དེ་རིང་མངའ་རིས་སྤྱི་མཐུན་ཚོགས་པ་བཙུགས་པའི་དུས་སྟོན་དང་བསྟུན་ཏེ། ཕྱི་ལོའི་༢༠༡༦ ལོའི་སྲིད་སྐྱོང་འོས་མི་བཀྲ་ཤིས་དབང་འདུས་ལཊ་དང་དབུས་གཙང་སྤྱི་འཐུས་འོས་མི་ ༢༢ ཀྱི་མཚན་གཞུང་གསལ་བསྒྲགས་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་མེག་གྷན་མངའ་རིས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ། མངའ་རིས་སྤྱི་མཐུན་ཚོགས་པའི་མགོ་ཁྲིད་འོག མངའ་རིས་སྤྱི་མཐུན་ཚོགས་པ་དབུ་བརྙེས་ནས་ལོ་ངོ་ ༢༣ འཁོར་བའི་དུས་དྲན་སྲུང་གཙི་དང་བསྟུན། ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་གི་འོས་མི་དང་དབུས་གཙང་སྤྱི་འཐུས་ཀྱི་འོས་མི་གསལ་བསྒྲགས་དང་། མངའ་རིས་སྤྱི་མཐུན་ཚོགས་པ་ཐོག་མར་འཛུགས་མཁན་ཨ་ཞང་ཚེ་རིང་ཆོས་འཕེལ་ལགས་སུ་ཆེ་བསྟོད་གཟེངས་རྟགས་དང་། ཧིན་སྒོར་འབུམ་གཅིག་དང་ཁྲི་གཅིག བཞི་སྟོང་བརྒྱ་དང་སུམ་ཅུ་སོ་ལྔ་( ༡.༡༤.༡༣༥ )ཡི་བྱ་དགའ་གནང་སོང་ལ། དུས་དྲན་གྱི་སྐུ་མགྲོན་གཙོ་བོར་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱི་གཙོས་དྷ་ས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་རྒྱུན་ལས་སྐུ་ཚབ། དེ་བཞིན་དྷ་ས་ཁུལ་གྱི་མངའ་རིས་མི་མང་བཅས་ཁྱོན་མི་གྲངས་ ༥༠ ཡས་མས་ཞིག་འཛོམས་སོང་།
ཐོག་མར་དྷ་ས་ས་གནས་མངའ་རིས་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས། དུས་སྟོན་གྱི་གཏམ་བཤད་ཡིག་ཐོག་ནས་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན། མངའ་རིས་སྤྱི་མཐུན་ཚོགས་པ་དེ་ཉིད་གསར་འཛུགས་གནང་དགོས་དོན་གཙོ་བོ་ནི། ཕྱི་ལོ་༡༩༥༩ ལོར་རྒྱ་དམར་ནས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་བོད་མི་རིགས་བཅས་རྩ་མེད་བཟོས་ཡོད་ན། དེ་དག་མི་ཉམས་རྒྱུན་འཛིན་དང་མི་རིགས་རྒྱུན་གནས་ཐུབ་པའི་སླད་གཞིས་བྱེས་གཉིས་ཀྱི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་༧གོང་ས་མཆོག་གི་དབུ་ཁྲིད་བཟང་པོའི་འོག རང་གཞུང་གི་མཛད་བྱུས་དང་མཐུན་པའི་བོད་དོན་བདེན་མཐའ་མྱུར་དུ་བསལ་ཐབས་ཀྱིས་ཡང་དག་པའི་འཚེ་མེད་ཞི་བའི་ལྟ་བ་དང་། དྲང་བདེན་གྱི་ལངས་ཕྱོགས་སྒོ་ནས་བོད་ཀྱི་འཐབ་རྩོད་ཐོག་རང་གཞུང་ལ་དབུ་འོག་དཔུང་འདེགས་ཞུ་རྒྱུ་དང་། ལྷག་པར་དུ་དུས་ནས་དུས་སུ་རྒྱ་དམར་སྲིད་གཞུང་དང་དེའི་རྒྱབ་སྐྱོར་བ་ཚོས་༧གོང་ས་མཆོག་ལ་སྒྲོ་སྐུར་གྱི་མཚན་སྨད་བཀུར་འདེབས་ཞུས་པ་དང་། བོད་ཀྱི་དངོས་ཡོད་གནད་དོན་ལས་བྲལ་བའི་རྒྱལ་སྤྱིའི་ནང་འགྲེལ་བརྗོད་བྱེད་མུས་རྣམས་ལ། མངའ་རིས་སྤྱི་མཐུན་ཚོགས་པ་ནས་སྐབས་འབྲེལ་བདེན་མིན་གྱིས་གནད་དོན་ཐོག་གསལ་འདེབས་ཞུ་རྒྱུ་དང་། དེ་བཞིན། ཕྱི་ལོ་ ༡༩༨༦ ནས་བོད་ཀྱི་ས་ཁུལ་སྟོད་མངའ་རིས་ནས་སྐྱབས་འབྱོལ་དུ་ཡོང་མཁན་ཡང་ཤིན་ཏུ་ནས་ཉུང་བ་དང་། ཐ་ན་གཉེན་འཕྲད་དང་གནས་སྐོར་དུ་ཕེབས་མཁན་ཀྱང་དཀོན་པས་གནས་སུ་འགྱུར་ཏེ། དེའི་ཁུལ་ནས་བྱིས་པ་ན་གཞོན་རྒྱ་གར་ལ་སློབ་སྦྱོང་དུའང་ཡོང་མཁན་དཀོན་པོ་ཆགས་ཡོད་པ་མ་ཟད། རྒྱ་གཞུང་གི་སྲིད་བྱུས་དང་སློབ་གསོའི་ལས་དོན་ཤུགས་ཆེ་སྤེལ་ཏེ། ཆབ་སྲིད་དང་དྲག་དམག་གི་དམ་དྲག་འོག་དེ་ཁུལ་རང་རིགས་རྣམས་ཀྱི་གནས་སྟངས་ཤིན་ཏུ་ཡ་ང་བའི་གནས་སུ་གྱར་ཡོད། ཅེས་སོགས་བཀོད་འདུག
དེའི་རྗེས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་པདྨ་འབྱུང་གནས་ལགས་ཀྱིས། མངའ་རིས་སྤྱི་མཐུན་ཚོགས་པ་བྱུང་སྟངས་སྐོར་གཏམ་བཤད་གནང་དོན། སྟོད་མངའ་རིས་སྐོར་གསུམ་ཞེས་པ་འདི་བོད་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ནས་ཞུས་པ་ཡིན་ན། བོད་ལ་ནང་པ་སངས་རྒྱས་པའི་བསྟན་པ་མ་དར་གོང་ནས་མངའ་རིས་སྐོར་གསུམ་དེ་རིག་གཞུང་དང་གང་གི་ཆ་ནས་བཀའ་དྲིན་ཆེན་པོ་ཞེ་པོ་ཆགས་ཡོད་པ་མ་ཟད། བསྟན་པ་སྔ་དར་དང་ཕྱི་དར་གཉིས་ཀྱི་སྐབས་སུའང་བཀའ་དྲིན་ཆེན་པོ་ཞེ་དྲགས་ཆགས་ཡོད་པ་རེད། བོད་ལ་ཆག་འཇིག་གི་གནས་ཚུལ་དེ་བྱུང་ཚར་པའི་རྗེས་ལ། ང་ཚོ་མངའ་རིས་ཀྱི་གནས་སྟངས་གང་འདྲ་ཆགས་བསྡད་ཡོད་པ་རེད། དཔེར་ན། ང་ཚོའི་གྲས་སློབ་གྲྭར་ཡོད་སྐབས་མངའ་རིས་པ་གཅིག་གིས་ང་མངའ་རིས་ཡིན་ལབ་རྒྱུ་ངོ་ཚ་བ་དང་སྤོབས་པ་མེད་པའི་གནས་ཚུལ་དེ་འདྲ་ཡོད་པ་རེད། མངའ་རིས་ཡིན་མཁན་ཁག་ཅིག་གིས་ང་ཁམས་པ་ཡིན། ང་ཕ་གི་ཡིན་དང་ང་མ་གི་ཡིན་ཟེར་བའི་དུས་ཚོད་ཅིག་བྱུང་ཡོད་པ་རེད། དེ་ནས་ཨ་ཞང་ཚེ་རིང་ཆོས་འཕེལ་ལགས་ཀྱི་གཙོས་མི་ཐོག་རྒན་པ་ཚོས་འགན་ཁུར་བླངས་ཏེ། ང་ཚོ་མངའ་རིས་ཀྱི་རིག་གཞུང་འདི་བོད་མི་རིགས་ཀྱི་རིག་གཞུང་ཐོག་ལ་ཧ་ཅང་གིས་བྱས་རྗེས་ཆེན་པོ་བཞག་ཡོད་སྟབས། མངའ་རིས་རིག་གཞུང་གཅེས་སྐྱོང་ཚོགས་པ་བཙུགས་གནང་ཡོད། འདི་བཙུགས་པའི་སྐབས་ལ་ང་རང་གིས་ཤེས་ཚོར་ཡོད་བསྡད་པ་བྱས་ན། དེའི་སྐབས་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་དང་ད་ལྟ་གཉིས་བསྡུར་བ་ཡིན་ན་ཞེ་དྲགས་འགྱུར་བ་ཐེབས་ཡོད་པ་རེད། དེང་སང་གི་ང་ཚོའི་སྤྱི་ཚོགས་འདི་ཞེ་དྲགས་ཀྱིས་གུ་ཡངས་པོ་ཞེ་པོ་ཞིག་རེད། དེའི་སྐབས་ལ་ད་ལྟ་བཞུཊ་ཡོད་པའི་ཨ་ཞང་ཚེ་རིང་ཆོས་འཕེལ་ལགས་དང་ཨེམ་ཆི་ཐོཊ་མེད་ལགས་གཉིས་ཀྱི་གཙོས་མི་རབས་རྒན་པ་ཚོས་ཚོགས་འདུ་ག་པར་ཚོགས་ཀྱི་ཡོད་པ་རེད། གང་འདྲ་བྱས་ནས་ཚོགས་ཀྱི་ཡོད་པ་རེད་ཟེར་ན། སྐབས་དེར་སོ་སོས་ཞེད་སྣང་འདྲ་པོ་བྱས་ནས་རྡ་སྟེང་བོད་ཁྱིམ་ཉེ་འཁྲིས་ཀྱི་ཌལ་ལེག་ (Dal Lake) གི་རི་ངོས་སུ་ཕྱིན་ཏེ་ཚོགས་འདུ་ཚོགས་ཀྱི་ཡོད་པ་མ་ཟད། མར་ལོག་ཡོང་དུས་ཁ་ཤས་ཕར་ཕྱོཊ་དང་ཡང་ཁ་ཤས་ཚུར་ཕྱོགས་ནས་ཕེབས་དགོས་པ་སོཊ་ཀྱི་གནས་ཚུལ་དེ་འདྲ་མང་པོ་བྱུང་ཡོད་པ་རེད། དེ་ཆབ་སྲིད་ཚོཊ་པ་འཛུགས་ཆེད་བྱེད་ཀྱི་ཡོད་པ་མ་རེད། རིག་གཞུང་གཅེས་སྐྱོང་ཚོཊ་པ་འཛུཊ་ཆེད་གནང་ཡོད་པ་རེད། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་ཡོད་སྟབས། སྐབས་དེར་རིག་གཞུང་གཅེས་སྐྱོང་ཚོགས་པ་འདི་སྤྱི་མཐུན་ཚོགས་པར་འགྱུར་གྱི་ཡིན་མིན་ཚོགས་ཆེན་ཚོགས་པ་ལྟར། འགྱུར་གྱི་ཡིན་གསུང་མཁན་དང་འགྱུར་གྱི་མིན་གསུང་མཁན་བྱུང་ཡོད་སྟབས། མཐའ་མ་བཅའ་ཁྲིམས་ནང་ཆ་རྐྱེན་ཞིག་བསྐྲུན་ཡོད་སྟབས། མང་ཆེ་བས་དེའི་ཐོག་བསྐྱོད་ན་ཡག་པོ་ཡོད་རེད་གསུངས་ནས་མངའ་རིས་སྤྱི་མཐུན་ཚོཊ་པར་འགྱུར་བ་མ་ཟད། སྐབས་དེའི་བཀའ་བློན་ཁྲི་པ་མཆོག་དང་མངའ་རིས་ཀྱི་སྤྱི་འཐུས་ཚོས་ཡར་ཞུ་སྐུལ་གནང་ཡོད་སྟབས། ད་ལྟ་གཞུང་གིས་ངོས་ལེན་ཡོད་པའི་ཚོགས་པ་འདི་ཆགས་ཡོད་པ་རེད། ཅེས་སོགས་བརྗོད་སོང་།
སྤྱི་ཟུར་དང་མངའ་རིས་སྤྱི་མཐུན་ཚོགས་པའི་དབུས་རྒྱུན་ཚོགས་གཙོ་ཨེམ་ཆི་ཐོགས་མེད་ལགས་ཀྱིས་༧གོང་ས་མཆོག་གི་བཀའ་གསུང་ཅི་སྒྲུབ་ཞུ་དགོས་སྐོར་བརྗོད་དོན། དང་པོ། ངས་ང་ཚོས་༧རྒྱལ་བ་རིན་པོ་ཆེའི་སྐུ་ཚེ་ལ་བར་ཆད་མི་ཡོང་བ་བྱ་ཆེད་ཁོང་གིས་བཀའ་ག་རེ་གནང་ཡང་བཀའ་གསུང་ཅི་སྒྲུབ་ཞུ་དགོས་པ་རེད། དེ་བརྟན་བཞུགས་དངོས་གནས་རེད་ལ་བཀའ་དགོངས་བསྒྲུབས་པ་ཞིག་ཀྱང་ཆགས་ཡོད། ང་ཚོ་སྨན་ཀྱི་ཕྱོགས་ལ་ཡིན་ནའང་དགེ་རྒན་གྱི་བཀའ་དེ་རི་གཟར་རྦབ་རྡོ་ལྟར་གཅོག་ཐབས་མེད་སྟབས། ༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་མངའ་རིས་ཙམ་མིན་པར་བོད་མི་མི་རེ་ངོ་རེས་བཀའ་གསུང་ཅི་སྒྲུབ་དང་དང་ལེན་ཞུ་དགོས་པ་རེད། ༧རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩིས་པ་ཡིན་ན། དེ་ནི་བརྟན་བཞུགས་དངོས་ཡིན་པ་མ་ཟད་ཚེ་སྒྲུབ་ཀྱང་ཆགས་ཀྱི་རེད་ཞུ་རྒྱུ་དང་། གཉིས་པ། སྤྱི་འཐུས་ཀྱི་འོས་བསྡུ་བསླེབ་གྲབས་ཡོད་སྟབས། ང་ཚོས་དབུས་གཙང་ཆོལ་ཁའི་ནང་འོས་ཤོག་ལྡུག་དགོས་པར་བརྟེན། དབུས་གཙང་ཆོལ་ཁའི་ནང་ནས་འོས་མི་དྲག་གྲས་དེ་འདྲ་ག་རེ་འདེམས་སྒྲུག་བྱེད་དགོས་ཀྱང་། ད་ལྟ་ནས་བསམ་བློ་ཡག་པོ་བཏང་ནས་ཆ་ཤས་ལེན་དགོས་པ་རེད་མ་གཏོགས། འོས་ཤོག་མ་བླུག་པར་རྩ་བ་ནས་སྡོད་རྒྱུ་ཡོད་པ་མ་རེད། གསུམ་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་འོག་དཔུང་འདེགས་ཞུ་རྒྱུ་ནི་མངའ་རིས་ཚོའི་དམ་བཅའ་ཆགས་ཡོད་སྟབས། སྔོན་ཆད་ནས་བཟུང་ད་བར་དམ་བཅའ་དང་འགལ་མྱོང་ཡོད་པ་མ་རེད་ལ། མ་འོངས་པའང་འགལ་རྒྱུ་ཡོད་པ་མ་རེད་ཞུ་རྒྱུ་ཡིན། ཞེས་སོགས་བརྗོད་སོང་།
ཡང་ཁོང་གིས་ཕྱི་ལོ་ ༢༠༡༦ ལོའི་སྲིད་སྐྱོང་དང་དབུས་གཙང་སྤྱི་འཐུས་ཀྱི་འོས་མི་གསལ་བསྒྲགས་གནང་དགོས་དོན་ཐད་བརྗོད་དོན། མངའ་རིས་སྤྱི་མཐུན་གྱི་འགན་འཛིན་ལྷན་ཚོགས་ཐེངས་ ༡༧ པའི་ཐོག་ལ་བོད་མི་མང་གི་སྲིད་སྐྱོང་སྐབས་གཉིས་པ་དང་། སྤྱི་འཐུས་སྐབས་ ༡༦ པའི་འོས་གཞི་བཏོན་དགོས་པ་དང་ཆ་ཤས་ལེན་དགོས་པའི་བཀའ་མོལ་བྱུང་ཡོད་སྟབས། ང་ཚོས་ཟླ་གསུམ་བཞིའི་སྔོན་ནས་མངའ་རིས་ཀྱི་ས་གནས་དང་དར་ཆེན་སྒྲིག་འཛུགས་ཁག་ལ་ས་གནས་ས་ཐོག་ནས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞི་ཕྱི་ཟླ་ ༥ པའི་ཚེས་ ༣༠ འགྱངས་མེད་ཁུར་ཤོག་ཟེར་ནས་གསལ་བསྒྲགས་བཏང་བ་དང་། ས་གནས་ཁག་ནས་དུས་ཐོག་ལ་ཏག་ཏག་གནང་འབྱོར་བྱུང་བ་ལྟར། སྲིད་སྐྱོང་གི་འོས་གཞིར་མི་འགྲོ་གཉིས་འདེམས་འདུག གཅིག་ད་ལྟའི་སྲིད་སྐྱོང་ལས་ཐོག་ཡིན་པ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། གཅིག་ཤོས་དེ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་བཀྲ་ཤིས་དབང་འདུས་ལགས་རྣམ་གཉིས་ལ་ས་གནས་ཁག་ནས་ཁྱོན་ཆེན་རྒྱབ་སྐྱོར་ཐོབ་ཡོད་སྟབས། མངའ་རིས་སྤྱི་མཐུན་གྱི་འགན་འཛིན་ལྷན་ཚོགས་ཚོགས་སྐབས་ཆེད་མངགས་ཉིན་གཅིག་དང་ཕྱེད་རིང་འོས་གཞིའི་སྒང་ལ་གོ་བསྡུར་གནང་བ་བརྒྱུད། སྲིད་སྐྱོང་གི་འོས་མིར་ཁོང་རྣམ་གཉིས་འདོན་དགོས་པ་རེད་ཟེར་མཁན་དང་། ཡང་ཁ་ཤས་ཀྱིས་ཁོང་གཉིས་ཁྲོད་ནས་གཅིག་འདོན་དགོས་པ་རེད་ཟེར་མཁན་བྱུང་སྟེ། མཐར་གསང་བའི་འོས་ཤོག་བླུགས་པ་བརྒྱུད་བཀྲིས་དབང་འདུས་ལགས་སྲིད་སྐྱོང་གི་འོས་མིར་འདོན་དགོས་ཟེར་མཁན་ས་གནས་ཁག་ ༡༡ དང་། གཉིས་ཀ་འདོན་དགོས་ཟེར་མཁན་ས་གནས་ཁག་ ༩ བྱུང་སྟེ། ད་རེས་གོ་སྐབས་འདི་བརྒྱུད་སྲིད་སྐྱོང་གི་འོས་མི་བཀྲ་ཤིས་དབང་འདུས་ལགས་དང་། དབུས་གཙང་སྤྱི་འཐུས་ཀྱི་འོས་མི་ ༢༢ ཀྱི་མཚན་གཞུང་གསལ་བསྒྲགས་ཞུས་པ་ཡིན། ཞེས་བརྗོད་སོང་།
དབུས་གཙང་སྤྱི་འཐུས་འོས་མི་རྣམས་ནི།
༡ རིན་ཆེན་ཚེ་རིང་། ལྡེ་ར་ལྡུན། མངའ་རིས་ཚོགས་གཞོན།
༢ ཁམས་གསུམ་དབང་འདུས། བལ་ཡུལ། མངའ་རིས་དབུས་རྒྱུན།
༣ པདྨ་འབྱུང་གནས། རྡ་ས། སྤྱི་འཐུས་ལས་ཐོག
༤ འཇིགས་མེད་འབྱུང་གནས། རྡ་ས། སྤྱི་འཐུས་ལས་ཐོག
༥ བསམ་གཏན་ཆོས་སྒྲོན། སྦེལ་ཀོབ། བུད་མེད་ཚོགས་གཞོན་ཟུར་པ།
༦ སྐལ་བཟང་གཡུ་སྒྲོན། རྡ་ས། བུད་མེད་དབུས་རྒྱུན།
༧ ཡེ་ཤེས་ཕུན་ཚོགས། ལྡི་ལི། སྤྱི་འཐུས་ལས་ཐོག
༨ མི་འགྱུར་རྡོ་རྗེ། རྡ་ས། ལས་བྱེད་འདེམས་ལྷན་སྤྱི་ཁྱབ་དྲུང་ཆེ།
༩ སྨན་པ་རྣམ་རྒྱལ་ཁྱུ་གསར། རྡ་ས། སྨན་པ།
༡༠ འཆི་མེད་གཡུང་དྲུང་། རྡ་ས། མང་གཙོ་ཚོགས་པའི་ཚོགས་ཟུར།
༡༡ བསོད་ནམས་ཚེ་རིང་། རྡ་ས། བོད་ཁྱིམ་སློབ་དགེ
༡༢ སྤུ་ཧྲེང་དཔལ་འབྱོར། ཀུ་ལུ་མ་ན་ལི། མངའ་རིས་དབུས་རྒྱུན།
༡༣ དོན་གྲུབ་བཀྲ་ཤིས། ལ་དྭགས། ལ་སྤྱི་ལས་ཐོག
༡༤ ཀརྨ་ཡེ་ཤེས། རྡ་ས། སྤྱི་འཐུས་ལས་ཐོག
༡༥ གུ་རུ་རྒྱལ་མཚན། མོན་གྷོ། སྤྱི་ཟུར།
༡༦ ཤར་གླིང་ཟླ་སྒྲོན། རྡ་ས། སྤྱི་འཐུས་ལས་ཐོག
༡༧ འཇམ་དབྱངས་འཕྲིན་ལས། བལ་ཡུལ། སྤྱི་ཟུར།
༡༨ རིན་ཆེན་སྒྲོལ་མ། མོན་གྷོ། མཉམ་འབྲེལ་འགན་འཛིན།
༡༩ པ་སངས་ཚེ་རིང་། མོན་གྷོ། ས་གཞོན་ཚོགས་གཙོ།
༢༠ བསྟན་འཛིན་ཤེས་རབ། མོན་གྷོ། ལས་བྱེད།
༢༡ བློ་བཟང་རྡོ་རྗེ། སྦེལ་ཀོབ། སློབ་དགེ་ཟུར་པ།
༢༢ བསྟན་འཛིན་འཇམ་དབྱངས། རྡ་ས། ཁོར་ཡུག་དང་བླང་ལས་བྱེད།
གསར་འགོད་པ། དོན་གྲུབ།




![China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]](https://tibettimes.net/wp-content/uploads/2026/04/Screen-Shot-2026-04-15-at-2.32.14-PM-360x180.png)

དབུས་གཙང་མི་མང་ཚོས་ངེས་པར་དུ་ཐུགས་བསམ་བཞེས་དགོས་པའི་དུས་ལ་བབ་འདུག མངའ་རིས་ཟེར་བའི་ཁ་བྲལ་བ་ཚོས་དབུས་གཙང་གི་སྤྱི་འཐུས་འོས་མི་ལུང་ཚན་མངའ་རིས་ཡིན་པ་སློབ་སྦྱོང་གི་གནས་ཚད་མེད་པ། ཚོགས་པ་སྐྱིད་སྡུག་ཁག་གི་ནང་རྩིས་ཁྲ་གཙང་མ་མེད་པའི་མི་ངན་ཁྱུ་གཅིག་འདེམས་འདུག དེ་དབུས་གཙང་གི་སྤྱི་འཐུས་འོས་མིར་སོམས་ན་ངོ་ཚའི་རྒྱུ་རེད། ད་ལྟ་བར་བཙན་འབྱོལ་སྤྱི་ཚོགས་ཡར་རྒྱས་མ་འགྲོ་བའི་རྒྱུ་རྐྱེན་ཡང་མངའ་རིས་བ་ཚོའི་བསམ་སྦྱོར་ངན་པས་ཡིན་པ་ཚང་མས་ཤེས་གསལ་རེད། དཔེར་ན། མངའ་རིས་ཚོགས་པའི་འདི་ལོའི་བྱ་སྟངས་ལ་ལྟོས་དང་། རྒྱ་གཞུང་གིས་ལྐོག་ཟ་རུལ་ཟུང་གཙང་མ་བཟོ་བའི་དུས་དེར་མངའ་རིས་སྤྱི་མཐུན་ཚོགས་པས་རྩིས་ཁྲ་གཙང་མ་མེད་པའི་མི། སྤྱི་ཚོགས་ནང་ལབ་གླེང་མང་བའི་མི། དཔེ་རེད། མི་དེ་ཚོའི་རིགས་དབུས་གཙང་གི་སྤྱི་འཐུས་འོས་མིར་འདོད་ན་དབུས་གཙང་མི་མང་ལ་དམའ་འབེབ་རང་རེད། དེ་བློ་ཕམ་རང་བཞིན་རེད།
དབུས་གཙང་སྤྱི་འཐུས་ཞེས་བཀོད་པའི་མིང་གཞུང་འདིའི་ནང་སྟོད་མངའ་རིས་སྐོར་གསུམ་ཕུད་པའི་དབུས་གཙང་གི་མི་ག་ཚོད་ཡོད་དམ། དབུས་གཙང་སྤྱི་འཐུས་ཟེར་བའི་མིང་འདི་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།
འོས་མི་འདོན་སྐབས་ཤེས་ཡོན་གནས་ཚད་དང་། རྒྱབ་ལྗོངས་རོབ་ཙམ་འགོད་ན་མང་ཚོགས་ལ་བསམ་ཞིབ་བྱ་རྒྱུར་ཕན་ཐོག་ཡོང་སྲིད།
གོང་མཁོད་དབུས་གཙང་སྤྱི་མཐུས་ནང་ནས་ཨང་རིམ་ ༡༣ པ་དོན་གྲུབ་བཀྲིས་ནི་ལ་དྭགས་བསོད་ནམས་གླིང་གི་མི་མང་འོས་འདེམ་བྱེད་པའི་སྐུ་ངོ་དང་པོའི་སྐབས་རྒྱ་ཆ་༧༠ སྐབས་གཉིས་པར་རྒྱ་ཆ་༩༥ ཐོབ་ནས་སྐུ་ངོ་དོན་གྲུབ་མཆོག་ནས་ལ་དྭགས་བསོད་ནམས་གླིང་དང་ལྷག་པར་དུས་མཐའ་མཚམ་བྱང་ཐང་བོད་རིགས་སྤུན་གྲོགས་ཡོངས་ལ་དབུས་བོད་མི་སྒྲིགས་འཛུགས་དང་ཡང་དགོས་༧གོང་ས་མཆོག་ཀྱི་བཀའ་དང་ལམ་བསྟོན་ལྟར་མིག་ཐོང་ལག་ཟིན་གྱི་མཉམས་ཆུང་ལ་རོགས་སྐྱོར་དང་མི་མང་གི་བདེ་དོན་སེམས་ནང་ཁྱེར་ནས་དུ་དང་རྣམས་པ་ཀུན་དུ་དཀའ་ལས་སྐྱོན་མཁན་ཞིག་ཡིན།་སྐུ་ངོ་ཁོང་ནི་སྤྱི་སེམས་་དང་མཉམས་མྱོངས་སེམས་ཁུར་ཕྱོགས་རིས་མེད་པའི་བོད་སྤྱི་བར་ཕན་པ་ཞིག་ཡིན་པའི་རྒྱ་ཆེ་བའི་དབུས་གཙང་མི་མང་ནས་ལུང་མཚན་དང་ས་གནས་སོགས་ཀྱི་ཕྱོགས་རིས་མེད་པའི་ཐོག་འོས་འཕེན་རོགས་ https://www.facebook.com/pages/Dhondup-Tashi-for-Utsang-Chetue-2016/883979398322967?fref=photo
འོས་མི་འཇོན་ཐང་ཅན་ཞིག་སླེབ་འཐུབ་ན་ཧ་ཅང་ལེགས་པོ་རེད།