མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ང་ཚྭ་བཙོང་མཁན་དང་སྲིད་སྐྱོང་འོས་མི་གཞན་ཚོ་སྒོག་པ་བཙོང་མཁན་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

 

11999986_1042538442424116_1284050233_nཨ་ཚོགས་ཀླུ་མཁར་བྱམས་ལགས་སུ་སྲིད་སྐྱོང་འོས་མིའི་ཆེད་དམིགས་བཅར་འདྲི་བྱེད་སྐབས། ཁོང་ལ་སྲིད་སྐྱོང་རྒྱལ་ཁ་འཐོབ་པ་ཡིན་ན། དབུ་མའི་ལམ་གྱི་གཞི་རིམ་མི་མང་གི་བསམ་བློར་འགྱུར་བ་བཏང་ཚར་བ་ཡིན་སྟབས། ཁྲིམས་དང་སྒྲིག་གཞིའི་ཡིག་ཆར་འགྱུར་བ་གཏོང་རྒྱུ་ལས་སླ་ཤོས་ཡིན་སྐོར་བརྗོད་བྱུང་།

 

དྲི་བ། ཐོག་མར་ཁྱེད་༢༠༡༦ ལོའི་སྲིད་སྐྱོང་འོས་མིར་དང་བླང་ཐོག་ནས་ལངས་པ་དེ་རྐུབ་བཀྱག་གི་ཆེད་དུ་མིན་པར་རང་བཙན་གྱི་ཆེད་དུ་ཡིན་སྐོར་བརྗོད་ཀྱི་ཡོད་པ་ལྟར། དེའི་དམིགས་ཡུལ་དང་རྒྱབ་ལྗོངས་ག་རེ་ཡིན་ནམ།

ལན། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྐུབ་བཀྱག་འདི། ལོ་རྒྱུས་ཤིག་གི་ཐོག་ནས་བཤད་ན། ཆབ་སྲིད་ཀྱི་སྡིངས་ཆ་དང་ཆབ་སྲིད་པའི་རྐུབ་བཀྱག་ཅིག་རེད། ངས་འདི་ངོ་བོ་ཐོག་ནས་བཤད་ན་འདི་དབང་ཆའི་རྐུབ་བཀྱག་ཅིག་མིན་པར་འཐབ་རྩོད་བྱེད་སའི་སྡིངས་ཆ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འདི་དཔོན་པོ་འཁྲབ་ས་ཞིག་མ་རེད། ང་ཚོའི་འཐབ་རྩོད་ཀྱི་ཆབ་སྲིད་ལས་འགུལ་སྤེལ་སའི་སྡིངས་ཆ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་སྟབས། རྩ་བའི་ཆ་ནས་རྐུབ་བཀྱག་གི་ཆེད་དུ་མིན་ཞུ་རྒྱུ་མ་ཟད། མ་གཞི་ནས་ངས་རྐུབ་བཀྱག་ཅིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། དམིགས་ཡུལ་དང་རྒྱབ་ལྗོངས་ཀྱི་ཐོག་ནས་བཤད་ན། ང་ཡིན་ན་རང་བཙན་གྱི་དམིགས་ཡུལ་འཁྱེར་ནས་རྐུབ་བཀྱག་འདིའི་ཐོག་ལ་ལང་གི་ཡོད་པ་རེད། རྒྱབ་ལྗོངས་ཀྱི་སྒང་ནས་བཤད་ན་ང་ཚོ་བོད་རང་དབང་རང་བཙན་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། དེའི་ཆེད་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་ཚེ་སྲོག་བློས་བཏང་ཡོད་སྟབས། ང་ཚོས་བོད་རང་བཙན་ལེན་དགོས་པ་ནི་ལོ་རྒྱུས་ཀྱི་འོས་འགན་ཆགས་ཡོད་པ་རེད།

 

དྲི་བ། ཁྱེད་ལ་སྲིད་སྐྱོང་གི་འོས་མི་གཞན་ལས་ལྷག་པའི་ནུས་པ་དང་འཇོན་ཐང་ག་རེ་ཡོད།

ལན། ང་ལ་སྲིད་སྐྱོང་གི་འོས་མི་གཞན་ལས་ལྷག་པའི་འཇོན་ཐང་དང་ནུས་པ་ག་རེ་ཡོད་མེད་ངས་གསལ་པོ་ཞིག་བཤད་ཐུབ་ཀྱི་མི་འདུག ང་ལ་སྲིད་སྐྱོང་གི་འོས་མི་གཞན་ལས་མ་འདྲ་བའི་ལངས་ཕྱོགས་དང་ལྟ་བ་གསར་པ་ཞིག་ཡོད་པ་དེ་ངས་གལ་ཆེན་པོ་རེད་བསམ་གྱི་ཡོད། ངས་བརྒྱུད་ལམ་ཁག་ལ་འདི་ལྟར་བཤད་ཀྱི་ཡོད། སྲིད་སྐྱོང་གི་འོས་མི་གཞན་པ་ཆ་ཚང་དབུ་མའི་ལམ་ལ་ཤར་སྐྱོད་བྱེད་མཁན་གྱི་སྒོག་པ་བཙོང་མཁན་ཞིག་དང་། ང་ནི་ཚྭ་བཙོང་མཁན་ལྟ་བུ་ཞིག་ཡིན་སྟབས། འདི་གཉིས་ངོ་བོའི་ཆ་ནས་མ་འདྲ་བ་རེད། ང་ཚོས་གལ་ཆེ་ཤོས་དེ་འཇོན་ཐང་གི་ཆ་ནས་བཤད་ན། ཁྱབ་ཁོངས་སོ་སོར་མི་རང་ཉིད་ལ་དཔག་པའི་ནུས་པ་དང་འཇོན་ཐང་དེ་འདྲ་ཡོད་སྲིད་པ་ཞིག་ཡིན་ཡང་། ད་ལྟ་རྒྱ་ཆེའི་མི་མང་གིས་ཧ་གོ་དགོས་པ་ཞིག་ལ་ང་ཚོའི་ངོ་བོ་དང་ལངས་ཕྱོགས་འདྲ་ཡི་མེད་པ་འདི། ངས་འཇོན་ཐང་ལ་བརྩི་གི་མེད་ཀྱང་། ང་རང་ལ་ཆ་བཞག་ན་འདི་ངའི་ཁྱད་ཆོས་ཟེར་ནའང་མ་འགྲིག་པ་གང་ཡང་མེད།

 

དྲི་བ། ཁྱེད་ཀྱིས་བཀའ་ཤག་སྐབས་ ༡༤ པའི་རིང་འཐུས་ཤོར་དང་སྲིད་བྱུས་འཛིན་སྟངས་ཐད་ནོར་འཁྲུལ་ག་རེ་ཤོར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།

ལན། བཀའ་ཤག་སྐབས་ ༡༤ པས་སྤྱིར་བཏང་གྲུབ་འབྲས་གང་ལ་གང་འཚམ་ཐོན་ཡོད་ཀྱང་། ནོར་འཁྲུལ་ཆེ་ཤོས་ག་རེ་ཤོར་ཡོད་རེད་ཟེར་ན། ཁོ་ཚོས་ནོར་འཁྲུལ་ཤོར་བར་ཁས་ལེན་བྱེད་རྒྱུའི་སྤོབས་པ་དང་ངོས་ལེན་བྱེད་རྒྱུའི་བློ་ཁོག་མེད་པ། སྔོན་མ་ནས་མ་དག་རྒྱུན་འབྱམས་ཀྱི་ལམ་ཁ་ཞིག་ཐོག་འགྲོ་བསྡད་ཡོད་པ་དེར། ལེགས་བཅོས་བྱེད་རྒྱུའི་ནུས་པ་དང་བློ་སྟོབས་མེད་པ་མ་ཟད། སོ་སོས་ནོར་འཁྲུལ་བྱུང་བར་ངོས་འཛིན་བྱེད་མ་ཐུབ་པ་དེ་ནོར་འཁྲུལ་ཆེ་ཤོས་རེད་བསམ་གྱི་འདུག སྲིད་སྐྱོང་བློ་བཟང་སེང་གེ་ཡར་བསླེབས་པ་ནས་བཟུང་སྟེ། ཁོང་གིས་གསར་གཏོད་དང་རང་ཁ་རང་གསོ། རྡོག་རྩ་ཆིག་སྒྲིལ་བྱེད་ཀྱི་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་གི་ཡིན་ཟེར་བ་ལ་སོགས་པའི་བསྒྲགས་གཏམ་མང་པོ་ཞིག་སྤེལ་བ་དག་བསྒྲུབ་ཐུབ་ཀྱི་མེད་པ་དེ།  མང་ཚོགས་ལ་ཕྱི་གསལ་ནང་གསལ་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་གལ་ཆེ་ཤོས་རེད་བསམ་གྱི་ཡོད་ཀྱང་། དེ་མ་བྱས་པར་སོ་སོའི་ནོར་འཁྲུལ་འགེབ་ཆེད་ནོར་འཁྲུལ་ཤོར་བ་དག་ལ་མུ་མཐུད་བསྐྱར་དུ་འགྲེལ་བཤད་བརྒྱབ་ཏེ། ཡག་པོ་བཟོ་གི་ཡོད་པའི་བཟོ་འདྲ་པོ་བྱེད་བཞིན་ཡོད་པ་དེ་འགྲིག་གི་ཡོད་མ་རེད་བསམ་གྱི་འདུག  སྤྱིར་བཏང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་བྱེ་བྲག་སྒང་ནས་འཐུས་ཤོར་མང་པོ་ཞིག་འགྲོ་བསྡད་ཡོད་པ་རེད། དེ་སྔོན་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གིས་བཙན་བྱོལ་ནང་གི་རྩིས་རྙོག་མང་པོ་ཞིག་བཏོན་པ་དེ་ཚོར། ཁ་ཡོད་ལག་ཡོད་ཀྱིས་ཐག་གཅོད་བྱེད་མ་ཐུབ་པ་དང་། སྔོན་མ་གནད་དོན་མང་པོ་ལྷགས་བསྡད་ཡོད་པ་དག་ལ་གསལ་ཁ་བཏོན་མ་ཐུབ་པ་མ་ཟད། སོ་སོར་གྲུབ་འབྲས་ཕྲན་བུ་བྱུང་བ་དེ་རྒྱ་ཆེའི་མི་མང་ལ་ཧ་ཅང་གིས་དྲིལ་བསྒྲགས་ཆེན་པོ་བྱས་དང་བྱེད་བཞིན་ཡོད་པ་སོགས་ནི་ནོར་འཁྲུལ་རེད་བསམ་གྱི་ཡོད། ད་ལྟ་ནོར་འཁྲུལ་ཆེ་ཤོས་ག་རེ་མཐོང་གི་འདུག་ལབ་ན། སྲིད་སྐྱོང་བློ་བཟང་སེང་གེས་ཁོ་རང་གི་ཁྱད་ཆོས་དང་ངོ་བོ་མཚུངས་པའི་ཕྱག་ལས་ཤིག་གནང་ཐུབ་པ་ཡིན་ན། རྒྱ་ཆེའི་མི་མང་གིས་ཏན་ཏན་གྱིས་དང་ལེན་བྱེད་སྲིད་མོས་ཀྱང་། ཁོ་རང་གིས་དེ་མ་བྱས་པར་སྔོན་མ་ག་རེ་ཡིན་པ་དེའི་ངོ་བོར་ཁོ་རང་ཕར་འགྱུར་སོང་བ་མ་ཟད། སོ་སོས་འབུར་དུ་ཐོན་པའི་ལས་ཀ་བྱེད་མ་ཐུབ་པ་དེ་ནོར་འཁྲུལ་ཆེ་ཤོས་རེད་བསམ་གྱི་ཡོད།

 

དྲི་བ། བོད་རྒྱ་འབྲེལ་མཐུད་བྱེད་མ་ཐུབ་པར་ལོ་ཤས་སོང་ཡོད་སྟབས། གལ་སྲིད་ཁྱེད་རང་ལ་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་པ་ཡིན་ན། འབྲེལ་མོལ་བསྐྱར་མཐུད་ཡོང་བར་ཐབས་ཤེས་གང་ཡོད།

ལན། ངས་བོད་རྒྱ་འབྲེལ་མོལ་ཟེར་བ་དེ་ཡོང་ཐུབ་པར་ངོས་འཛིན་བྱེད་ཀྱི་མེད་པ་མ་ཟད། ད་ལྟ་བོད་རྒྱ་འབྲེལ་མོལ་གྱི་རྨང་གཞི་ཁོ་རང་སྒང་ནས་བཤད་པ་ཡིན་ཡང་། འདི་རྒྱ་ནག་གི་འགན་ཁུར་ཆགས་ཡོད་པ་པ་མ་ཟད། ང་ཚོས་རྒྱ་ནག་གི་ཁྲིམས་དང་སྒྲིག་གཞིའི་འོག་ལ་འགྲོ་གི་ཡིན། མི་རིགས་ས་གནས་རང་སྐྱོང་ཡར་རྒྱས་འགྲོ་དགོས་ཀྱི་ཡོད་ཟེར་བའི་ལམ་ཁ་དེ་ཚོའི་གྲས་འདི། ངས་ལམ་ཁ་ཡག་པོ་ཞིག་མིན་པ་མ་ཟད་ཉེན་ཁ་ཚ་པོ་ཞིག་ཡིན་པ་མཐོང་གི་ཡོད་སྟབས། གལ་སྲིད་ང་སྲིད་སྐྱོང་ཆགས་པ་ཡིན་ན། ད་ལྟ་ང་ཚོས་རྩོད་བཞིན་པའི་མི་རིགས་ས་གནས་རང་སྐྱོང་གི་རྩ་ཁྲིམས་ཀྱི་ཁྲིམས་སྒྲིག་གཞིར་བཟུང་སྟེ། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཡོང་གི་མེད་པ་དང་། རྒྱལ་སྤྱིའི་སྟེང་རྒྱ་ནག་ང་ཚོས་གནོན་ཤུགས་སྤྲད་དགོས་ས་ཞིག་དང་ཁ་གཏད་གཅོག་ས་ཞིག་རེད་མ་གཏོགས། ཆེས་ངན་ལམ་ཤོར་དེའི་འོག་འགྲོ་བསྡད་པ་ཡིན་ན། རྩ་བ་ཉིད་ནས་འགྲིག་གི་མེད་པ་རྒྱ་ཆེའི་མི་མང་ལ་གསལ་བཤད་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག

 

དྲི་བ། ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་སྒྲིག་གཞིར་བསྒྱུར་བཅོས་གཏང་དགོས་པ་གང་དག་མཐོང་གི་ཡོད།

ལན། ངས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་སྒྲིག་གཞི་ཙམ་མིན་པར། ལས་དོན་བྱེད་ཕྱོགས་ཀྱི་ངོ་བོར་ཏན་ཏན་བསྒྱུར་བ་གཏོང་དགོས་པ་རེད་བསམ་གྱི་འདུག དཔེར་ན། གྲོས་ཚོགས་ལ་ཆ་བཞག་ན་གྲོས་ཚོགས་ལམ་ལུགས་འདི་ཆབ་སྲིད་ཀྱི་ཚོགས་པ་ཡོད་པ་ཞིག་ཏུ་འགྱུར་ཐུབ་མིན་སོགས་ལ་བསམ་བློ་གཏོང་དགོས་པ་ཆགས་ཡོད། ང་ཚོའི་འགྱུར་བ་ཆེ་ཤོས་དེ་ག་རེ་རེད་ཟེར་ན། དབུས་བོད་མིའི་སྒྲིག་འཛུགས་འདིས་རྒྱལ་ཁབ་ལ་འཛིན་པའི་ཕྱི་འབྲེལ་སྲིད་བྱུས་ཐོག་ནས་བཤད་ན། ང་ཚོས་ཕྱོགས་ཡོངས་ནས་ལམ་ཁ་ལ་བསྐྱར་ཞིབ་བྱས་ནས་བདག་དབང་བསྐྱར་གསོའི་ལམ་བུར་བསྐྱོད་དགོས་རེད་མ་གཏོགས། འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་རྩོད་མཁན་གྱི་སྡེ་ཚན་འདྲ་པོ་བྱས་ནས་ཕྱིན་པ་ཡིན་ན་དེ་རྩ་བ་ཉིད་ནས་འགྲིག་གི་ཡོད་མ་རེད། ང་ཚོའི་འཐབ་རྩོད་འདི་འགྲོ་བ་མིའི་རིགས་ཀྱི་ཐོབ་ཐང་ལས་ལྷག་པའི་འཐབ་རྩོད་ཅིག་ཡིན་སྟབས། བཙན་བྱོལ་བོད་མིའི་ཁྲིམས་སྒྲིག་ཙམ་མིན་པར་ཁྲིམས་སྒྲིག་གི་རྒྱབ་ལྗོངས་ལ་འགྱུར་བ་བཏང་སྟེ། ང་ཚོས་ལས་ཀ་བྱེད་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་རེད་བསམ་གྱི་འདུག ཁྲིམས་སྒྲིག་གཞི་ལ་ཆ་བཞག་ན་ཞིབ་ཕྲའི་ཐོག་ནས་བསྒྱུར་བཅོས་གཏོང་དགོས་པ་མང་པོ་ཞིག་ཡོད་སྟབས། ང་ཚོས་སྐབས་དང་བསྟུན་ནས་བྱེད་དགོས་པ་རེད་བསམ་གྱི་འདུག སྲིད་བྱུས་ཐོག་ནས་འགྱུར་བ་གཏོང་དགོས་པ་དེ་དབུ་མའི་ལམ་ལ་བསྐྱར་ཞིབ་བྱས་ནས་རང་བཙན་ཕྱོགས་སུ་འགྱུར་དགོས་པ་ལ་སོགས་པའི་ལས་ཀ་མང་པོ་ཞིག་ཡོད་ཀྱང་། དེ་ཚོ་སྐབས་དང་དུས་སུ་གྲོས་ཚོགས་ཚོགས་ཏེ་རིམ་པ་བྱས་ནས་བཤད་དགོས་རེད་མ་གཏོགས། རྒྱ་ཆེའི་མི་མང་གིས་མང་ཚོགས་རང་བཞིན་གྱི་བརྒྱུད་ལམ་གཅིག་གི་ཐོག་ནས་འདིར་ཐག་གཅོད་བྱེད་ཐུབ་ཐབས་མེད་སྟབས། ཁྲིམས་འཆར་གྱི་ངོ་བོ་ཐོག་ནས་འགྱུར་བ་གཏོང་དགོས་པ་རེད། ངས་གོང་དུ་ཞུས་པ་ལྟར་ད་ལྟའི་ལས་ཀ་བྱེད་སྟངས་འདི་མིན་པ་ཞིག་བྱེད་དགོས་པ་དེ་ཧ་ཅང་གིས་གལ་ཆེན་པོ་ཆགས་ཡོད་པ་མ་ཟད། ང་སྲིད་སྐྱོང་ཆགས་པའི་ཉིན་ནས་བཟུང་སྟེ་ཁྲིམས་དང་སྒྲིག་གཞི་ལ་ཏན་ཏན་གྱི་འགྱུར་བ་འགྲོ་གི་རེད།

 

དྲི་བ། ད་ལྟ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཞེངས་ཕྱོགས་དབུ་མའི་ལམ་རེད། མ་འོངས་པར་ཁྱེད་རང་སྲིད་སྐྱོང་ཆགས་པ་ཡིན་ན་བཞེངས་ཕྱོགས་དེར་འགྱུར་བ་གཏོང་རྒྱུ་ཡིན་ནམ། ཡང་ན་མུ་མཐུད་དབུ་མའི་ལམ་གྱི་ཐོག་འགྲོ་རྒྱུ་ཡིན།

ལན། ང་རང་བཙན་གྱི་ལྟ་བ་འཁྱེར་ནས་ལངས་ཀྱི་ཡོད་སྟབས། དབུ་མའི་ལམ་ལ་ཏན་ཏན་འགྱུར་བ་གཏང་དགོས་ཀྱི་རེད། དབུ་མའི་ལམ་ལ་འགྱུར་བ་གཏོང་སྐབས་ལས་དོན་བྱེད་ཕྱོགས་ཀྱི་ཆ་ནས་གདོང་ལེན་བྱེད་དགོས་པ་སྣ་ཚོགས་ཡོད་པ་རེད། ང་འདྲ་པོ་ཞིག་སྲིད་སྐྱོང་ལ་མང་མོས་ཐོག་ནས་འཐོབ་པ་ཡིན་ན། དེས་དབུ་མའི་ལམ་གྱི་གཞི་རིམ་མི་མང་གི་བསམ་བློར་འགྱུར་བ་བཏང་ཚར་བ་རེད། དེ་ལས་ལྷག་པ་ཁྲིམས་དང་སྒྲིག་གཞིའི་ཡིག་ཆ་ཡིན་སྟབས། དེའི་འགྱུར་བ་དེ་ལས་སླ་ཤོས་རེད་བསམ་གྱི་འདུག ངས་ད་ལྟའི་སྐབས་ལ་འགྱུར་བ་གང་ཞིག་གཏང་དགོས་པ་རེད་ཟེར་ན། ང་ཡར་ལངས་ནས་མི་མང་གི་བསམ་བློར་འགྱུར་བ་གཏོང་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་རེད། འགྱུར་བ་དེ་ཐེབས་ན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མུ་མཐུད་ནས་འགྲོ་དགོས་པའི་རྒྱུ་མཚན་ཡོད་མ་རེད། ང་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་མུ་མཐུད་རྒྱུན་འཁྱོངས་བྱེད་མིན་ནི། བོད་པ་རང་ལ་རག་ལུས་མེད་པ་མ་ཟད། རྒྱ་ནག་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡ་ལན་བྱེད་ཀྱི་མེད་པ་སོགས་ཀྱིས་ཏན་ཏན་འགྱུར་བ་གཏོང་དགོས་པ་ཆགས་ཀྱི་རེད། ང་ཡར་ཐོབ་པ་དེ་རྒྱ་ཆེའི་མི་མང་གིས་མང་མོས་བྱས་ནས་ཐོབ་ཡོད་སྟབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་སྲིད་བྱུས་གང་ལ་འགྱུར་བ་གཏོང་དགོས་ཀྱི་ཡོད་ཀྱང་། མི་མང་གིས་མངོན་འདོད་ལྟར་གྲོས་ཚོགས་འཐུས་མི་ཚོའི་མདུན་ཅོག་སྒང་ལ་བཞག་ཡོད་སྟབས། ངས་འགྱུར་བ་གཏོང་དགོས་ཡོད་པ་མ་ཟད། འགྱུར་བ་གཏོང་རྒྱུ་སྟབས་བདེ་པོ་ཡོད་རེད་བསམ་གྱི་འདུག

 

དྲི་བ། ཁྱེད་ཀྱིས་མི་སྒེར་ཞིག་གི་ངོས་ནས་བཤད་ན་དད་པ་ཟེར་བ་དེ་ཧ་ཅང་གལ་ཆེན་ཡིན་ཡང་། རྒྱལ་ཁབ་ཅིག་ལ་མཚོན་ན་དད་པ་ལས་ཀྱང་གལ་ཆེ་བ་ནི་དམངས་གཙོ་རེད་ཅེས་དང་། དེ་བཞིན་དད་པ་ལོག་སྤྱོད་ལ་ངོ་རྒོལ་ཞེས་པ་དེ་ཚོར་དཔེ་མཚོན་གྱི་ཐོག་ནས་འགྲེལ་བཤད་ཅིག་རྒྱོབས་དང་།

ལན། ངས་དད་པ་ཟེར་བ་དེ་གང་ཟག་སྒེར་གྱི་བྱ་སྤྱོད་ཞིག་ཡིན་པ་ཡང་ཡང་ལབ་ཀྱི་ཡོད། གང་ཟག་སྒེར་པ་ཞིག་གིས་ཆོས་ལུགས་ག་རེ་ལ་དད་པ་བྱེད་མིན་དེ། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བསྒྲགས་གཏམ་རིམ་པ་དང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་ལའང་འཁོད་ཡོད་ཀྱང་། ང་ཚོའི་དཀའ་ངལ་ཆེ་ཤོས་དེ་དད་པ་བེད་སྤྱོད་ལོག་པ་བཏང་སྟེ། སྤྱི་ཚོགས་ནང་ལ་སོ་སོའི་ལྟ་ཕྱོགས་མི་མཐུན་པའི་ཁྱབ་ཁོངས་ནང་ལ་དཀའ་ངལ་བཟོ་གི་ཡོད་པ་རེད། ད་ལྟ་ངས་དད་པ་ལོག་སྤྱོད་ཀྱི་དཔེ་མཚོན་མང་པོ་ཞིག་བགྲང་པ་ཡིན་ན། ང་ཚོས་ཁ་ཡར་བསྒྲགས་མར་བསྒྲགས་ག་རེ་བྱས་ཀྱང་༧སྐྱབས་མགོན་རིན་པོ་ཆེའི་མཚན་བེད་སྤྱོད་བཏང་སྟེ། སྲིད་དོན་པ་ཚོས་སོ་སོའི་ཁེ་བཟང་བསྒྲུབ་པ་འདི་དད་པ་ལོག་སྤྱོད་ཀྱི་དཔེ་མཚོན་ཆེ་ཤོས་ཆགས་ཀྱི་ཡོད་པ་རེད། དད་པ་ནི་བག་ཆགས་ཀྱི་གནད་དོན་ཞིག་ཡིན་སྟབས། མི་མང་གིས་བག་ཆགས་གཏིང་ཟབ་པོ་ཡོད་པའི་རྒྱུ་མཚན་དེ་རིགས་བེད་སྤྱོད་བཏང་སྟེ། ང་ཚོས་ལྷ་དང་འདྲེ་ཡི་ཁྱབ་ཁོངས་ལ་འདྲ་མི་འདྲ་བཤད་བསྡད་པ་དེ་ཚོའི་རིགས་ཏེ། ངས་བལྟས་པ་ཡིན་ན་ཏན་ཏན་དད་པ་ལོག་སྤྱོད་ཀྱི་ཁོངས་རེད་བསམ་གྱི་འདུག དད་པ་ལག་སྤྱོད་ཟེར་བ་འདི་འགྲོ་བ་མིའི་རིགས་ཀྱི་དད་མིན་གྱི་ཁྱབ་ཁོངས་ལ་ཞིབ་འཇུག་བྱས་ནས་དེ་ལ་ངོ་རྒོལ་བགྱིས་ལབ་ཀྱི་ཡོད་པ་མ་རེད། དད་པ་བེད་སྤྱོད་བཏང་ནས་སྤྱི་ཚོགས་དཀྲུགས་བསྡད་པའི་རིགས་ལ་དད་པ་ལོག་སྤྱོད་ལབ་དགོས་པ་རེད།

 

དྲི་བ། དེ་སྔོན་ཁྱེད་ཀྱིས་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་པ་ཡིན་ན། ལས་ཀ་དང་པོ་དབུས་བོད་མིའི་སྒྲིག་འཛུགས་དེ་བཙན་བྱོལ་བོད་གཞུང་ལ་ཕྱིར་འགྱུར་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན་ཞེས་བརྗོད་ཡོད་སྟབས། མ་འོངས་པར་འགྱུར་བ་གཏང་བ་ཡིན་ན་རྒྱ་གར་གཞུང་གིས་གཙོས་བོད་རྒྱ་ཆེའི་མི་མང་གི་ངོས་ནས་དང་ལེན་བྱེད་སྲིད་དམ།

ལན། ངས་རྒྱ་གར་གཞུང་གིས་འདི་ལ་གནོན་ཤུགས་ཤིག་སྤྲད་ཀྱི་རེད་བསམ་གྱི་མི་འདུག རྒྱ་གར་གཞུང་གིས་བོད་གཞུང་ངོས་ལེན་གང་ཡང་བྱས་ཡོད་པ་མ་རེད། རྒྱ་གར་གཞུང་ལ་ཁྲིམས་ཐོག་ནས་དེབ་སྐྱེལ་བྱས་ཡོད་པ་དེ་དབུས་བོད་མིའི་སྒྲིག་འཛུགས་ (Central Tibetan Administration) ཟེར་བ་འདི་རེད། རྒྱ་གར་གཞུང་གིས་ཁྲིམས་ཐོག་ནས་བཙན་བྱོལ་བོད་གཞུང་ཟེར་བ་ངོས་འཛིན་བྱས་མེད་སྟབས། འདི་ལ་མིང་ག་རེ་འདོགས་མིན་རྒྱ་གར་གཞུང་ལ་ཇུས་གཏོགས་མེད་པ་མ་ཟད། རྒྱ་གར་གྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་འགྲོ་བ་མིའི་རིགས་ལ་སྨྲ་བརྗོད་རང་དབང་དང་། སོ་སོའི་སྲིད་དོན་གྱི་གདམ་ཀ་སོ་སོས་བྱེད་ཆོག་པ་བཀོད་ཡོད་སྟབས། རྒྱ་གར་གཞུང་གིས་ང་ཚོར་ཐད་ཀར་གནོན་ཤུགས་སྤྲད་སའི་གཞི་ཡོད་པ་མ་རེད། རྒྱ་ཆེའི་མི་མང་གིས་དེར་དང་ལེན་བྱེད་མིན་ནི། ངས་རྒྱ་ཆེའི་མི་མང་ལ་འགྲེལ་བཤད་གང་འདྲ་རྒྱག་མིན་ལ་རག་ལུས་ཡོད་རེད་བསམ་གྱི་འདུག ངས་སྐབས་དང་དུས་ལ་དཔག་པའི་འགྲེལ་བཤད་ཡང་དག་པ་ཞིག་བརྒྱབ་ཏེ། དེ་སྔོན་བཙན་བྱོལ་བོད་གཞུང་གི་མིང་འགྱུར་བ་དེ་བོད་རྒྱ་ཞི་མོལ་དང་རྒྱ་གར་གཞུང་གི་གནོན་ཤུགས་རྐྱེན་པས་འགྱུར་བ་བཏང་བ་རེད་ཟེར་བ་སོགས་འགྲེལ་བཤད་ག་རེ་བརྒྱབ་ཡོད་ཀྱང་། དེར་ངས་རྒྱ་གར་གཞུང་གིས་གནོན་ཤུགས་ཡོང་གི་མེད་པ། བཙན་བྱོལ་བོད་གཞུང་གི་མིང་འགྱུར་བ་བཏང་ནས་རྒྱ་ནག་གཞུང་གིས་ང་ཚོ་དང་ཞི་མོལ་བྱ་རྒྱུའི་ཚབ་ཏུ་སྡུག་ཏུ་བཏང་ཡོད་པ་སོགས་གྲོས་ཚོགས་ནང་གསལ་པོ་བཤད་པ་ཡིན་ན། གྲོས་ཚོགས་ཀྱིས་འདིར་ངོས་འཛིན་ཐུབ་ཀྱི་རེད་བསམ་གྱི་འདུག སྐབས་སྔོན་མའི་གྲོས་ཚོགས་འཐུས་མིས་ངོས་ལེན་མ་བྱས་པ་ཡིན་ཡང་། ད་ལྟ་གྲོས་ཚོགས་ཀྱི་འཐུས་མི་གསར་པ་ཡོང་གི་ཡོད་སྟབས། ཁོ་ཚོས་དངོས་ཡོད་གནས་ཚུལ་ལ་དཔག་པའི་ལས་ཀ་ཞིག་ཏན་ཏན་བྱེད་ཀྱི་རེད་བསམ་གྱི་འདུག འདི་ངའི་གོམ་པ་དང་པོ་དེ་ཡིན། གོམ་པ་གཉིས་པ་དེ་དང་པོ་ང་ཡར་བསླེབ་རྒྱུར་ཤུགས་རྒྱག་དགོས་པ་དང་། གཉིས་པ། ཁྲིམས་དང་སྒྲིག་གཞིའི་འཆར་གཞི་བཟོ་དགོས་པ། གསུམ་པ། རྒྱ་ཆེའི་མི་མང་ལ་ངོ་སྤྲོད་བྱ་རྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ལས་འགུལ་སྤེལ་དགོས་པ་ཆགས་ཡོད་སྟབས། ང་ལ་བོད་རྒྱ་ཆེའི་མི་མང་གིས་རྒྱབ་སྐྱོར་བྱས་ནས་ཡར་བསླེབ་པ་ཡིན་ན། ངས་དབུས་བོད་མིའི་སྒྲིག་འཛུགས་བོད་གཞུང་ལ་འགྱུར་བ་གཏོང་རྒྱུར་སྟབས་བདེ་པོ་ཆགས་ཡོད་པ་མ་ཟད། རྒྱ་གར་གཞུང་གི་གནོན་ཤུགས་བསླེབ་པ་དང་། གྲོས་ཚོགས་དང་བོད་མི་མང་གིས་དང་ལེན་བྱེད་ཀྱི་མ་རེད་བསམ་པའི་སེམས་ཁྲལ་གང་ཡང་མེད། གཙོ་བོ་དེ་མགོར་སྡོད་མཁན་ཚོས་ལས་ཀ་དེ་འཇོན་པ་ཡིན་ན་སོ་སོས་བྱེད་དགོས་པ་དང་། མ་འཇོན་པ་ཡིན་ན་དེའི་གྱོང་དང་གནོན་ཤུགས་རང་ཉིད་ཀྱིས་འཁུར་གྱི་ཡིན་ཟེར་ནས་ཁས་ལེན་དམ་བཅའ་ཞིག་གི་འོག་ཏུ་ཕྱིན་པ་ཡིན་ན། ངས་མིང་འགྱུར་རྒྱུ་འདི་ལས་སླ་པོ་རེད་བསམ་གྱི་འདུག

 

དྲི་བ། ཁྱེད་རང་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་དང་དབང་ཤུགས་ཅན་གྱི་མི་སྣ་ཁག་གཅིག་གིས་ཆབ་སྲིད་ཀྱི་རྩེད་ཆས་སམ་ལག་ཆ་ལྟ་བུ་ཞིག་ཏུ་བེད་སྤྱོད་བྱེད་ཀྱི་ཡོད་ལུགས་བརྗོད་མཁན་མང་པོ་འདུག་པས། དེའི་ཐད་ཁྱེད་ལ་ག་རེ་བཤད་རྒྱུ་ཡོད།

ལན། ང་ཚོ་འདྲ་པོས་སྤྱི་ཚོགས་སྒང་ལ་ལས་ཀ་བྱས་ནས་ཡོང་སྐབས། མི་དེ་ཚོས་གཞན་པས་བེད་སྤྱོད་བཏང་བ་རེད་ཟེར་བ་དང་། མི་ཁ་ཤས་ཀྱིས་སོ་སོས་ལྷག་བསམ་རྣམ་དག་གིས་ལས་ཀ་བྱས་པ་ཡིན་ཡང་། དེ་ཚོ་ཀླུ་མཁར་བྱམས་ཀྱི་ཨབ་ཕྲུག་རེད་ཟེར་བ་དང་ཀླུ་མཁར་བྱམས་ཀྱིས་བེད་སྤྱོད་གཏོང་གི་ཡོད་རེད་ཟེར་བ་སོགས། ང་ཚོའི་སྤྱི་ཚོགས་ནང་བསྡད་ནས་བསྡད་ཚོད་མེད་པ་འདྲ་པོ་ཆགས་ཀྱི་འདུག འདི་ཚོ་མང་ཆེ་བ་དྲ་འབུ་ཡི་སྐད་ཆ་རེད་བསམ་གྱི་འདུག་མ་གཏོགས། སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་གྱི་སྡིངས་ཆ་ཞིག་གི་སྐད་ཆ་མ་རེད། ང་ཆ་བཞག་ན་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་མི་ཞིག་ཡིན་སྟབས། དེའི་ཁྲིམས་དང་སྒྲིག་གཞིའི་ཁྱབ་ཁོངས་འོག་འགྲོ་དགོས་པ་དང་། ད་ལྟ་དགུ་བཅུ་གསུམ་ཚོགས་པའི་ཚོགས་གཙོ་ཡིན་པའི་ཆ་ནས་ཚོགས་པའི་བྱེད་སྒོ་རྣམ་གཞག་ཁག་ལའང་བསྟུན་དགོས་པ་ཆགས་ཡོད་སྟབས། ང་ཁོ་ཚོའི་རྩེད་མོ་རྩེད་ས་དང་གནོན་ཤུགས་སྤྲོད་ས་རེད་ལབ་ན་འགྲིག་གི་མ་རེད། ཆབ་སྲིད་ཀྱི་ལས་ཀ་བྱེད་སྐབས་མི་གཅིག་ལ་ཆ་བཞག་ན། བོད་རང་བཙན་དེ་མི་གཅིག་གི་ལས་འགན་མིན་སྟབས། བོད་རང་བཙན་ལེན་མཁན་གྱི་ལྟ་ཕྱོགས་མཐུན་པའི་མིའི་ཁྱབ་ཁོངས་ལ་གཅིག་གིས་གཅིག་ལ་མཐུན་སྒྲིལ་དང་མཉམ་འབྲེལ་བྱེད་དགོས་པ་མ་ཟད། མཉམ་འབྲེལ་དེ་ཡང་སྤྱི་འཆང་ཞིག་དང་ཁ་གཏད་ཞིག་གི་ངོས་ནས་བྱེད་དགོས་སྟབས། ང་ཁོ་ཚོའི་ལག་ཆ་རེད་ཟེར་བ་དང་བེད་སྤྱོད་གཏོང་ས་རེད་ཟེར་བ་དེ་ཚོ། ངས་གསང་ལམ་ནང་གི་སྐད་ཆ་ཞིག་ཡིན་པ་ལས་རིན་ཐང་ཆེན་པོ་ཡོད་པར་མཐོང་གི་མི་འདུག ང་ལ་ཆ་བཞག་ན་བློ་ཕམ་ཆེ་ཤོས་དེ་སྐད་ཆ་འདིའི་རིགས་ལ་ཡར་རྒྱས་གཅིག་ཀྱང་འགྲོ་གི་མི་འདུག སྔོན་མ་ནས་འདི་འདྲ་རྐྱང་རྐྱང་བཤད་བསྡད་ཡོད་པ་མ་ཟད། ད་ལྟ་ཡིན་ཡང་བཤད་ཀྱི་ཡོད་པ་རེད། སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པ་དང་ཆབས་གཅིག་ཏུ་མི་དེ་ཚོའི་ཤེས་ཡོན་དང་གནས་ཚད། སྐད་ཆའི་གླེང་སྟེགས་ལ་འགྱུར་བ་ཞིག་འགྲོ་གི་ཡོད་ན། ང་ལ་ཏན་ཏན་ཕན་ཐོགས་ཀྱི་རེད་མ་གཏོགས། སྐད་ཆ་འདིའི་རིགས་བཤད་པ་ཡིན་ན། བཤད་མཁན་ཞིག་གིས་བཤད་པ་ཡིན་ཡང་། ང་སྒེར་ངོས་ནས་འདི་ཚོའི་རིགས་ལ་ལན་ག་རེ་རྒྱག་དགོས་མིན་ཧ་གོ་གི་མི་འདུག རང་བཙན་དེ་ཀླུ་མཁར་བྱམས་གཅིག་པུའི་ལས་འགན་མིན་པ་མ་ཟད། འཐོབ་པ་ཡིན་ཡང་ང་གཅིག་པུར་འཐོབ་པ་མིན་སྟབས། རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་ང་འོས་མིར་བཏོན་པར་བརྟེན། ང་ཁོ་ཚོའི་ཆབ་སྲིད་ཀྱི་ལག་ཆ་རེད་ཟེར་ན་ངས་ངོས་འཛིན་བྱེད་ཀྱི་མ་རེད།

 

དྲི་བ། ཁྱེད་ཀྱི་སྲིད་གཞུང་གསར་པ་དེ་བསླེབ་ན། དབུ་མའི་ལམ་གྱི་ལྟ་བ་འཛིན་མཁན་ཚོར་དབུགས་ཤིག་གཏོང་བའི་གོ་སྐབས་ཡོད་སྐོར་བརྗོད་པ་དེ་དང་། ཁྱེད་ཀྱི་ལྟ་གྲུབ་བཞི་ཡི་ནང་གཞུང་སྲིད་བར་གནས་ཞེས་པ་གཉིས་འགལ་ཟླ་རུ་འགྲོ་ཡི་མེད་དམ།

ལན། གཞུང་སྲིད་བར་གནས་ཟེར་བ་དེ། གཞུང་གིས་རྩ་བའི་ལས་དོན་བྱེད་ཕྱོགས་ཐོག་ནས་ལབ་ཀྱི་ཡོད་པ་མ་རེད། གཞུང་གི་ཆབ་སྲིད་ཀྱི་སྲིད་བྱུས་དེ་རང་བཙན་ལ་འགྱུར་གྱི་ཡིན་ཟེར་བ་དེ་ཡིན་ཡང་། རང་བཙན་ལ་འགྱུར་བ་དང་ཆབས་གཅིག་བཙན་བྱོལ་བོད་མི་ཡོད་དོ་ཅོག་གི་ལྟ་བ་དེ། རང་བཙན་ལ་འགྱུར་དགོས་པ་དང་གལ་སྲིད་མ་འགྱུར་བ་ཡིན་ན། འདི་དང་འདི་བྱེད་ཀྱི་ཡིན་ཟེར་བའི་གནས་སྟངས་གང་ཡང་ཆགས་ཀྱི་ཡོད་པ་མ་རེད། དཔེར་ན། ང་སྲིད་སྐྱོང་ཆགས་པ་ཡིན་ན། ངའི་གཞུང་གི་ལྟ་བ་དེ་རང་བཙན་ལ་འགྲོ་དགོས་པ་དེ་ཨ་ཅང་ཅང་ཡིན་ཡང་། དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་སྒེར་བ་དེ་འདྲ་ཡོང་ཆོག་གི་རེད། དེ་གུ་ཡངས་ཀྱི་རང་བཞིན་ཞིག་རེད། གཞུང་གིས་ལས་དོན་བྱེད་སྐབས་ཁོ་རང་གིས་གཞུང་གི་ལས་དོན་ཏག་ཏག་ཅིག་བསྒྲུབ་པ་ཡིན་ན། ནང་ལ་ཕྱིན་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལབ་ཀྱང་། ངས་དེ་དཀའ་ངལ་ཞིག་ལ་མཐོང་གི་མེད། ངར་སྲིད་སྐྱོང་གི་རྒྱལ་ཁ་འཐོབ་ཉིན་ནས་བཟུང་། དབུ་མའི་ལམ་དང་རང་བཙན་གྱི་སྲིད་སྐྱོང་མིན་པ་མ་ཟད། ཆོས་ལུགས་བྱེ་བྲག་པ་ཞིག་གི་སྲིད་སྐྱོང་ཡང་མ་རེད། བཙན་བྱོལ་བོད་མི་སྤྱི་ལ་དབང་བའི་སྲིད་སྐྱོང་ཡིན་སྟབས་གཅིག་འགྱུར་གྱི་བལྟ་དགོས་པ་རེད། དབུ་མའི་ལམ་རྩོད་མཁན་ཚོར་འབུར་བཅོམ་གཏོང་རྒྱུའི་གནས་སྟངས་རྩ་བ་ཉིད་ནས་ཆགས་ཀྱི་མ་རེད། ངའི་གཞུང་དེ་རང་བཙན་དང་དབུ་མའི་ལམ་གཉིས་ཆ་མིན་པ་ཞིག་ཆགས་ཀྱི་རེད་དམ་ཟེར་ན་དེ་ཆགས་ཀྱི་མ་རེད། གཞུང་གི་སྲིད་བྱུས་དེ་ཕྱི་གསལ་ནང་གསལ་གྱི་ཐོག་ནས་རང་བཙན་ཐོག་འགྲོ་རྒྱུ་མ་ཟད། ང་ཚོས་རང་བཙན་གྱི་ཁྱབ་ཁོངས་ཐོག་ནས་ལས་ཀ་ག་རེ་བྱེད་དགོས་པ་དང་། རྒྱལ་སྤྱིའི་ཁྲིམས་སར་ག་རེ་གཏུག་དགོས་འདུག རྒྱལ་སྤྱིའི་མི་མང་ལ་གང་འདྲ་བྱས་ནས་གོ་རྟོགས་སྤེལ་དགོས་འདུག རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་སྐབས། ང་ཚོས་བོད་རང་བཙན་གྱི་བརྗོད་གཞི་གཙོ་བོར་འགྱུར་བའི་ཐོག་ནས་གནོན་ཤུགས་སྤྲོད་རྒྱུའི་ལས་ཀ་དེ་ཚོ་ཏན་ཏན་བྱེད་ཀྱི་རེད།

 

དྲི་བ། བཙན་བྱོལ་སྤྱི་ཚོགས་ནང་ཁྱེད་རང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལ་ངོ་རྒོལ་བྱེད་མཁན་ཞིག་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད་སྟབས། ཁྱེད་རང་གིས་དེའི་ཐད་གསལ་བཤད་ཅིག་གནང་རོགས།

ལན། བཙན་བྱོལ་སྤྱི་ཚོགས་ནང་ལ་ང་ཚོ་རང་བཙན་རྩོད་མཁན་ཚོ་༧གོང་ས་མཆོག་ལ་ངོ་རྒོལ་བྱེད་མཁན་དང་མཚན་སྨད་ཞུ་མཁན་རེད་ཟེར་བ་དེ། ང་སྲིད་སྐྱོང་ལ་ལངས་སྐབས་ཙམ་མིན་པར། སྔོན་མ་ནས་དེ་འདྲ་རྐྱང་རྐྱང་ཞིག་བཤད་བསྡད་ཡོད་ཀྱང་། ད་རེས་ང་སྲིད་སྐྱོང་གི་འོས་མིར་ལངས་པ་དང་། ཕྱོགས་མཐའ་ཁག་ལ་གཏམ་བཤད་བྱ་རྒྱུ་རག་པ། ལྷག་པར་དུ་བརྒྱུད་ལམ་ཁག་ཏུ་གསལ་བཤད་བྱ་རྒྱུའི་གོ་སྐབས་ཡོད་སྟབས། ང་ལ་ཆ་བཞག་ན་སྐད་ཆ་འདིའི་རིགས་མི་མང་ནང་ལ་ཁ་གསལ་དུ་འགྲོ་རྒྱུ་གོ་སྐབས་ཡག་པོ་ཞིག་རེད་བསམ་གྱི་འདུག མི་མང་གིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་དང་། ༧གོང་ས་མཆོག་ཁ་ལ་འཁྱེར་ནས་སོ་སོའི་དོན་དག་སྒྲུབ་མཁན་གྱི་དབར་ལ་ས་མཚམས་དབྱེ་རྒྱུའི་དུས་ཚོད་ཅིག་བསླེབས་ཡོད་རེད་བསམ་གྱི་འདུག ང་༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་རེད་ཟེར་མཁན་གྱི་མི་དེ་ཚོ་དང་། ད་ལྟ་བརྒྱུད་ལམ་ཁག་ཏུ་ང་ཚོའི་དབར་ལ་བགྲོ་གླེང་དེ་འདྲ་ཡོང་བསྡད་ཡོད་སྟབས། འདིས་ང་ལ་ཕན་ཐོགས་ཡོད་པ་ཞིག་དང་། ང་ཚོའི་སྤྱི་ཚོགས་ནང་གི་གནད་དོན་ཁག་གཅིག་ལ་ཕྱི་གསལ་ནང་གསལ་ཆགས་རྒྱུའི་རེ་བ་ཡོད་རེད་བསམ་གྱི་འདུག ངས་ང་ཚོའི་སྤྱི་ཚོགས་ལ་ཁག་ཡོད་མ་རེད་བསམ་གྱི་འདུག སྔོན་མ་ཟམ་གདོང་རིན་པོ་ཆེས་རང་བཙན་རྩོད་མཁན་དེ། ༧རྒྱལ་བ་རིན་པོ་ཆེའི་ཁ་གཏད་རེད། དོལ་རྒྱལ་བསྟེན་མཁན་ལས་རང་བཙན་རྩོད་མཁན་༧རྒྱལ་བ་རིན་པོ་ཆེར་དད་པ་མེད་མཁན་དེ་ཚོ་ཉེན་ཁ་ཚ་བ་ཡོད་པའི་ངོས་འཛིན་གནང་ཡོད་སྟབས། དེ་ལ་ལྟོས་ནས་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདིའི་ནང་ལ་རྙོག་གྲ་ལུང་པ་གང་བྱུང་ཡོད་སྟབས་མི་མང་དཀྱུས་མར་ཁག་གང་ཡང་ཡོད་པ་མ་རེད། ང་ཚོས་དམངས་གཙོའི་ལུང་པའི་ནང་ཁྲིམས་སྒྲིག་དང་ཐོབ་ཐང་རྨང་གཞིར་བཟུང་ནས་སྐད་ཆ་བཤད་ཡོད་པ་ལས། ༧གོང་ས་མཆོག་ལ་མཚན་སྨད་ཞུས་མ་ཞུས་ཀྱི་གནད་དོན་གང་ཡང་ཆགས་མེད་སྟབས། ཉི་མ་ཇེ་རིང་དང་རྩམ་པ་ཇེ་ཞིམ་ཟེར་བ་ལྟར། ངས་༧གོང་ས་མཆོག་ལ་མཚན་སྨད་ཞུས་མེད་པ་ད་ལྟ་མི་མང་ནང་ལ་ངོ་འཕྲོད་ཡོང་གི་འདུག

གསར་འགོད་པ། དོན་གྲུབ།

མཆན། 16

  1. སེམས་ཆུང་ says:
    ལོ་ 8 སྔོན།

    གཞན་པ་ཚོ་ལུག་འཚོང་མཁན་ཡིན་ན་ཁྱོད་གཡག་འཚོང་མཁན་ཡིན་རྒྱུ་རེད། ཧཧཧཧཧཧ

    Reply
  2. བྱ་ཁྱུང་། says:
    ལོ་ 8 སྔོན།

    དེང་རང་རིགས་སྤྱི་ཚོགས་ནང་སྲིད་སྐྱོང་གི་འོས་མི་ལངས་མཁན་གྱི་ཕྱོགས་སཽ་ནས་སཽའི་འོས་མི་དེ་འབུར་དུ་ཐོན་ཐབས་སུ་གཞན་དེ་དོན་མེད་ཀྱི་སྐྱོན་འཛུགས་སྣ་ཚོགས་སྦྲགས་ཏེ་དྲ་རྒྱ་སོགས་ཀྱི་རྒྱུ་ལམ་ཁག་ནང་གཏོང་རྒྱུ་ནི་ཡག་པོ་ཞིག་མི་འདུག་སྙམ། དེ་ལས་སཽའི་འོས་མི་དེའི་ལངས་ཕྱོགས་གང་ཡིན་པ་གསལ་འདོན་བྱ་རྒྱུ་དང་དེའི་ཐོག་ནས་མི་མང་ནང་ལ་གོ་རྟོགས་སྤེལ་རྒྱུ་དེ་གལ་ཆེན་པོ་རེད་འདུག དེ་འདྲ་ཡིན་དུ་སྐད་ཆ་ལུད་པ་ལྟ་བུ་མ་ཡིན་པར་ཁུངས་ལུངས་ཡོད་པ་ཅན་སྤྱི་ཚོགས་ཀྱི་དྲ་རྒྱ་ནང་འཇོག་ཐབས་འབད་དགོས།

    Reply
  3. བོད་མི་དམངས། says:
    ལོ་ 8 སྔོན།

    ཚྭ་ཚོང་མཁན་འདིའི་སྐད་ཆ་ཡང་བསྐྱར་ཐེངས་གཅིག་ཀློག་དུས་ཁོའི་ནུབ་ཕྱོགས་ཀྱི་སྲིད་དོན་ཚན་ཉིད་འདུག མི་བུ་ཞིག་གིས་བསམ་བློ་གཏོང་དགོས་པའི་རིན་ཐང་འདུག དེ་མ་གཏོགས་སྒོག་པ་སེང་གེས་འདི་གསར་བ་ཡིན་དང་གཞན་ཐེངས་དང་པོ་ཡིན། སྒོག་པ་སྤེན་ཚེས་༸རྒྱལ་བའི་བཀའ་བཞིན་གྱི་ཡིན། མཐའ་ཏུ་ངོ་རྒོལ་བྱེད་ཀྱི་ཡིན།

    གང་ལྟར།ཚྭ་ཚོང་མཁན་འདིས་སྲིད་སྐྱོང་ལ་ཐོབ་དགོས་པ་དང་། སྒོག་པ་སེང་གེ་ཧཱ་ཝར་གཙུག་ལག་ཁང་དུ་གཏོང་དགོས་པ་དང་སྒོག་པ་སྤེན་ཚེ་དགའ་ལྡན་ཕོ་བྲང་དུ་གཏོང་དགོས།

    Reply
  4. ཀརྨ་ཚེ་བརྟན། says:
    ལོ་ 8 སྔོན།

    ཀླུ་བྱམས་ལགས། ཁྱེད་ཀྱི་སེམས་ཤུགས་དང་ལྷག་བསམ་ལ་བསྔོགས་བརྗོད་གྲངས་མེད་ཡོད་འོན་ཀྱང་རྒྱལ་ཁབ་ཅིག་གི་རྒྱལ་རབས་དང་འཐབ་བརྩོད་ལ་ཐུག་ཡོད་ཙང་སྲིད་སྐྱོང་གྱི་ཞབས་བཀྱག་ནི་རྩེད་མོ་རྩེད་ས་ཞིག་མ ཡིན་པ་དགོངས་པ་ཇོག་རོགས་གནང།།།

    Reply
  5. བུ་བསྟན་འཛིན། says:
    ལོ་ 8 སྔོན།

    བཀྲིས་བེད་ལེགས།

    Reply
  6. དབང་འདུས། says:
    ལོ་ 8 སྔོན།

    ༄༅། །ཤ་རུས་གཅིག་པའི་བོད་རིགས་སྤུན་ཟླ་ཡོངས་ལ། གུས་པའི་བསམ་ཚུལ་ཞིག་ཞུ་རྒྱུར། གུས་པ་ནི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་སུ་ཤར་བསྐྱོད་བྱ་མཁན་ཞིག་ཡིན་ལ་སྐབས་གཉིས་པའི་སྐྱིད་སྐྱོང་ཡང་མི་སྣ་དྲང་ཚུགས་ལྡན་པ་དང་ཉམས་མྱོང་ལྡན་པ་ཞིག་ལ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་མ་གཏོགས་དེ་མིན་གྱིས་འུད་ཤོབ་དང་མ་ཡིན་རྫུན་སྒྲིག་བཟོས་ནས་མི་མང་བསླུ་བྲིད་བྱ་མཁན་རྒྱབ་སྐྱོར་ནམ་ཡང་མེད་ལ་རྒྱ་ཆེའི་མི་མང་ཡོངས་ནས་ཀྱང་དེ་དོན་ཡིད་ཟབ་ཡོད་པ་ཞུ།

    Reply
    • ཙོང་ཁའི་སྲས། says:
      ལོ་ 8 སྔོན།

      དེ་ཁྱེད་རང་གི་བསམ་ཚུལ་རེད།

      Reply
  7. ཤག་སྒང་པ་སངས་ཚེ་རིང་། says:
    ལོ་ 8 སྔོན།

    ཀླུ་མཁར་བྱམས་ལ་མི་མོས་མཁན་ཚོས་ངེས་པར་དུ་ཁོང་གི་གཏམ་བཤད་ལ་ཉན་ནས་གནས་ལུགས་ཅི་ཡོད་མིན་ལ་སློབ་སྦྱོང་བྱ་དགོས་པ་རེད་བསམས།

    ཀླུ་མཁར་གྱི་གཏམ་བཤད་དེ་ཚོ་དོན་དུ་བསྒྲུབ་ཐུབ་པ་དང་ཡོང་སྲིད་པ་ཡིན་པའི་གནད་དོན་ལའང་བསམ་གཞིགས་ནན་མོ་བཏང་ནས་འོས་ཤོག་འཕེན་དགོས་པ་རེད་ཟེར་གྱི་ཡོད།

    Reply
  8. སྐར་ཁྲི་བཙན། says:
    ལོ་ 8 སྔོན།

    ཀླུ་མཁར་བྱམས་ལ་འོས་ཐོབ་ཀི་མ་རེད།
    གུས་པར་ཀླུ་མཁར་བྱམས་ལ་འོས་ཤོག་གི་རྒྱལ་ཁ་ཐོབ་པའི་གདེང་ཚོད་མེད་ལ། ད་ལྟ་སྐབས་བཅུ་དྲུག་པའི་སྲིད་སྐྱོང་ལ་བཞེང་བཞིན་པའི་འོས་མི་གཞན་ཚང་མ་མཉམ་གཅིག་ཏུ་སྡེབ་པ་ན། སྐད་ཆའི་དྲང་བདེན་དང་། ཆབ་སྲིད་ཀྱི་གོ་རྟོགས། བོད་སྤྱི་བར་སེམས་གཏིང་ནས་འགན་ཁུར་བ་སོགས་མདོར་ན་ཀླུ་མཁར་བྱམས་ཀྱི་གཏམ་བཤད་ཀྱི་ཕྱེད་ཀའི་དོ་ཟླ་མི་ཡོང་བའི་ཡིད་ཆེས་ཡང་བརྟན་པོ་ཡོད། ཀླུ་མཁར་བྱམས་ལ་མེད་པ་ནི་གོང་ལ་སྤྲེལ་ལད་དང་དམངས་ལ་མགོ་སྐོར་བཏང་བའི་ཉམས་མྱོང་མི་འདུག་སྙམ། ཀླུ་མཁར་བྱམས་ལ་མེད་པ་ནི་མ་འོང་ལུང་བསྟན་གྱི་ཚུལ་དུ་བོད་སྤྱི་བའི་ལས་དོན་ལ་བླ་ན་མེད་པ་ཅིག་བྱ་མདོག་གིས་མི་མང་གི་བློ་འགུག་པའི་ནུས་པ་མེད་པར་འདོད། ཀླུ་མཁར་བྱམས་ལ་མེད་པ་ནི་༧གོང་ས་མཆོག་གི་མཚན་བེད་སྤྱོད་ཀྱིས་དཀར་པོ་བཟོ་འདོད་ན་དཀར་པོ་དང་ནག་པོ་བཟོ་བསམ་ན་ནག་པོ་བཟོ་མཁས་པའི་གོམས་གཤིས་མི་འདུག་སེམས། མདོར་ན་ཀླུ་མཁར་བྱམས་ལ་མེད་པ་ནི་ཁ་ནས་ཞེ་ས་རྐྱང་རྐྱང་དང་ཁོག་ན་ངན་དགུའི་མུན་པ་འཐིབ་མེད་པར་འདོད། ཀླུ་མཁར་བྱམས་ལ་འོས་ཤོག་གི་རྒྱལ་ཁ་མ་ཐོབ་ཀྱང་ཁོང་གི་ཚད་མཐོ་བའི་རྣམ་དཔྱོད་དང་སྤོབས་པ་ནམ་ཡང་ཉམས་ཀྱི་མ་རེད་འདོད། གང་ཡིན་ཟེར་ན། གྲངས་ཀ་ཉུང་ཡང་ཁོང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་བུ་དག་ནི་གནས་ལུགས་དང་དྲང་བདེན་གྱི་ལམ་ལ་བསྙེག་མཁན་ཤ་སྟག་རེད་ལ་བཙན་བྱོལ་ནང་གི་སྙུག་འཛིན་པ་རྩེ་ཏོག་གི་སྡེ་ཡིན་པས།
    བྲན་གཡོག་གཤིས་ཀ་ལ་མོས་པ་མེད་པའི་ཀླུ་མཁར་བ། དད་པ་ལོག་སྤྱོ་ཀྱི་ལུགས་སྲོལ་མེད་པའི་ཀླུ་མཁར་བ། དམར་པོའི་ངན་གཤིས་ལ་རྒྱུས་མངའ་ཡོད་པའི་ཀླུ་མཁར་བ། བོད་ཀྱི་ལོ་རྒྱས་ལ་བྱང་ཆ་ལྡན་པའི་ཀླུ་མཁར་བ། དགྲ་བོའི་ཁ་གཏད་ལ་འཆར་གཞི་ཟབ་པའི་ཀླུ་མཁར་བ། དམངས་གཙོའི་སློང་ཕོར་མཁར་རུ་འདེགས་པའི་མི་མང་གིས་ཁྱེད་མཐོང་མི་སྲིད། ང་ཚོ་ལ་ད་དུང་དམངས་གཙོའི་སློང་ཕོར་ཙམ་ལས་མེད་པས་སོ།

    Reply
  9. ཟླ་རིག་ལྷ་སྐལ། says:
    ལོ་ 8 སྔོན།

    ཨ་མཆོག་ཀླུ་མཁར་བྱམས་ལགས་སེམས་ཤུགས་དང་ལྷག་བསམ་འདུག
    ཉིས་སྟོང་བཅུ་དྲུག་ལོའི་སྲིད་སྐྱོང་འོས་མིར་ལངས་པར་དགའ་བསུ་ཞུ།།
    ཡིན་ནའང་་་་་་རྒྱལ་ཁ་ནི་གཟི་བརྫིད་ཡིན་ལ།
    ཕམ་ཁ་ནི་འཐུས་ཤོར་ཡིན།
    བོད་རྒྱལ་ལོ།།

    Reply
    • ཨོ་རྒྱན་མཁྱེན། says:
      ལོ་ 8 སྔོན།

      ཨ་མཆོག་ལངས་ཕྱོགས་དངོས་ཡོད་ཡིན།
      བོད་ནི་རྒྱལ་རབས་ཐོག་ནས་རང་བཙན་དང་།
      ལོ་རྒྱུས་འབུར་ཐོན་ཅན་གྱི་རྒྱལ་ཁབ་ཡིན།
      དེ་ལས་རྩོད་མེད་ཡོངས་སུ་བསྒྲགས།

      ད་ནི་ཉམས་ཐག་གནས་འདིར་དུས་ཚོད་སྐྱེལ།
      ཕ་ཡུལ་མཐོང་རྒྱུ་བྲལ་བའི་ད་ཕྲུག་ཚོར།
      ངེས་པར་དུས་ཚོད་འཕྲོ་བརླག་མ་སོང་བ།
      བློ་དང་རིག་པ་བསྒྲིལ་ཏེ་མདུན་འགྲོ་བགྱི།

      Reply
  10. གངས་སེམས་གསོན། says:
    ལོ་ 8 སྔོན།

    ཀླུ་མཁར་བྱམས་ལགས་སྲིད་སྐྱོང་དུ་ལངས་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་མཉམ་དུ། ངས་འདི་ནས་མ་བཤད་ཐབས་མེད་ཀྱི་དོན་དག་འགའ་བཤད་དགོས་བྱུང་། ཚོགས་པ་སྒྲིག་འཛུགས་དང་མི་སྒེར་སུ་འདྲ་ཞིག་གིས་ཁྱེད་རང་རྒྱབ་འདེད་གཏོང་གི་ཡོད་མེད་དེ་རྒྱ་ཆེའི་མི་མང་གིས་སྔོག་དགོས་པའི་དོན་དག་ཅིག་མ་རེད། ཡིན་ནའང་། སྤྱི་འཐུས་ཚོགས་གཙོ་མཆོག་དང་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་བཀྲ་ཤིས་དབང་འདུས་མཆོག་གཉིས་ལ་རྒྱབ་སྐྱོར་གྱིས་འོས་བླུགས་འདོད་ཡོད་མཁན་ཚོས་དངོས་གཞི་དང་སྔོན་འགྲོ་གཉིས་སུ་ཀླུ་མཁར་བྱམས་ལ་འོས་གྲངས་ག་ཚོད་ཐོབ་ཀྱི་ཡོད་མེད་དང་། རྒྱབ་སྐྱོར་བ་ཡིན་ཞེས་སྐད་སྒྲ་ཆེན་པོ་འདོན་གྱི་ཡོད་པ་དེ་ཚོར་གཏན་ནས་སེམས་མི་གཡང་བར་མཐའ་གཅིག་ཏུ་གོང་ནས་ཞུས་པའི་ཚོགས་གཙོ་དང་འགན་འཛིན་རྣམ་གཉིས་ལ་འོས་བླུགས་རྒྱུ་ནི་གནད་ལ་ཁེལ་བའི་དོན་རེད། དེ་མིན་ཁོང་གཉིས་ཀྱི་རྒྱབ་སྐྱོར་བ་ཚོ་གཡོ་ཇུས་འོག་ཚུད་པའི་ཉེན་ཁ་ཆེན་པོ་ཞིག་མཐོང་གི་འདུག

    Reply
  11. ཁམས་ཕྲུག says:
    ལོ་ 8 སྔོན།

    ཇོ་བོ་རིན་པོ། ༌༌༌༌༌༌༌༌༌་ཕོ་རྒོད་ཀླུ་མཁར་བྱམས། མི་དེ་ལ་རྣམ་དཔྱོད་དང་། བློ་ཁོག དྲན་བདེན། དམིགས་ཡུལ་ངེན་ཅན་འདུག སྲོད་སྐྱོང་ལ་འོས་ཐག་གཅོད་འོས་ས་འདུག ཁྱོའི་རྒྱབ་ལ་ང་ཡོད་གདའ། དཀོན་མཆོག་གསུམ་༌༌༌འོ་ཡ།

    Reply
  12. འཇིགས་མེད་སེངྒེ། says:
    ལོ་ 8 སྔོན།

    རིམ་གྱིས་བཀླགས་སྐབས་ནམ་མཁར་ལྡིང་བའི་ཚོར་སྣང་ཙམ་ལས། ས་ཐོག་ཏུ་འགྲོ་བའི་སྣང་བ་མི་སྟེར་བས། “ཨ་རོགས་ཀླུ་བྱམས། སུ་ཝུ་ཁུང་ནང་བཞིན་འཕུར་མ་སྡོད། དེ་ལས་རང་གཟུགས་མངོན་ནས་མི་ཡུལ་ལ་ལོག་ཤོག་ཅེས་འབོད་དགོས་བྱུང་།”

    Reply
  13. བློ་བཟང་བཟོད་པ། says:
    ལོ་ 8 སྔོན།

    ཚ་དང་སྒོག་པ་ཙམ་མ་ཟད་སྒོང་ང་བཙོང་མཁན་ཡོད་པ་ཀུན་གྱི་ཤེས་པ་བགྱིས།
    གཏམ་དཔེ་གསར་པ།
    ལོ་རེ་ལ་སྒོང་ང་རེ།
    སྒོང་ང་རེ་ལ་གཟེངས་བརྟགས་རེ།

    Reply
  14. བོད་མི་དམངས། says:
    ལོ་ 8 སྔོན།

    བོད་ཀྱི་དུས་བབ་ཚང་གིས་༢༠༡༦ ལོའི་སྲིད་སྐྱོང་འོས་མི་ཚོར་སྔོན་འགྲོ་འོས་བསྡུ་མ་བྱས་པའི་སྔོན་དུ་བགྲོ་གླེང་གོ་བསྡུར་ཞིག་བྱེད་ཐུབ་ན་དཔེ་མི་སྲིད་པའི་ཡག་པོ་འདུག འོས་མི་གཅིག་རེ་ཡོང་མིན་ལ་ལྟོས་པར་བགྲོ་གླེང་ཞིག་བྱེད་ཐུབ་ན་ཡག་པོ་འདུག

    གལ་སྲིད། སྲིད་སྐྱོང་འོས་མི་རྣམ་པར་ཕྱག་ལས་ཐོག་ནས་དུས་ཚོད་ཛ་དྲག་ཆགས་ཡོད་ཚེ།བཙན་བྱོལ་སྤྱི་ཚོགས་ནང་ཡོད་པའི་གསར་ཁང་ཁག་གིས་གོ་སྒྲིག་འོག་སྲིད་སྐྱོང་འོས་མི་མཉམ་ཞུགས་ཀྱི་༼དྲི་བ་དྲི་ལན་གྱི་བགྲོ་གླེང་༽ཞིག་གནང་ཐུབ་ན་དགེ་ཕན་ཆེན་པོ་ཡོད་ཀྱི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist