རྒྱ་གཞུང་གིས་བོད་ཁུལ་གྱི་རི་བོ་མང་པོར་ཕུག་ལམ་བཟོ་བཞིན་ཡོད་པ་ལྟར་བཀའ་བཞི་ལའི་ཕུག་ལམ་གཙོ་བོ་བརྟོལ་ཟིན་ཡོད་འདུག
དེ་རིང་མི་མང་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་དུས་ཡུན་ལོ་ ༤ དང་ཟླ་ ༢ རིང་རྒྱ་སྒོར་དུང་ཕྱུར་ ༢ ལྷག་གི་འགྲོ་སོང་བཏང་སྟེ། ལས་བཟོ་བ་བརྒྱ་ཕྲག་མང་པོས་ས་བརྐོས་རྡོ་བསློགས་བྱས་པ་བརྒྱུད། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་བཀའ་བཞི་ལའི་ཕུག་ལམ་གཙོ་བོ་བརྟོལ་ཟིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ལས་གཞི་དེ་ལེགས་འགྲུབ་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག་ལ། དེ་བཞིན་ཉེ་སྔོན་ལི་ཐང་རྫོང་ཁོངས་སུའང་ལི་ཐང་ཕུག་ལམ་ཟེར་བ་ཞིག་གྲུབ་སྟེ་འགྲིམ་འགྲུལ་ཤར་གཏོང་བྱས་ཡོད་འདུག
ཡང་གནས་ཚུལ་ནང་། ཁྲོན་བོད་གཞུང་ལམ་ཟེར་བ་དེ་སི་ཁྲོན་ནས་བོད་རང་སྐྱོང་ལྗོངས་སུ་སྐྱོད་པའི་གཞུང་ལམ་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་པ་མ་ཟད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ས་མཚམས་འགྲིམ་འགྲུལ་འགྲོ་འོང་གི་གཞུང་ལམ་གཙོ་ཆེ་ཤོས་ཤིག་ཏུ་གྱུར་ཡོད་སྟབས། ཕུག་ལམ་གསར་རྒྱག་གིས་སྔོན་ཆད་ཆུ་ཚོད་ ༡༠ རིང་འགྲོ་དགོས་པའི་ར་རྔ་ཁ་ནས་མཚོ་ལ་བར་ཆུ་ཚོད་ ༥ ཡིས་བར་ཐག་ཉེ་རུ་འགྲོ་རྒྱུ་ཡིན་པ་དང་། དེ་བཞིན་དར་མདོ་དང་ཉག་ཆུ་རྫོང་གཉིས་བར་སྤྱི་ལེ་ ༢༡ གིས་ཐག་ཉེ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག
གཞན་ཡང་། རྒྱ་གཞུང་གིས་ཁྱོན་རྒྱ་སྒོར་དུང་ཕྱུར་ ༡༡༥ ཙམ་གྱི་འགྲོ་གྲོན་བཏང་སྟེ། སྡེ་དགེ་རྫོང་ཁོངས་ཀྱི་རི་བོ་མཐོ་ཤོས་དེ་ཁྲོ་ལར་ཕུག་ལམ་བཟོ་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོར་ལས་གཞི་ལེགས་འགྲུབ་ཀྱིས་འགྲིམ་འགྲུལ་ཤར་གཏོང་ཐུབ་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ཁྲོ་ལའི་ཕུག་ལམ་ལ་སྤྱིའི་རིང་ཚད་སྤྱི་ལེ་ ༧ ཙམ་ཡོད་པ་དང་། འཛམ་གླིང་ཐོག་གི་ས་བབ་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་ ༤༣༠༠ ཡན་གྱི་སར་ཡོད་པའི་ཕུག་ལམ་རིང་ཤོས་དེ་ཆགས་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་མཚོ།