སྲིད་འཛིན་ཞི་ཅིན་ཕིན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་མཐོ་རིམ་དཔོན་རིགས་ཚོ་དང་ལྷན་དུ་བོད་ནང་བརྟན་ལྷིང་ཡོང་ཐབས་ལ་གྲོས་བསྡུར་བྱས་ཡོད་འདུག
ཟླ་འདིའི་ཚེས་ ༣༠ ཉིན་རྒྱ་གར་གྱི་ (NDTV) བརྙན་འཕྲིན་ཁང་གིས་གནས་ཚུལ་བསྒྲགས་དོན་ལྟར་ན། རྒྱ་ནག་གཞུང་གིས་ཏཱ་ལའི་བླ་མར་འཛིན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་ཇུས་ཇེ་དམ་དུ་བཏང་ཡོད་པའི་སྐབས་འདིར། སྲིད་འཛིན་ཞི་ཅིན་ཕིན་དང་ཆེས་མཐོའི་དཔོན་རིགས་ཚོས་རྒྱ་ནག་ནང་གི་ཁ་ཁྲལ་རིང་ལུགས་པའི་ཟིང་ཆ་ཞི་འཇགས་སུ་བཏང་སྟེ། བོད་ནང་བརྟན་ལྷིང་ཡོང་ཐབས་སྐོར་ལ་གྲོས་མོལ་ཚོགས་འདུ་ཞིག་བསྡུས་པའི་སྟེང་། ཏཱ་ལའི་བླ་མའི་ཡང་སྲིད་བསྐོ་བཞག་ཐད་རྒྱ་ནག་གཞུང་གི་བཀའ་འཁྲོལ་ངེས་པར་དུ་འཐོབ་དགོས་པའི་སྐོར་ཧ་ཅང་ནན་ཏན་གྱིས་བརྗོད་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྣེ་ཁྲིད་འོག་གི་ཚོགས་འདུ་དེ་གྲོལ་རྗེས། བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཞི་ཅིན་ཕིན་གྱིས་ “རྒྱལ་ཡོངས་གཅིག་གྱུར་འགན་སྲུང་དང་མི་རིགས་མཐུན་སྒྲིལ་སྲ་བརྟན་ཡོང་ཐབས་སུ། བོད་དོན་དང་འབྲེལ་བའི་ལས་དོན་དམིགས་སུ་འཛིན་དགོས།” ཞེས་དང་། “རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་སྐུལ་འདེད་དང་སྤྱི་ཚོགས་འཕེལ་རྒྱས། མི་མང་གི་བདེ་དོན་འགན་སྲུང་དང་ཡར་རྒྱས། དེ་བཞིན་རིགས་སོ་སོའི་གྲངས་ཉུང་མི་རིགས་ཁག་གུང་བུ་གཅིག་གྱུར་དང་བསམ་ཚུལ་བརྗེ་རེས་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་རྒྱུར་འབད་བརྩོན་བྱེད་དགོས” ཞེས་བརྗོད་འདུག
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ད་རེབ་ཀྱི་ཚོགས་འདུ་དེའི་སྟེང་། རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་འཛུགས་སྐྲུན་སྲ་བརྟན་གཏོང་བ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་བཞིན་པའི་སྐབས་འདིར། འགྲན་རྩོད་རང་བཞིན་ལྡན་པའི་བཟོ་ལས་ཐོན་སྐྱེད་ལ་གཟིགས་སྐྱོང་བྱེད་རྒྱུ་བཅས་ནི། སྔར་ལས་ཀྱང་སྤྱི་ཚོགས་མཐུན་འབྲེལ་དང་འཚོ་གནས་ཡར་རྒྱས་ཡོང་བའི་དམིགས་འབེན་ཡིན་པར་མོས་མཐུན་བྱུང་ཡོད་སྐོར་བཀོད་འདུག
གནས་ཚུལ་བསྒྲགས་པ་ལྟར་ན། ད་རེབ་ཀྱི་གྲོས་མོལ་ཚོགས་ཆེན་སྟེང་། རྒྱ་ནག་གི་དཔོན་རིགས་ཚོས་བོད་ནང་གི་རྒྱལ་ཞེན་རིང་ལུགས་དང་མི་རིགས་ཀྱི་ཆོས་ལུགས་སྲིད་ཇུས་མུ་མཐུད་རྒྱུན་སྐྱོང་བྱེད་རྩིས་ཡོད་འདུག