མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་སྲིད་བྱུས་ནད་པ་རེད།

བོད་ཀྱི་དུས་བབ།
༢༠༡༥/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

 

 

ཞང་བློན་གྱིས་སྤེལ།

       ངའི་ལས་ཀའི་དུས་བཀག་ཕལ་ཆེ་བ་མཚན་མོར་ཡིན་སྟབས། དེ་ནི་རྒྱ་གར་གྱི་ཉིན་མོའི་དུས་ཚོད་ལ་ཁེལ་ཡོད་པས། དུས་རྒྱུན་གྲོས་ཚོགས་ཀྱི་ཐད་བསྲིང་བརྙན་འཕྲིན་ལྟ་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན། འོན་ཀྱང་ཐེངས་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཤེས་ཡོན་ཚོགས་ཆུང་གིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཕྱོགས་ཐད་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་གྲོས་ཚོགས་སུ་སྙན་སྒྲོན་ཞུ་རྒྱུ་དང། དེའི་ཐད་སྤྱི་འཐུས་རྣམ་པས་བགྲོ་གླེང་གནང་རྒྱུ་ཡིན་པས། ངས་ཆེད་མངགས་ཉིན་གཉིས་རིང་ལས་ཀ་ནས་དགོངས་པ་ཞུས་ཏེ་གྲོས་ཚོགས་ཀྱི་ཐད་བསྲིང་བརྙན་འཕྲིན་ལ་བལྟས་པ་ཡིན། དེ་ནི་ང་ཇུས་གཏོགས་ཚ་དྲགས་པ་དང་ལས་རྒྱུ་ཟད་ནས་མ་ཡིན་པར། ཡང་སྙིང་སྙན་ཐོའི་ནང་གནད་དོན་ཅི་ཞིག་འཁོད་ཡོད་མེད་ཤེས་རྟོགས་ཐུབ་རྒྱུའི་ཆེད་དུ་ཡིན། རྒྱུ་མཚན་ནི་འདས་པའི་ལོ་ཤས་ནང་བློ་མཐུན་མང་པོ་ཞིག་གིས་བརྒྱུད་ལམ་སྣ་ཚོགས་ནས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཕྱོགས་ཐད་བསམ་ཚུལ་གང་མང་སྤེལ་སོང་ཞིང། ཁོ་བོ་རང་ཉིད་ཀྱིས་ཀྱང་གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྐབས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཕྱོགས་ཐད་<<མ་གླེང་ཐབས་མེད་ཀྱི་ཤེས་ཡོན་སྲིད་བྱུས།>> ( https://tibettimes.net/%E0%BD%98%E0%BC%8B%E0%BD%82%E0%BE%B3%E0%BD%BA%E0%BD%84%E0%BC%8B%E0%BD%90%E0%BD%96%E0%BD%A6%E0%BC%8B%E0%BD%98%E0%BD%BA%E0%BD%91%E0%BC%8B%E0%BD%80%E0%BE%B1%E0%BD%B2%E0%BC%8B%E0%BD%A4%E0%BD%BA%E0%BD%A6/ )ཞེས་པའི་རྩོམ་ཡིག་ཅིག་བྲིས་ཤིང། རྩོམ་ཡིག་འདིའི་ནང་འཁོད་པའི་དོན་གནད་མང་དག་ཅིག་ཐོག་གྲོས་ཚོགས་འཐུས་མི་མང་པོས་གླེང་སློང་བྱས་ཡོད་སྟབས། ད་ལྟ་དངོས་སུ་ཤེས་ཡོན་ཚོགས་ཆུང་གིས་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་ཐོན་ཡོང་དུས། དེར་ཤེས་རྟོགས་དང། རྒྱུས་ལོན། མཇུག་སྣོན་བཅས་བྱ་རྒྱུ་ནི་སྤྱི་ཚོགས་དཔྱད་ཞིབ་པ་ཞིག་གི་གཡོལ་དུ་མེད་པའི་འགན་འཁྲི་རེད།

 

དེའང་བོད་མི་མང་སྤྱི་འཐུས་སྐབས་༡༥ པའི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཐོག་སྤྱི་འཐུས་རྒྱུན་ལས་ཀྱིས་གཞུང་འབྲེལ་གྲོས་འཆར་ཞིག་བསྣམས་ནས། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་ཕྱོགས་ཐོག་ཞིབ་འཇུག་ཚོགས་ཆུང་ཆེད་འཛུགས་དགོས་སྐོར་གསུངས་པ་དང། དེར་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་ནས་ཚོགས་ཆུང་ཟུར་འཛུགས་མི་དགོས་པའི་ཐབས་ཤེས་གང་དྲགས་བྱས་ཀྱང། སྤྱི་ཚོགས་ནང་གླེང་སློང་ཤུགས་ཆེར་ཁྱབ་ཡོད་པ་དང། སྲིད་བྱུས་དེ་གྲོས་ཚོགས་ནས་མཐའ་མའི་གཏན་འབེབས་གནང་བ་ཡིན་སྟབས། སྤྱི་འཐུས་མང་པོ་ཞིག་གིས་འགན་འཁུར་ཆེ་བཞེས་ཀྱིས་ཞིབ་འཇུག་ཚོགས་ཆུང་དེ་བཙུགས་པ་རེད། ཚོགས་ཆུང་དེ་བཙུགས་ནས་ད་ལྟ་ལོ་གཅིག་ཏག་ཏག་འཁོར་གྱི་ཡོད་ཅིང། ལོ་གཅིག་ནང་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་དེ་ཐེངས་འདིའི་གྲོས་ཚོགས་ནང་བསྣམས་ཡོད། ཞིབ་འཇུག་གི་སྙན་ཐོ་དེ་ད་ལྟ་ངས་དངོས་སུ་མཇལ་རྒྱུ་མ་བྱུང། འོན་ཀྱང་བརྙན་འཕྲིན་ནང་ལྟ་སྐབས་དེབ་ལྗང་ཁུ་ཆེན་པོ་ཞིག་འདུག་ཅིང། དེ་དང་མཉམ་དུ་ཟུར་འཛར་ཡིག་ཆ་མཐུག་ཐག་ཆོད་འགའ་ཤས་ཀྱང་འདུག སྙན་ཐོ་དེ་དངོས་སུ་མཇལ་མེད་ཀྱང་ཚོགས་ཆུང་གི་ཚོགས་གཙོས་གྲོས་ཚོགས་སུ་ཡིག་འབྲུ་རེ་རེ་བཞིན་ལྗགས་ཀློག་གནང་སོང་བས། འདི་ལྟར་བལྟས་ཚེ་ཞིབ་འཇུག་གི་བརྒྱུད་རིམ་རྒྱས་ཙམ་སོང་འདུག་སྙམ་པའི་ཚོར་བ་ཡོང་བས། ལེགས་ཉེས་གང་ལྟར་ཡང། ཤེས་ཡོན་གྱི་ལས་དོན་ཐོག་ཞིབ་འཇུག་བྱས་པ་ཙམ་གྱིས་དེར་ཆེ་བསྟོད་བྱ་དགོས་ངེས་ཤིག་ཡིན་པས། ཐོག་མར་འབྲེལ་ཡོད་རྣམས་ལ་ངོ་སོ་བསྟོད་རྒྱུ་ཡིན། འོན་ཀྱང་ང་ཚོས་ངེས་པར་དུ་ཤེས་དགོས་པ་ནི་གྲུབ་དོན་གྱི་ནང་དོན་ཡིན་པ་ལས་ཞིབ་འཇུག་གི་བརྒྱུད་རིམ་མིན་སྟབས། གཤམ་ནས་ཞིབ་འཇུག་གི་ནང་དོན་གཙོ་བཟུང་གིས་གླེང་རྒྱུ་ཡིན།

 

ཐེངས་འདིར་ཆེད་འཛུགས་བྱས་པའི་ཤེས་ཡོན་ཚོགས་ཆུང་གི་མི་སྣ་ཕལ་ཆེ་བ་ལོ་མང་རིང་དགེ་རྒན་གྱི་ལས་སྣེར་ཞུགས་མྱོང་མཁན་དང།མང་དག་ཅིག་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱེད་སྐབས་ནས་ཀྱང་གྲོས་ལ་དབང་བ་ཡིན་སྟབས། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ཡོད་མེད་ཞིབ་འཇུག་གནང་སྐབས། གཞི་རྩ་གཙོ་བོ་སྲིད་བྱུས་ཀྱི་འབྲུ་དོན་གཞི་ལ་བཞག་ནས་ལྟ་གྲུབ་དང་ལག་ལེན་གཉིས་དངོས་སུ་མཚུངས་ཀྱི་ཡོད་མེད་གཤིབ་བསྡུར་བྱ་རྒྱུར་རེ་བ་ནན་པོ་བཅངས་པ་ཡིན། འོན་ཀྱང་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་འདི་འདྲ་ཡིན་པ་དང། ལག་ལེན་ཐོག་འདི་འདྲ་འགྲོ་གི་འདུག་ཅེས་སྙན་ཐོའི་ཚིག་ཟུར་ཙམ་ལའང་གསལ་མི་འདུག་པས། ཞིབ་འཇུག་གི་དགོས་པ་ཆེ་ཤོས་དེ་ངོས་ཟིན་ཐུབ་མི་འདུག་སྙམ་པའི་ཚོར་སྣང་ཤུགས་ཆེ་བྱུང། ཤེས་ཡོན་ཚོགས་ཆུང་གིས་ཤེས་རིག་ལས་ཁུངས་ལ་སྔ་ཕྱིར་དྲི་བ་བརྒྱ་དང་སུམ་ཅུ་ལྷག་བཏང་ཡོད་ཅིང།དྲི་བ་དེ་དག་ཕལ་ཆེ་བ་ནི་གྲངས་ཐོ་བསྡུ་རུབ་དང། གྲོས་ཆོད་མཇུག་སྣོན་ཙམ་ཡིན་སྟབས། ཤེས་རིག་ལས་ཁུངས་ལ་མཚོན་ན་ཡིག་ཆ་རྙིང་པ་མང་པོ་ཞིག་ཨ་སློག་རྒྱག་རྒྱུ་མ་གཏོགས། ལྟ་གྲུབ་དང་སྲིད་བྱུས་ཀྱི་དགོངས་པ་འགྲེལ་སྟངས་སོགས་ལ་བསམ་གཞིག་བྱ་དགོས་མེད་པས་ལན་འདེབས་བྱ་རྒྱུ་ཧ་ཅང་སྟབས་བདེ་བྱུང་ཡོད། གཞན་ཡང་ཤེས་ཡོན་ཚོགས་ཆུང་གི་དྲི་བའི་ཁྱབ་རྒྱ་ནི་ཤེས་ཡོན་སྲིད་བྱུས་ལས་བརྒལ་ཏེ། ཤེས་རིག་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་ལས་དོན་སྤྱིའི་ཐོག་དྲི་བརྩད་བྱས་ཡོད་སྟབས། ཤེས་རིག་ལས་ཁུངས་ནས་ཀྱང་དེ་བཞིན་དུ་ལོ་ངོ་བཅུའི་རིང་ལས་དོན་ཇི་བྱས་ལན་འདེབས་ཀྱི་ཚུལ་དུ་ལས་བསྡོམས་ཕུལ་བས། ཚོགས་ཆུང་གི་གྲུབ་དོན་སྙན་ཐོ་དེ་ནི་ཤེས་རིག་ལས་ཁུངས་ཀྱི་ལས་དོན་སྤྱིར་ཞིབ་འཇུག་བྱས་པའི་སྙན་ཐོ་ལྟ་བུ་ཞིག་ལས་ཁྱད་པར་བ་གང་ཡང་བྱུང་མེད།

 

ཤེས་རིག་ལས་ཁུངས་ཀྱིས་དགེ་རྒན་འོས་སྦྱོང་དང་ཟབ་སྦྱོང་སྤྲོད་རྒྱུ། སློབ་ཡོན་ཐབས་འཚོལ་བྱ་རྒྱུ། སློབ་དེབ་བཟོ་སྒྲིག་བྱ་རྒྱུ་སོགས་ནི་ཚོགས་ཆུང་མ་བཙུགས་གོང་དུའང་ཤེས་རིག་ལས་ཁུངས་ནས་བརྒྱུད་བསྒྲགས་བྱེད་མུས་ཡིན་ཞིང། ཞིབ་འཇུག་ཚོགས་ཆུང་བཙུགས་རྗེས་ཞིབ་འཇུག་གནང་སའང་ལས་འཆར་འདི་དག་གཙོ་བོར་བཞག་ཡོད་པ་དང། ལས་འཆར་འདི་དག་གི་ལས་བསྡོམས་བསྐྱར་ཟློས་བྱ་རྒྱུ་ཙམ་ཡིན་སྟབས། ཐེངས་འདིའི་ཞིབ་འཇུག་ལ་ཤེས་རིག་ལས་ཁུངས་ཀྱིས་མཐའ་བསྡོམས་བྱས་པ་ནི་“ཤེས་ཡོན་སྲིད་བྱུས་གསོན་པོར་གནས་ཡོད་”ཅེས་པ་དེ་རེད། འོན་ཀྱང་། བརྒྱ་བཤད་སྟོང་ལ་བསྐོར་ཡང། ཡོས་ལ་འབབ་རྒྱུ་རྩམ་པ། ཟེར་བ་ལྟར། ཤེས་ཡོན་སྲིད་བྱུས་ལག་བསྟར་དོན་དང་ལྡན་པ་ཞིག་བྱེད་ཀྱི་ཡོད་དམ། ལག་བསྟར་གང་འདྲ་བྱེད་ཀྱི་ཡོད་ཅེ་ན། ང་ཚོས་སྲིད་བྱུས་ཀྱི་དགོངས་དོན་གསལ་འགྲེལ་མ་བྱེད་ཐབས་མེད་ཆགས་ཡོད། དེའང་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་དགུ་པར། “གཞི་རིམ་གོང་མ་བར་གྱི་སློབ་ཚན་དང་ལས་རིམ་གྱི་ནང་དོན་རྣམས་ཤེས་ཡོན་གྱི་སྲིད་བྱུས་གཞིར་བཟུང་གོ་རིམ་དང་འབྲེལ་བ་མཐར་ཆགས་སུ་འགོད་སྒྲིག་དགོས་རྒྱུ།” ཞེས་གསལ་ཡོད། འོན་ཀྱང་ཤེས་རིག་ལས་ཁུངས་ནས་བོད་ཡིག་སློབ་དེབ་ཕུད་པའི་འཛིན་རིམ་དྲུག་པ་ཡན་གྱི་སློབ་དེབ་ཁག་རང་སྐད་ཐོག་གྲ་སྒྲིག་བྱས་ཡོད་དམ། བོད་ཁྱིམ་སློབ་ཁག་ནས་“གལ་ཏེ་སློབ་དེབ་དང་དགེ་རྒན་གྲ་སྒྲིག་ཡོད་ན་ང་ཚོས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡིན་” ཞེས་ཤོད་ཀྱི་ཡོད་སྟབས། ཤེས་རིག་ལས་ཁུངས་ལ་སློབ་དེབ་གྲ་སྒྲིག་མེད་པའི་རྣམ་པ་གསལ་པོར་མངོན་པས། ཤེས་རིག་ལས་ཁུངས་ལ་དེ་ལྟའི་གྲ་སྒྲིག་ཅིག་ཡོད་དམ། གལ་ཏེ་མེད་ན་ད་ལྟ་དེ་དག་གྲ་སྒྲིག་བྱེད་མཁན་ཤེས་རིག་ལས་ཁུངས་ལ་སློབ་དེབ་རྩོམ་སྒྲིག་བྱེད་མཁན་ཁྱད་ལས་མི་སྣ་ག་ཚོད་ཡོད་དམ། ཁོང་ཚོའི་ཤེས་ཚད་གང་འདྲ་ཡོད། ངས་གོ་ཚོད་བྱས་ན་ཤེས་རིག་ལས་ཁུངས་ནང་སློབ་དེབ་རྩོམ་སྒྱུར་བྱེད་མཁན་གཞུང་བསྐོས་ལས་བྱེད་རྐང་གཅིག་ལས་མེད་ཚོད་འདུག དེ་ལྟར་ཡིན་ཚེ་འཕྲལ་སེལ་གྱི་ལས་འཆར་ལྟ་བུའི་ངོ་བོའི་ཐོག་ནས་སློབ་ཕྲུག་ཁྲི་སྟོང་མང་པོའི་བསླབ་གཞི་ཇི་ལྟར་གྲ་སྒྲིག་བྱེད་ཀྱི་ཡོད་དམ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཤེས་ཡོན་ཚོགས་ཆུང་གིས་སློབ་དེབ་རྩོམ་སྒྲིག་པའི་གནས་སྟངས་དང། ཤེས་ཡོན་ལྷན་ཚོགས་ཀྱི་ལས་བྱེད་བསྐོ་བཞག་བྱ་སྟངས་སོགས་ཀྱི་ཐད་ཞིབ་འཇུག་བྱས་པའི་གནད་དོན་ཚིག་ཟུར་ཙམ་ལའང་མཇལ་རྒྱུ་མི་འདུག་པས། ཁོང་རྣམས་ཀྱིས་ཀྱང་དེ་ཚོ་གལ་གནད་མེད་པ་ཞིག་ལ་ངོས་འཛིན་གནང་བ་ཡིན་ནམ།

 

ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་བཅུ་པར། “ཆུ་ཚོད་གཉིས་གསུམ་གྱི་དུས་ཡུན་ནང་སློབ་ཕྲུག་གི་ཤེས་ཚད་ཚད་འཇལ་བྱེད་པའི་ད་ལྟའི་རྒྱུགས་སྤྲོད་ཀྱི་ལམ་སྲོལ་བཞག་སྟེ་འཛིན་རིམ་བརྒྱད་པའི་བར་དེང་ལུགས་ཀྱི་རྒྱུགས་སྤྲོད་ཟུར་དུ་མ་དགོས་པར་ཕྲུ་གུའི་རྒྱུན་སྤྱོད་དང་འཛིན་གྲྭའི་ནང་གི་དྲི་བ་དྲིས་ལན། ཁྱོན་ཡོངས་ཀྱི་གོ་རྟོགས་དང་ལག་བསྟར་གྱི་ནུས་པ་ལ་ཉམས་ཞིབ་རྒྱུན་སྲིང་གི་ལམ་ནས་འཛིན་གྲྭ་གོང་མར་འཕོ་འོས་མིན་དགེ་རྒན་རྣམས་གོ་བསྡུར་གྱིས་ཐག་གཅོད་བྱ་རྒྱུ།”ཞེས་གསལ་ཡོད། འོན་ཀྱང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་ཟེར་མཁན་སློབ་གྲྭ་ཡོངས་རྫོགས་ཀྱིས་དེང་ལུགས་ཀྱི་ཡིག་རྒྱུགས་སྤྲོད་ལེན་བྱེད་ཀྱི་ཡོད་པས། ཤེས་ཡོན་སྲིད་བྱུས་ཀྱི་འབྲུ་དོན་ལག་ལེན་ལ་ཁེལ་ཡོད་དམ། གཞན་ཡང་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་མཁན་གྱི་སློབ་གྲྭ་དང་སློབ་གྲྭ་གཞན་དག་དབར་ཡིག་རྒྱུགས་ཀྱི་སྐར་གྲངས་ཐོག་ནས་གྲུབ་འབྲས་གཤིབ་བསྡུར་བྱེད་ཀྱི་ཡོད་པས། དེ་སྲིད་བྱུས་ཀྱི་དགོངས་དོན་དང་མཚུངས་པ་ཡིན་ནམ།

 

ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་བཅུ་གཅིག་པར། “དགེ་རྒན་ནི་སྤྱི་ཚོགས་ནང་གལ་གནད་ཆེ་ཤོས་ཡིན་སྟབས། མི་གཤིས་དང་སྤྱོད་ལམ་ལེགས་ཤོས། ཤེས་ཡོན་གནས་ཚད་བཟང་ཤོས་རྣམས་དགེ་རྒན་གྱི་ལས་སྒོར་འཇུག་ཐབས་བྱ་རྒྱུ་དང། དགེ་རྒན་གྱི་ཆེ་མཐོང་དང་མཐུན་རྐྱེན་བཟང་པོ་ཡོངས་ཐབས་སུ་ཁྲིམས་ལུགས་ཀྱི་ཆ་རྐྱེན་བསྐྲུན་དགོས།” ཞེས་གསལ་བ་ལྟར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང། ཤེས་རིག་ལས་ཁུངས་ཀྱིས་དེ་ལྟའི་ཁྲིམས་ལུགས་ཤིག་བསྐྲུན་ཡོད་དམ། ཤེས་ཡོན་ཚོགས་ཆུང་གི་གྲུབ་དོན་སྙན་ཐོའི་ནང་སྲི་ཞུ་བ་ཡིག་གད་ཅིག་གི་གླ་ཆ་དང་གཞི་རིམ་གོང་མའི་དགེ་རྒན་ (PGT) ཞིག་གི་གླ་ཆ་གཉིས་འདྲ་པོ་ཡོད་སྐོར་འཁོད་ཡོད་པས། སྲིད་བྱུས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་འབྱུང་གི་ཡོད་དམ། ལས་བྱ་ཡིག་གད་ཅིག་ལ་ཤེས་ཚད་ཀྱི་ཆ་ནས་འཛིན་རིམ་བརྒྱད་པ་ཙམ་གྱིས་འགྲིག་གི་ཡོད་པ་དང། གཞི་རིམ་གོང་མའི་དགེ་རྒན་ཞིག་ལ་མ་མཐར་ཡང་གཙུག་ལག་རབ་འབྱམས་པ་དང་དགེ་རྒན་འོས་སྦྱོང་གི་ལག་ཁྱེར་དགོས་ཀྱི་ཡོད་པས། ཤེས་རིག་ལས་ཁུངས་ཀྱིས་ཤེས་ཡོན་ཅན་ལ་ངོས་འཛིན་བྱེད་སྟངས་གང་འདྲ་ཡིན་ནམ།

 

ཡང་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་བཅུ་གཉིས་པར་ “བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་སྦྱོང་གི་དགོས་དམིགས་དང་། སྒྲོམ་གཞི། སློབ་ཚན། རྒྱུགས་སྤྲོད། དགེ་རྒན། འཛིན་སྐྱོང་བཅས་ཀྱི་སྐོར་སྲིད་བྱུས་དང་། དེ་དག་ལག་བསྟར་བྱེད་ཕྱོགས་ཀྱི་ལམ་སྟོན་བཅས་བོད་མིའི་སྒྲིག་འཛུགས་ཀྱིས་དུས་ནས་དུས་སུ་གཏན་ལ་ཕབ་པ་ལྟར། བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་ཡོད་པའི་བོད་མིའི་སློབ་གྲྭ་ཡོངས་ཀྱིས་གཅིག་གྱུར་དུ་ལག་བསྟར་དགོས་པ་ཡིན།” ཞེས་གསལ་ཡོད། འོན་ཀྱང་སཾ་བྷོ་ཊ་སློབ་ཁག་མ་གཏོགས་སློབ་གྲྭ་གཞན་གྱིས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཀྱི་མེད་པ་ནི་ཀུན་གྱིས་ཤེས་གསལ་ཡིན་ལ། ཤེས་རིག་ལས་ཁུངས་ནས་ཀྱང་དེ་ལྟར་ངོས་འཛིན་གནང་གི་ཡོད། འོན་ཀྱང་སློབ་གྲྭའི་སྡེ་ཁག་གཞན་གྱི་ལས་སྣེ་རེ་ཟུང་གིས་བོད་མིའི་སྒྲིག་འཛུགས་ཀྱི་བཀོད་ཁྱབ་ལ་བཀའ་བརྩི་དང་ལེན་མི་བྱེད་པར་ངོ་གནོང་བྱ་རྒྱུའི་ཚབ་ཏུ། འགྲེལ་བཤད་སྣ་ཚོགས་ཀྱི་ཐོག་ནས་བཀའ་ཤག་དང་གྲོས་ཚོགས་ལ་ཚུར་རྫིག་རྫིག་གཏོང་བ་ལྟ་བུ་བྱེད་པ་ནི་ཤིན་ཏུ་མི་འོས་པ་ཡིན་ཞིང། ལྷག་པར་བོད་མི་མང་སྤྱི་འཐུས་ཀྱི་མཚན་གནས་བཞེས་པའི་གྲོས་སུ་གཏོགས་པ་རེ་ཟུང་གིས་ཀྱང་དེ་ལ་དེ་འབྲེལ་གྱིས་གྲོས་ཚོགས་ནང་འགྲེལ་ལོག་བྱས་པ་ནི། སྤྱི་འཐུས་ཀྱི་འོས་འགན་མི་འཁུར་བ་ཡིན་ལ་མི་རིགས་ཤིག་གི་སློབ་གསོའི་ཕུགས་དམིགས་ལ་རྡོག་རོལ་གཏོང་བ་རང་ཡིན། སཾ་བྷོ་ཊའི་ཁྱབ་ཁོངས་སུ་ཡོད་པའི་སློབ་ཕྲུག་གི་གྲངས་འབོར་གྱིས་སློབ་ཕྲུག་སྤྱིའི་བརྒྱ་ཆ་སུམ་ཅུ་ཡང་ཟིན་གྱི་མེད་པས། དོན་དངོས་ཐོག་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་མཁན་གྱི་སློབ་གྲྭ་དང་སློབ་ཕྲུག་བརྒྱ་ཆ་༧༠ ལྷག་ཡོད་སྟབས། ཤེས་ཡོན་སྲིད་བྱུས་གསོན་པོར་གནས་ཡོད་ཞེས་པ་དེ་དོན་དངོས་ཡིན་ནམ། ལར་ནས་ཤེས་རིག་གིས་ངོས་འཛིན་ཡོད་པའི་སློབ་གྲྭའི་སྡེ་ཁག་ནས་སཾ་བྷོ་ཊ་ནི་གསར་ཤོས་ཡིན་ཡང། དེས་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཐུབ་སར། ཉམས་མྱོང་མང་པོ་ཡོད་པ་དང་མཐུན་རྐྱེན་འཛོམས་པོ་ཡོད་པའི་སྡེ་ཁག་གཞན་ཚོས་ད་དུང་ཡང་གྲ་སྒྲིག་དགོས་འདུག་ཅེས་པ་ནི་ཉི་མ་ཕུད་ཐབས་དམ་དང་ཁ་གཡར་ས་ཞིག་འཚོལ་བ་མིན་ནམ།

 

       གཞན་ཡང་དོན་ཚན་བཅུ་གཉིས་པར་ “ཤེས་ཡོན་ཐོག་བཙན་བྱོལ་བོད་གཞུང་ལ་སློབ་སྟོན་འབུལ་རྒྱུ་དང། སྲིད་བྱུས་ལག་བསྟར་སྐབས་བཏང་འཛིན་ལྟ་རྟོག་་་སོགས། གཞི་རིམ་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཡོངས་ལ་ལྟ་རྟོག་དང་བཏང་འཛིན་བྱེད་པོའི་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཤིག་གཏན་འཇགས་བསྐོ་འཛུགས་བྱ་རྒྱུ།” ཞེས་གསལ་ཡོད། དེ་ལ་དེར་བརྟེན་གྱིས་བཀའ་ཤག་སྐབས་གོང་མས་ཤེས་ཡོན་ལྷན་ཚོགས་བསྐོ་འཛུགས་བྱས་པ་རེད། འོན་ཀྱང་བཀའ་ཤག་སྐབས་འདི་པས་ཤེས་ཡོན་ལྷན་ཚོགས་དེ་བཞིན་ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཞིག་ཏུ་བསྒྱུར་བ་ལས། བཙན་བྱོལ་སྒྲིག་འཛུགས་ལ་སློབ་སྟོན་འབུལ་མཁན་གྱི་རང་དབང་ཅན་གྱི་སྡེ་ཚན་ཞིག་ལ་ངོས་ལེན་བྱས་མེད། དེ་ལྟར་ན་ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཞིག་གིས་ཤེས་རིག་ལས་ཁུངས་དང་བཀའ་ཤག་ལ་ལམ་སྟོན་གང་འདྲ་བྱེད་ཀྱི་ཡོད་དམ། ཤེས་རིག་ལས་ཁུངས་ཀྱི་ཚན་པ་ཞིག་ལ་“གཞི་རིམ་ཤེས་ཡོན་དང་འབྲེལ་བའི་ལས་དོན་ཡོངས་ལ་ལྟ་རྟོག་བཏང་འཛིན་བྱེད་”པའི་དབང་ཚད་ཡོད་དམ།

 

       ཡང་སློབ་ཁྲིད་ཀྱི་བརྒྱུད་ལམ་སྐད་ཡིག་ཐོག་ཤེས་རིག་ལས་ཁུངས་ནས་སྐབས་རེ་བོད་ཡིག་གཙོ་བཟུང་བྱེད་ཟེར་བ་དང། སྐབས་རེ་ཨིན་ཡིག་གཙོ་བཟུང་བྱེད་ཟེར་བ། ཡང་ལན་རེར་སྐད་གཉིས་ཟུང་འབྲེལ་བྱེད་ཟེར་བ་སོགས་བཀའ་རྒྱ་འདྲ་མིན་སྣ་ཚོགས་བཏང་ཡོད་པས། ཤེས་ཡོན་ཚོགས་ཆུང་གིས་བཀའ་རྒྱ་འདི་དག་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་གང་ཡང་སྟོན་མི་འདུག་སྟབས། ཡང་སྙིང་སློབ་ཁྲིད་ཀྱི་བརྒྱུད་ལམ་སྐད་ཡིག་གང་ཞིག་ལ་ངོས་འཛིན་བྱས་ཡོད་དམ། དེ་བཞིན་བྷུན་ཏར་གྱི་དགེ་འོས་པ་དེ་དག་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་རྒྱུར་གསོ་སྐྱོང་བྱེད་ཀྱི་ཡོད་ཟེར་ཡང། ཁོང་ཚོར་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་རྒྱུའི་སྦྱོང་བརྡར་ཉིན་གཅིག་ཀྱང་སྤྲད་ཡོད་ཚོད་མི་འདུག་ལ། དེ་འབྲེལ་གྱི་དགེ་རྒན་གཅིག་ཀྱང་ཡོད་ཚོད་མི་འདུག་པས། དགེ་རྒན་གྲ་སྒྲིག་གང་འདྲ་བྱས་ཡོད་དམ།

 

དེ་ལྟར་ང་ཚོས་གཏིང་ཟབ་ས་ནས་སྲིད་བྱུས་ཀྱི་འབྲུ་དོན་དང་དོན་དངོས་ཀྱི་གནས་སྟངས་གཉིས་གཤིབ་བསྡུར་བྱེད་སྐབས། ཤེས་ཡོན་སྲིད་བྱུས་གསོན་པོར་གནས་ཡོད་ཟེར་རུང། དེ་ནི་འཆི་བདག་གིས་མཐའ་ནས་བསྐོར་བའི་ནད་པ་ཅིག་ཡིན་པ་རྟོགས་ཐུབ་ལ། ཞིབ་འཇུག་གནང་མཁན་བཀུར་འོས་སྤྱི་འཐུས་ཤིག་གིས་གྲོས་ཚོགས་ནང་ཤེས་ཡོན་སྲིད་བྱུས་ནད་པ་རེད་འདུག་ཅེས་གསུངས་པ་དེ་དོན་ལ་གནས་འདུག

 

གང་ལྟར་ཡང་ད་ནི་ཚོགས་ཆུང་གིས་གྲོས་ཚོགས་ལ་གསལ་བཤད་འཕར་མ་འདྲ་གནང་དགོས་ཡོད་ན་མ་གཏོགས་ཚོགས་ཆུང་གི་ལས་དོན་ཕལ་ཆེ་བ་གྲུབ་ནས། གྲོས་ཚོགས་ཀྱིས་བགྲོ་གླེང་གནང་རྗེས་གཞུང་འབྲེལ་གྲོས་ཆོད་འཇོག་རྒྱུའི་དུས་ལ་སླེབས་ཡོད་པས། ང་ཚོས་འཆི་ལ་ཉེ་བའི་སྲིད་བྱུས་དེའི་མིག་འཚུམ་སྟངས་ལ་བལྟས་ནས་མི་སྡོད་པར། ངེས་པར་དུ་མི་རིགས་ཤིག་གི་སློབ་གསོའི་གལ་གནད་ངོས་འཛིན་ཐུབ་པའི་སྒོ་ནས། དེ་དང་མཐུན་པའི་གྲོས་ཆོད་འཇོག་རྒྱུར་བཀུར་འོས་སྤྱི་འཐུས་རྣམ་པས་དགོངས་པ་ཆེ་བཞེས་གནང་གལ།

 

དེ་ཡང་ཚོགས་ཆུང་གི་རྒྱབ་གཉེར་བསམ་འཆར་ཁག་ནི་ཐེངས་འདིའི་གྲུབ་དོན་སྙན་ཐོའི་ཆ་ཤས་གལ་ཆེ་ཤོས་ཡིན་པས། རྒྱབ་གཉེར་བསམ་འཆར་དེ་དག་ལ་ངོས་ལེན་བྱེད་དགོས་པ་མ་ཟད། ལྷག་པར་དུ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཡོངས་རྫོགས་ཀྱིས་ཤེས་ཡོན་སྲིད་བྱུས་གཅིག་མཚུངས་སུ་ལག་བསྟར་བྱ་རྒྱུར་གྲོས་ཆོད་ངེས་པར་འཇོག་དགོས་མཐོང། རྒྱུ་མཚན་ནི་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་མཁན་གྱི་འོག་ཏུ་སློབ་ཕྲུག་བརྒྱ་ཆ་༧༠ ལྷག་ཡོད་པས། དེ་དག་ཟམ་པ་ཅིག་གི་འོག་ཏུ་འགྲོ་བའི་ཆུ་བཞིན་བསྡུས་མ་ཐུབ་ཚེ། དཀའ་ངལ་ཆེ་ས་དེ་དེ་མུར་ལྷག་ཉེན་ཡོད། གཞན་ཡང་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་ཐུབ་མཁན་གྱི་དགེ་རྒན་གསོ་སྐྱོང་བྱ་དགོས་པ་དང། སློབ་དེབ་རྩོམ་སྒྲིག་བྱེད་མཁན་གྱི་ཁྱད་མཁས་པ་འདང་ངེས་བསྐོ་གཞག་བྱ་དགོས་པ། དུས་ཚོད་རྒྱས་བཅད་ནང་སློབ་དེབ་ཡོངས་རྫོགས་གྲ་སྒྲིག་དགོས་པ་བཅས་ཀྱི་གྲོས་ཆོད་ཀྱང་ངེས་པར་འཇོག་གལ། དེ་བཞིན་ཤེས་ཡོན་ལྷན་ཚོགས་ཟུར་འཛུགས་བྱས་པའི་ཐོག་མའི་དམིགས་ཡུལ་ལྟར། ཤེས་རིག་ལས་ཁུངས་ཀྱི་ཚན་པའི་ངོ་བོར་མ་ཡིན་པར། རང་དབང་ཅན་གྱི་སྡེ་ཚན་དུ་དབྱེ་སྟེ། དེའི་ནང་ཤེས་ཡོན་ཅན་གྱི་མི་སྣ་བསྐོ་གཞག་བྱ་རྒྱུ་སོགས་ཀྱི་གྲོས་ཆོད་འཇོག་གལ་མཐོང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་ལྟའི་གྲོས་ཆོད་ཅིག་འཇོག་ཐུབ་ཚེ་སྲིད་སྐྱོང་དང་བཀའ་བློན་སུ་འདྲ་ཞིག་སླེབས་ཀྱང། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུར་འགྱུར་བ་ཆེན་པོ་འགྲོ་ངེས་མིན། དེ་མིན་ཕུགས་རེ་ཆེན་པོ་ཡོད་པའི་སྲིད་བྱུས་དེ་ང་ཚོ་དང་གཏན་དུ་གྱེས་ངེས་ཤིང། ཤེས་རིག་བཀའ་བློན་ཙམ་མིན་པར་ང་རང་ཚོ་ཚང་མ་སྲིད་བྱུས་དེ་གསོད་མཁན་གྱི་གཤེད་མར་འགྱུར་ངེས་སོ། །

འབྲེལ་ཡོད་གསར་འགྱུར།

Daily Hunt གསར་ཁང་གི་པར།
Mobile App

ཨ་ཨི་གཉིས་ཀྱི་དམག་འཁྲུག་ཁྲོད་རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

སྐར་མ ༦ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦

མཆན། 10

  1. བླ་མ། says:
    ལོ་ 11 སྔོན།

    ཤེས་ཡོན་གལ་ཆེན་པོ་གསུང་མཁན་རྐྱང་རེད་འདུག། གལ་ཆེན་པོ་གསུང་པ་ལས། ཤེས་ཡོན་སྤྲོད་མཁན་དགེ་རྒན་རྣམས་ལ་ཆེ་མཐོང་དང་། གླ་ཕོགས་འདོད་བློ་ཁེངས་པ་ཞིག་དགོས་ངེས་འདུག། དེ་མིན་ཤེས་ཡོན་གལ་ཆེན་པོ་གལ་ཆེན་ཞེས་བརྒྱ་བཤད་སྟོང་བཤད་ཀྱང་། སློབ་མར་ཤེས་ཡོན་སྤྲོད་མཁན་དགེ་རྒན་ཚད་ལྡན་མེད་པ་དང་། དགེ་རྒན་ཡང་ཡང་རྗེས་འགྱུར་བྱས་པ་ཡིན་ན།། དཔེ་ན་དཔེ་སྟོན་སློབ་གྲྭ་དང་པོ་ཚུགས་པ་ནས་ད་ལྟ་བར་དུ་དགེ་རྒན་ཡག་པོ་ག་ཚོད་ཕྱིན་གསོང་ངམ།། དཔེ་སྟོན་སློབ་གྲྭ་ལྟ་བུ་ཡིན་མཚོན་པ་ཡིན་ན་སློབ་མ་ཚང་མ་བོད་ཕྲུག་ཤ་སྟག་རེད།། མ་འོང་བོད་ཀྱི་སོན་རྩ་ཤེས་ཡོན་གལ་ཆེན་པོ་ཞེས་ཚིག་སྐམ་པོ་ཞིག་གིས་ཆབ་སྲིད་པས་སློབ་མ་རྣམས་རྩེད་མོ་རྩེད་རྒྱུའི་ལག་ཆ་མ་རེད།། དོན་ངོ་མ་གལ་ཆེན་པོ་ཡིན་ན་སློབ་དགྲའི་འཁོར་ཡུག་གི་མཐུན་སྐྱེན་དང་། དགེ་རྒན་གྱི་མཐུན་རྐྱེན་སོགས་མིང་དོན་མཚུངས་པ་ཞིག་དགོས་ཀྱི་ཡོད།། བོད་ཁྱིམ་གྱི་ཤེས་ཡོན་སྲིད་བྱུས་ལག་ལྟར་བྱེད་ཀྱི་མི་འདུག་ཟེར། དོན་ངོ་མ་འདི་ལྟར་བཤད་མཁན་རྣམས་ཀྱི་ཕྲུག་གུ་རྣམས་དཔེ་སྟོན་སློབ་གྲར་འཛིན་རིམ་ལྔ་བ་བར་དུ་བཞག་ནས། དེ་རྗེས་ནས་སྟོན་ནས་བོད་ཁྱིམ་ཁག་ལ་བསྟངས་གི་ཡོད།། དཔེ་སྟོན་སློབ་གྲར་གཏོང་མཁན་རྣམས་ཕལ་ཆེ་བ་དམའ་རིམས་ལས་བྱེད་ཀྱི་ཕྲུ་གུ་དང་། མི་དམངས་སྐྱུས་པ་ཤ་སྟག་ཡིན།། ལས་ཀྱི་སྣེ་མོར་རྟོགས་ཕལ་ཆེ་བས་ངའི་ཕྲུ་གུ་སཱ་ལུ་ཁུལ་བོད་ཁྱིམ་སློབ་གྲྭར་ཚུད་པ་བྱེད་ཀྱི་ཡིན་གསུངས་པ་ལས།། དཔེ་སྟོན་སློབ་གྲྭར་གཏོང་ཐུབ་བྱེད་ཀྱི་ཡིན་ཞེས་པ་ཤིན་ཏུ་དཀོན།།

    Reply
  2. གངས་རིའི་མིག་ཆུ། says:
    ལོ་ 11 སྔོན།

    ཞང་བློན་མཆོག་ནས་དཔྱད་ཞིབ་དོན་དང་ལྡན་པ་གནང་བར་སྤྱི་འཐུས་ནས་ངེས་པར་ཐུགས་དགོངས་བཞེས་དགོས་པ་མཐོང་།
    སྐབས་འདིའི་བཀའ་ཤག་གི་སྲིད་སྐྱོང་དང་ཤེས་རིག་བཀའ་བློན་གཉིས་ནས་ཤེས་ཡོན་སྲིད་ཇུས་དམར་གསོད་གཏོང་རྒྱུའི་ལས་གཞི་བརྩམས་ཀྱང་སྤྱི་འཐུས་དང་ལྷག་པར་མང་ཚོགས་ནང་བསམ་ཚུལ་ཤུགས་ཆེན་བྱུང་བའི་སྟབས་ཀྱིས་ད་ལྟ་འཆི་བདག་གི་ཁར་ཕྱོགས་པའི་ནད་པ་ཛ་དྲག་ཅིག་ཏུ་གྱུར་ནས་མ་ཤི་ཙམ་དུ་གནས་ཡོད། ད་ནི་ཚང་མས་དགོངས་པ་ཆེར་བཞེས་ཐོག་བོད་མིའི་ངོ་བོ་མཚོན་ཞིང་བཟང་སྤྱོད་གོང་མཐོར་འདེགས་པའི་ཐབས་ལམ་རྨད་དུ་བྱུང་བའི་སྲིད་ཇུས་འདི་ཉིད་འཆི་བདག་གི་ཁ་ནས་བླུ་མཁན་གྱི་སྲིད་སྐྱོང་ཞིག་ངེས་པར་སླེབས་དགོས་པ་ཧ་ཅང་གལ་ཆེ

    Reply
  3. པ་སངས་ཚེ་རིང་། says:
    ལོ་ 11 སྔོན།

    གྲོས་ཚོགས་འཐུས་མི་ཚོས་ངེས་པར་བསམ་གཞིག་བྱས་ཏེ་གྲོས་ཆོད་ཡག་པོ་ཞིག་འཇོག་དགོས་རེད། མི་མེད་ན་ལས་ཀ་གང་འདྲ་བྱེད་ཐུབ། ཤེས་རིག་ལས་ཁུངས་ཀྱིས་མི་གསོ་སྐྱོང་བྱས་མི་འདུག་པས་དེ་འདྲ་བྱས་ན་ཡོང་གི་མ་རེད། དེ་ནས་བོད་ཁྱིམ་སློབ་གྲྭ་དེ་ཚོ་དེ་མུར་བཞག་ཡ་མི་འདུག དེ་མི་ཁ་ཤས་ཀྱི་ནང་མ་རེད། རྒས་ཁོག་དེ་ཚོ་རྒས་ཡོལ་ཞུ་རན་པ་དང་། མི་རབས་གསར་པ་ཚོས་གློ་ཁོག་ཆེན་པོས་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་དགོས་པའི་དུས་ལ་སླེབས་འདུག

    Reply
  4. བསྟན་འཛིན says:
    ལོ་ 11 སྔོན།

    ངོ་མ་བདེན་གཏམ་ཞིག་རེད། འགནནཁུར་ཞིག་རེད། འདི་ལྱར་སྤེལ་ན་ཤིན་ཏུ་བཟང་། གཞན་མི་གཞི་སྐྱོན་འདོགས་དང་། གཞི་མེད་སྙོན་འཛུགས་དག་ལ་དགོས་པ་ཅང་མ་མཐོང

    Reply
  5. པདྨ་། says:
    ལོ་ 11 སྔོན།

    ཞང་བློན་ནས་རྒྱུན་དུ་བཙན་བྱོལ་བོད་མིའི་ཤེས་རིག་གི་ལས་དོན་ཐོག་ལ་དོ་སྣང་དམིགས་བཀར་བྱེད་པ་ལ་རྗེས་སུ་ཡི་རངས་ཞུ་བ་དང། ལྷག་པར་ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་ཕུལ་དང་འབུལ་བཞིན་པ་ལ་བཀྲིན་ལྷག་པར་ཆེ་ཞུ་རྒྱུ་ཡིན། །

    Reply
  6. འཇིགས་མེད་སེངྒེ། says:
    ལོ་ 11 སྔོན།

    དེ་སྔོན་ཤེས་ཡོན་སྲིད་བྱུས་གཤེད་མས་དམར་སོད་བཏང་འདུག་ཟེར། ཡང་དེ་རིང་ཤེས་ཡོན་སྲིད་བྱུས་ནད་པ་རེད་ཟེར། ད་གང་ལྟར་ཐང་ཐང་ཞིག་ཡིན་ས་མ་རེད།

    Reply
  7. བཀྲ་ཤིས་ཆོས་འཕེལ says:
    ལོ་ 11 སྔོན།

    ངོ་མ་བདེན་གཏམ་ཞིག་རེད། འགནནཁུར་ཞིག་རེད། འདི་ལྱར་སྤེལ་ན་ཤིན་ཏུ་བཟང་། གཞན་མི་གཞི་སྐྱོན་འདོགས་དང་། གཞི་མེད་སྙོན་འཛུགས་དག་ལ་དགོས་པ་ཅང་མ་མཐོང་།

    Reply
    • བློ་བཟང་། says:
      ལོ་ 11 སྔོན།

      ཡག་པོ་འདུག

      Reply
  8. རིག་གྲོལ་ལ་མ། says:
    ལོ་ 11 སྔོན།

    ཞང་བློན་གྱིས་མི་རིགས་ལ་བཅངས་ཏེ་དུས་ལ་འབབས་པའི་དགོངས་འཆར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ངས་ཀྱང་གྲོས་ཚོགས་འཐུས་མི་རྣམ་པས་གཞུང་འབྲེལ་གྲོས་ཆོད་འཇོག་སྐབས་གནད་དོན་འདིར་ངེས་པར་དགོངས་པ་ཆེ་བཞེས་གནང་དགོས་པ་མཐོང་སོང་ལ། ལྷག་པར་དུ་དུས་ཚོད་འདང་ངེས་ཡོད་ཕྱིན། དེའི་ཐོག་བགྲོ་གླེང་རྒྱ་ཆེ་ཙམ་གནང་དགོས་འདུག་ཀྱང་། གལ་སྲིད་མེད་ན། ཞང་བློན་གྱིས་ ‘ཚོགས་ཆུང་གི་རྒྱབ་གཉེར་བསམ་འཆར་ཁག་ནི་ཐེངས་འདིའི་གྲུབ་དོན་སྙན་ཐོའི་ཆ་ཤས་གལ་ཆེ་ཤོས་ཡིན་པས། རྒྱབ་གཉེར་བསམ་འཆར་དེ་དག་ལ་ངོས་ལེན་བྱེད་དགོས་པ་མ་ཟད། ལྷག་པར་དུ་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཡོངས་རྫོགས་ཀྱིས་ཤེས་ཡོན་སྲིད་བྱུས་གཅིག་མཚུངས་སུ་ལག་བསྟར་བྱ་རྒྱུར་གྲོས་ཆོད་ངེས་པར་འཇོག་དགོས་མཐོང། རྒྱུ་མཚན་ནི་ཤེས་ཡོན་སྲིད་བྱུས་ལག་བསྟར་མི་བྱེད་མཁན་གྱི་འོག་ཏུ་སློབ་ཕྲུག་བརྒྱ་ཆ་༧༠ ལྷག་ཡོད་པས། དེ་དག་ཟམ་པ་ཅིག་གི་འོག་ཏུ་འགྲོ་བའི་ཆུ་བཞིན་བསྡུས་མ་ཐུབ་ཚེ། དཀའ་ངལ་ཆེ་ས་དེ་དེ་མུར་ལྷག་ཉེན་ཡོད། གཞན་ཡང་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱ་ཐུབ་མཁན་གྱི་དགེ་རྒན་གསོ་སྐྱོང་བྱ་དགོས་པ་དང། སློབ་དེབ་རྩོམ་སྒྲིག་བྱེད་མཁན་གྱི་ཁྱད་མཁས་པ་འདང་ངེས་བསྐོ་གཞག་བྱ་དགོས་པ། དུས་ཚོད་རྒྱས་བཅད་ནང་སློབ་དེབ་ཡོངས་རྫོགས་གྲ་སྒྲིག་དགོས་པ་བཅས་ཀྱི་གྲོས་ཆོད་ཀྱང་ངེས་པར་འཇོག་གལ། དེ་བཞིན་ཤེས་ཡོན་ལྷན་ཚོགས་ཟུར་འཛུགས་བྱས་པའི་ཐོག་མའི་དམིགས་ཡུལ་ལྟར། ཤེས་རིག་ལས་ཁུངས་ཀྱི་ཚན་པའི་ངོ་བོར་མ་ཡིན་པར། རང་དབང་ཅན་གྱི་སྡེ་ཚན་དུ་དབྱེ་སྟེ། དེའི་ནང་ཤེས་ཡོན་ཅན་གྱི་མི་སྣ་བསྐོ་གཞག་བྱ་རྒྱུ་སོགས་ཀྱི་གྲོས་ཆོད་འཇོག་གལ་མཐོང། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དེ་ལྟའི་གྲོས་ཆོད་ཅིག་འཇོག་ཐུབ་ཚེ་སྲིད་སྐྱོང་དང་བཀའ་བློན་སུ་འདྲ་ཞིག་སླེབས་ཀྱང། ཤེས་ཡོན་སྲིད་བྱུས་ལག་བསྟར་བྱ་རྒྱུར་འགྱུར་བ་ཆེན་པོ་འགྲོ་ངེས་མིན། དེ་མིན་ཕུགས་རེ་ཆེན་པོ་ཡོད་པའི་སྲིད་བྱུས་དེ་ང་ཚོ་དང་གཏན་དུ་གྱེས་ངེས་ཤིང། ཤེས་རིག་བཀའ་བློན་ཙམ་མིན་པར་ང་རང་ཚོ་ཚང་མ་སྲིད་བྱུས་དེ་གསོད་མཁན་གྱི་གཤེད་མར་འགྱུར་ངེས།’ ཤེས་པའི་མཐའ་རེས་འདི་སྤྱི་འཐུས་རྣམ་པས་གྲོས་ཆོད་དུ་ངེས་པར་འཇོག་ཐུབ་པ་གནང་གལ་ཆེ་བ་མཐོང་བས། དེ་དགོངས་པ་ཟབ་བཞེས་ཡོད་པ་ཞུ།།

    Reply
  9. སྐལ་བཟང་རྣམ་རྒྱལ། says:
    ལོ་ 11 སྔོན།

    བློ་མཐུན་ཞང་བློན་ལགས་ནས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཞིབ་འཇུག་རང་བཞིན་ལྡན་པའི་རྩོམ་ཡིག་ཅིག་སྤེལ་འདུག ཞང་བློན་ལགས་ནས་གསུངས་པ་བཞིན་གྲོས་ཚོགས་ནས་ཆེད་འཛུགས་གནང་བའི་ཚོགས་ཆུང་གི་སྙན་ཐོ་ལྗགས་ཀློག་གནང་བ་དང་། དེར་འཐུས་མི་རྣམས་ནས་བགྲོ་གླེང་གནང་ཕྱོགས་གང་ས་ནས་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་དགོངས་དོན་དང་ཐག་རིང་དུ་གནས་འདུག་སྙམ་པའི་ཚོར་སྣང་བྱུང་། སྲིད་བྱུས་ཟབ་པ་དང་རྒྱ་ཆེ་བ་འདི་ལྟ་བུ་ཞིག་ལག་བསྟར་དོན་འཁྱོལ་ཡོང་གི་ཡོད་མེད་ཀྱི་ཞིབ་འཇུག་དང་བགྲོ་གླེང་གི་གྲོས་ལ་དབང་བ་འདི་ཚོར་རང་གིས་གཏན་ལ་ཕབ་པའི་སྲིད་བྱུས་ལ་གོ་སྟོབས་འདི་འདྲ་ཞིག་ལས་མེད་ན། དེ་འདྲའི་སྲིད་བྱུས་ཤིག་ཁོར་ཡུག་འདི་འདྲའི་ནང་ལག་བསྟར་བྱེད་རྒྱུ་དེ་ཡང་དངོས་གནས་ཞེད་སྣང་སྐྱེ་དགོས་པ་ཞིག་མིན་ནམ་སྙམ། ལྕམ་ལགས་ཀྱི་འགྲོ་སྟངས་མ་ཤེས། བུ་མོའི་སྡོད་སྟངས་ཤོར་ཟེར་བའི་དཔེ་དོན་དུ་འགྲོ་ཉེན་ཡང་འདུག ཞིབ་ཕྲའི་རྒྱས་བཤད་རྗེས་སུ་ཞུས་ཆོག ལྷག་པར་བོད་ཁྱིམ་ནས་བོད་གཞུང་ཤེས་རིག་བློན་ཆེན་ལྷན་ཁང་དང་། གྲོས་ཚོགས་ཀྱི་ཞིབ་འཇུག་ཚོགས་ཆུང་ལ་རྫིག་ཉམས་སྟོན་པའི་སྣང་བརྙན་མཐོང་ཡོང་དུས་དངོས་གནས་ད་ནི་ངན་པ་ཡར་ལང་ནས་བཟང་པོའི་མགོ་གནོན་ཡོང་གི་འདུག་སྙམ་པའི་དངངས་སྐྲག་ཀྱང་བྱུང་། དགའ་འོས་པ་ཞིག་ལ་སྐུ་ངོ་ཤེས་རིག་བཀའ་བློན་གྱིས་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་པ་མི་དམན་པ་ལོན་ཐུབ་པ་འདུག་སྙམ། དེ་ཡང་བཟང་ཕྱོགས་རེད་ལ་རེ་བ་ཡང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese