁུལ་ནས་ཡིན་སྟབས། རྒྱ་ནག་ནང་ཕྱིར་སློག་གཏོང་དགོས་ལུགས་ཀྱི་རེ་སྐུལ་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།