ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་བསྐྱར་དུ་དགོས་འདུན་དོན་ཚན་ ༧ ཅན་ཞིག་ཕུལ་ཏེ་མུ་མཐུད་ཞུ་འབོད་ལས་འགུལ་སྤེལ་བཞིན་ཡོད་འདུག
སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༡༠ པ་དབུ་འཛུགས་དང་བསྟུན་ཏེ། ཇོ་ནང་གཞིས་བྱེས་གཉིས་ཀྱི་སྐུ་ཚབ་སེར་སྐྱ་ ༡༠༠ ལྷག་གིས་གྲོས་ཚོགས་ཁང་གི་མདུན་དུ་ཞུ་འབོད་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། དེ་རིང་ཞུ་འབོད་ལས་འགུལ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ལྷན་ཚོགས་ཀྱི་ངོས་ནས་བསྐྱར་དུ་དགོས་འདུན་དོན་ཚན་ ༧ བཏོན་ཡོད་པའི་སྐོར་དང་དེ་བཞིན་ཁ་སང་གྲོས་ཚོགས་ཁང་གི་མདུན་དུ་བྱུང་བའི་གནས་ཚུལ་ཐོག་གསལ་བཤད་གནང་སོང་།
ལྷན་ཚོགས་ཀྱི་འགན་འཛིན་ལས་ཚབ་ངག་དབང་རྡོ་རྗེ་ལགས་ཀྱིས་འདི་གའི་གསར་འགོད་པར། མདང་དགོང་ཆུ་ཚོད་ ༦ པའི་སྟེང་སྤྱི་འཐུས་ཚོགས་འདུ་གྲོལ་སྐབས། སྤྱི་འཐུས་ཚོགས་གཙོ་གཞོན་རྣམ་གཉིས་དང་སྲིད་སྐྱོང་མཆོག་ང་ཚོའི་མདུན་ལ་ཕེབས་ནས་གསུང་བཤད་གནང་བ་རེད། སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ཕྱི་ཟླ་ ༣ པའི་ནང་ཁྱོད་ཚོར་རྒྱབ་སྐྱོར་གནང་མཁན་འཐུས་མི་ ༡༧ ཡོད་སྟབས་ཡག་པོ་ཡོད་པ་རེད། ཡིན་ན་ཡང་ད་སྐབས་རྒྱབ་སྐྱོར་བྱེད་མཁན་གྱི་མི་གྲངས་ཉུང་དུ་ཕྱིན་ཡོད་པ་དང་། སྤྱིར་བཏང་གྲོས་ཚོགས་ར་བའི་ནང་ནས་ཁྱོད་ཚོ་ཇོ་ནང་ཆོས་བརྒྱུད་ལ་རྒྱབ་སྐྱོར་མི་བྱེད་པར་དགག་པ་རྒྱག་མཁན་གྲོས་ཚོགས་འཐུས་མི་གཅིག་ཀྱང་ཡོད་པ་མ་རེད་ཅེས་གསལ་བོར་གསུངས་སོང་། ཁོང་གིས་དེ་ལྟར་གསུངས་དོན་ནི། དེ་རིང་གི་རྙོག་འཛིང་འདི་ཁྱེད་རང་ཚོས་བཟོས་སོང་ཞེས་བཤད་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་གྲོས་ཚོགས་ར་བའི་ནང་གི་དཀའ་རྙོག་ཁྱེར་ཡོང་ནས་ང་ཚོར་བཤད་ཀྱི་ཡོད་པ་རེད། ངས་འདིར་གསལ་བཤད་བྱེད་རྒྱུ་ཞིག་ལ། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོའི་ལག་ཏུ་སྙན་ཞུ་བཞག་པ་དང་། སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱི་ཁ་པར་འཕྲོག་པ་དེ་ང་ཚོའི་ནོར་འཁྲུལ་ཡིན་པ་ངོས་ལེན་བྱེད་ཀྱི་ཡོད། དེ་མིན་ང་ཚོས་ཁ་སང་གི་རྙོག་གྲ་དེའི་ནང་ནོར་འཁྲུལ་གཅིག་ཀྱང་བཟོས་མེད། ཁ་སང་སྤྱི་འཐུས་ཚོགས་གཙོ་གཞོན་རྣམ་གཉིས་དང་སྲིད་སྐྱོང་མཆོག་ཕེབས་ནས། ང་ཚོར་ཁྱོད་རང་ཚོས་ནོར་འཁྲུལ་བཟོས་སོང་ཞེས་གསལ་བཤད་གནང་ཡོད་སྟབས། ང་ཚོའི་དཀའ་ངལ་ཆེ་ཤོས་དེ་ཁོར་ཡུག་ཆུང་ཆུང་འདིའི་མི་ཚང་མས་རྙོག་གྲ་དེ་ཕལ་ཆེར་ང་ཚོའི་ནོར་འཁྲུལ་ཡིན་པའི་ལྟ་ཚུལ་ཞིག་འདུག་པས། ང་ཚོ་ག་དུས་ཤིག་ལ་དཀར་འདོན་བྱེད་མིན་དང་དཀར་པོ་ཆགས་ཐུབ་མིན་དེ་རེད་ལ། ང་ཚོ་འདིར་ཞུ་འབོད་བྱེད་མཁན་མི་ ༡༥༠ ལྷག་ཡོད་པ་ཚང་མ་རྒྱལ་ཁབ་ཕྱི་ནང་གི་ཇོ་ནང་པའི་སྐུ་ཚབ་ཡིན་སྟབས། བོད་ནང་གི་སྐུ་ཚབ་ཀྱིས་སྤྱི་འཐུས་ཚོགས་གཙོ་གཞོན་མཆོག་དང་སྲིད་སྐྱོང་མཆོག་ལ་ཁོང་ཕྱིར་བོད་ལ་ལོག་པ་ཡིན་ན། བློ་ཕམ་པའི་གནས་ཚུལ་འདི་ཇོ་ནང་གཞིས་ལུས་མི་མང་ཚང་མར་གསལ་བཤད་བྱ་རྒྱུ་ཡིན་སྐོར་གསལ་བོ་ཞུས་ཡོད་པ་རེད་ཅེས་དང་། ཁ་སང་གྲོས་ཚོགས་མདུན་དུ་བྱུང་བའི་གནས་ཚུལ་སྐོར་གསལ་བཤད་གནང་སོང་།
ཁ་སང་ཕྱི་དྲོར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཀྱི་བཞུགས་མོལ་ཚོགས་འདུའི་ནང་གླེང་སློང་ཇི་བྱུང་སྐོར་གསུངས་དོན། བཞུགས་མོལ་ཚོགས་འདུའི་ནང་སྤྱི་འཐུས་༢༩ ཙམ་གྱིས་དགོངས་ཚུལ་གསུངས་སོང་། གྲོས་ཚོགས་སྔོན་མའི་ནང་ཁྲིམས་འཆར་ཁྱེར་ནའང་མར་ཟགས་པ་རེད། ཐེངས་རེར་ཡང་བསྐྱར་ཁྱེར་བསྡད་ན་གྲོས་ཚོགས་ཀྱང་སླ་པོ་ཆགས་ཀྱི་འདུག དེ་རིང་ཉིན་གུང་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་དང་མཉམ་དུ་གནད་དོན་བྱུང་བ་དེར། སྤྱི་འཐུས་མང་པོ་བློ་ཕམ་བྱུང་སོང་ཞེས་རྒྱབ་སྐྱོར་བྱེད་མཁན་ཅུང་ཉུང་དུ་སོང་འདུག སྤྱི་འཐུས་མང་པོས་ད་ཐེངས་གྲོས་ཚོགས་ནང་ཁྱེར་ནའང་གཏན་འབེབས་བྱ་ཐུབ་ས་མ་རེད་ཅེས་གསུངས་སོང་། མ་འོངས་པ་ཡིན་ནའང་རྒྱབ་སྐྱོར་ཐོབ་ཆེད་དུ་ག་རེ་བྱེད་དགོས་མིན་སྐོར་དགོངས་པ་བཞེས་དགོས་པ་རེད། མ་འོངས་པ་ལ་བསམ་བློ་བཏང་ནས་ད་ཐེངས་འདིར་བཞུགས་མི་དགོས་པ་བྱུང་ན་ཡག་པོ་ཡོང་ས་རེད་ཅེས་འབོད་སྐུལ་ཞུ་ཡི་ཡོད། རྣམ་པ་ཚོས་མུ་མཐུད་བཞུགས་རྒྱུ་ཡིན་གསུང་ན། སྐུ་མཁྱེན། ཕྱོགས་གཅིག་ལ་བཞུགས་པ་ལས། སྤྱི་འཐུས་ཚོ་ཕེབས་ལམ་སྟོང་པར་འཇོག་རོགས། ལག་པར་འཇུ་བ་དེ་འདྲ་བྱས་ན། ཕན་ཚུན་སུས་བྱས་ནའང་ནོར་འཁྲུལ་ཆེན་པོ་རེད། གནས་ཚུལ་འདིའི་འོག་བོད་སྤྱི་ལ་མཐོང་སྟངས་དང་། བོད་ནང་གི་ཇོ་ནང་པས་དགོངས་པ་བཞེས་སྟངས་ཁྱེད་རང་ཚོས་འགྲེལ་བཤད་རྒྱག་སྟངས་ལ་རག་ལས་ཀྱི་རེད། གནད་དོན་ག་འདྲ་ཞིག་ཡིན་ནའང་དམངས་གཙོའི་འགྲོ་ལུགས་ལྟར་བྱེད་དགོས་པས། གྲོས་ཚོགས་ཀྱི་ཐག་གཅོད་དེ་འདྲ་བྱུང་བསྡད་ཡོད་རེད། རྣམ་པ་ཚོས་དགོངས་པ་བཞེས་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། མ་འོངས་པར་ག་འདྲ་ཡོང་དེའི་སྐབས་བལྟ་རྒྱུ་རེད། གཅིག་གིས་གཅིག་ལ་ལག་པ་འཇུ་བ་དང་དེ་འདྲ་བྱས་བསྡད་ན། གནས་སྟངས་སྡུག་ཏུ་འགྲོ་བ་ལས་ཡག་ཏུ་འགྲོ་ཡི་མི་འདུག སྤྱི་འཐུས་ཚོར་དེའི་ཐོག་བསམ་ཚུལ་ཤུགས་ཆེན་པོ་འདུག ཅེས་དང་།
ཡང་ཁོང་གིས་ཇོ་ནང་གི་དགོས་འདུན་དོན་ཚན་བཞིའི་ཐོག་གསལ་བཤད་གནང་དོན། ཁྱེད་ཚོས་སྙན་ཞུ་བཏང་བ་མཉམ་དུ་༧རྒྱལ་བ་རིན་པོ་ཆེའི་བཀའ་ཡིག་ཡོད་པ་དེ་ང་ཚོས་ཀློག་གི་ཡོད་ལ། དེའི་ནང་ད་སྔ་བར་དུ་མཐུན་རྐྱེན་སྦྱར་བ་ཡིན། མ་འོངས་པར་ཡང་སྦྱར་གྱི་ཡིན་པ་གསུངས་པ་དེར་སྤྱི་འཐུས་ཀྱི་ངོས་ནས་དེ་ལས་མཐོང་ཚུལ་གཞན་པ་གང་ཡང་མེད། ཆོས་ཚོགས་ཐེངས་༡༡ པའི་ཐོག་གི་གྲོས་ཆོད་ནང་ཇོ་ནང་པ་དེ་ལྟ་གྲུབ་རང་རྐྱ་འཕེར་བའི་ཆོས་བརྒྱུད་ཅིག་ཡིན་པ་དེ་མ་རེད་ཅེས་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་སུ་གཅིག་གིས་ལབ་མ་མྱོང་། དེ་ལ་ངོས་ལེན་ཡོད། ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་ཡིན་པའི་སྐབས་ཀྱི་གནས་སྟངས་དེར་ད་དུང་འགྱུར་བ་སོང་ཡོད་མ་རེད། རིན་པོ་ཆེའི་ཕྱག་བྲིས་ནང་ཇོ་ནང་པར་ཆོས་བརྒྱུད་སྤྱི་མཚུངས་ཀྱི་མཐུན་འགྱུར་ག་རེ་དགོས་ནའང་དེ་སྔོན་སྦྱར་ཡོད། མ་འོངས་པར་སྦྱར་གྱི་ཡིན། སྤྱི་འཐུས་མ་རག་པའི་རྒྱུ་མཚན་གྱིས་ཇོ་ནང་པའི་ལུང་རྟོགས་བསྟན་པ་ལ་ཉམས་རྒུད་འགྲོ་བ་གང་ཡང་མཐོང་གི་མེད་གསུངས་ཡོད་པ་རེད། ཅེས་གསུངས་ཡོད་འདུག
ཡང་སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། དམངས་གཙོའི་འགྲོ་ལུགས་ལྟར་ཁྲིམས་བཟོ་ལྷན་ཚོགས་ནས་ཐག་གང་བཅད་པ་དེ་འཛིན་སྐྱོང་གིས་ལག་བསྟར་བྱེད་དགོས་རེད། མཚམས་རེར་བཀའ་ཤག་ཡིན་ནའང་གྲོས་ཚོགས་ནང་གྲོས་ཆོད་ཁྱེར་སྐབས། རྒྱབ་སྐྱོར་ཡོད་པ་དང་མེད་པ་གཉིས་ཀ་ཡོང་གི་རེད། དམངས་གཙོའི་སྒྲིག་འཛུགས་ལ་བརྩི་བཀུར་དགོས་པ་གལ་ཆེན་པོ་རེད། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་བཀའ་ཡིག་གནང་བ་བཞིན་དེ་ལག་བསྟར་བྱེད་ཀྱི་ཡོད་པ་རེད། དམིགས་བསལ་ཚོགས་ཆེན་སྐབས་ཡིན་ནའང་ས་གནས་ཚང་མའི་སྐུ་ཚབ་ཡོད་པ་བཞིན། ཇོ་ནང་པར་དམིགས་བསལ་རྐུབ་སྟེགས་ཕུལ་ཡོད་པ་རེད་། བླ་ཆེན་ཁག་གི་ཚོགས་ཆེན་ཡིན་ནའང་ཇོ་ནང་ཆོས་བརྒྱུད་ལ་ཟུར་ཉན་མ་ཡིན་པའི་ཞབས་བཀྱག་གཉིས་ཕུལ་ཡོད། རང་རྐྱ་འཕེར་བའི་ཆོས་བརྒྱུད་ལ་བརྩི་ཡི་ཡོད་ཅེས་པ་དེ་ཡིག་ཐོག་གཅིག་པུ་མ་ཡིན་པར། ༧གོང་ས་མཆོག་གི་དགོངས་གཞི་ལྟར་ལག་བསྟར་འགྲོ་བཞིན་ཡོད་ལ། ཆུང་ཙག་ཐོག་ནས་སློབ་ཡོན་དང་རིགས་གཅིག་རྐང་འཛིན་ག་རེ་གནང་གི་ཡོད་ནའང་། ཆོས་བརྒྱུད་སྤྱི་ཡོངས་ལ་ཕུལ་བ་དེ་ཇོ་ནང་ལ་ཡང་གནང་གི་ཡོད། མ་འོངས་པར་མཐུན་རྐྱེན་ག་རེ་དགོས་ན་འབུལ་རྒྱུ་ཡིན། གནས་ཚུལ་མ་ལྷག་པར་འབད་བརྩོན་གནང་ན་ཡག་གི་རེད། བོད་པའི་ནང་ཁུལ་དུ་གནས་ཚུལ་བྱུང་འདུག་ཟེར་བ་བྱུང་ན། སྤྱི་ཡོངས་ལ་བློ་ཕམ་ཡོང་གི་རེད། དགོངས་པ་རྒྱ་ཆེན་པོ་བཞེས་རོགས། ཞེས་གསུངས་འདུག
ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་ཚོགས་དྲུང་ལས་ཁུངས་ནས་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱིས་ཕུལ་བའི་འབོད་སྐུལ་དོན་ཚན་ ༤ ཡི་ཐོག་གསལ་བཤད་ཅིག་གནང་བའི་ནང་། ཀ ཞུ་དོན་དོན་ཚན་དང་པོའི་ཐད། བྱུང་རིམ་ཆ་ཚང་མཁྱེན་ཆུབ་ལྟར་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་གྲོས་ཚོགས་ཚོགས་དུས་ ༩ ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་འབུལ་ལམ་ཞུས་པའི་བར་འགན་འཁུར་ཆེ་བཞེས་མང་གཙོའི་འགྲོ་ལུགས་ལྟར་ཞུས་ཡོད་པས་རྩིས་མེད་གསུངས་པའི་ཚིག་བརྗོད་ཡོང་ཤེས་སྟངས་མེད་པ་ཡིན།
ཁ ཞུ་དོན་དོན་ཚན་གཉིས་པའི་ཐད། གྲོས་ཚོགས་ནང་བཀུར་འོས་སྤྱི་འཐུས་རྣམ་པས་བགྲོ་གླེང་དང་དགོངས་འཆར་ཇི་གནང་བ་རྣམས་དོ་བདག་སྤྱི་འཐུས་སོ་སོས་འགན་འཁུར་ཁུངས་སྐྱེལ་གནང་རྒྱུ་ཞིག་ལས་ལྷན་ཚོགས་ནས་ལམ་འདེབས་གསལ་བཤད་གནང་ལམ་མེད།
ག ཞུ་དོན་དོ་ཚན་གསུམ་པའི་ཐད། ཞུ་སྙན་སྔ་རྗེས་རིམ་པར་བཀའ་ལན་དང་འགན་ཁུར་གང་ཡོང་བཞེས་ཡོད་པ་དང་། ལྷག་པར་ཆོས་རིག་ལས་ཁུངས་ལ་ཚོགས་ཆུང་ཟུར་འཛུགས་ཀྱིས་ཞིབ་འཇུག་གནང་དགོས་འཛིན་སྐྱོང་ལ་གསུངས་ཁྱབ། མཐའ་མ་གྲོས་ཚོགས་སུ་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བསྣམས་པའི་བར་བཅས་འཚེམས་ལུས་མེད་པ་གནང་དགོས་ཡོད་པ་ལས་རྩིས་མེད་གནང་རིགས་མེད།
ང ཞུ་དོན་བཞི་པའི་ཐད། བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག་གྲོས་ཚོགས་ནས་གཏན་འབེབས་གནང་བ་ཙམ་ལས་ད་ཕན་ཆ་ཚང་བ་གང་ཡང་ལག་བསྟར་ཐུབ་ཀྱི་མེད་པའི་གནས་སྟངས་མཁྱེན་ཆུབ་ལྟར་དང་། ད་ལམ་ཞུ་དོན་ཐད་བོད་མི་མང་སྤྱི་འཐུས་རྒྱས་འཛོམས་བཞུགས་མོལ་ལྷན་འཛོམས་ཤིག་འཕྲལ་མྱུར་གནང་འཆར་ལྟར་དེ་མཚམས་གསལ་ཆ་ཡོང་ངེས། ཞེས་བཀོད་འདུག
གསར་འགོད་པ། པདྨ་རྒྱལ།
སྤྱི་ཆོས་ལུགས་ཀྱི་སྤྱི་མཐུས་དགོས་ཡས་མི་འདུག ཆོས་ལུགས་ཟེར་དུས། སངས་རྒྱས་ཀྱི་ལུང་རྟོགས་གཉིས་ཀྱི་བསྟན་པ་ལ་ཤུགས་རྒྱག་ཡས་གལ་ཆེ་བར་མཐོང་།ཇོ་ནང་གི་བསྟན་པ་ལ་བཙལ་བྱོལ་ཞུང་གི་དགག་བྱ་བྱས་ཡོད་དམ།་ ཇོ་ནང་ལ་ཐོབ་ཐང་མེད་པ་ཨེ་ཡིན་ནམ། སྟོན་པ་སངས་རྒྱས་ཤཀྱ་ཐུབ་པ་རྒྱལ་སྲས་ཡིན་ཀྱང་རྒྱལ་སྲིད་སྤངས་པ་མི་དྲན་ནམ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་བ་མི་དྲན་ནམ། སྟོན་པ་ཤཀྱ་ཐུབ་པའི་རྗེ་འཇུག་ཡིན་ཟེར་རབ་བྱུང་གི་ཚུལ་འཆང་ཞིང་འཇིག་རྟེན་གྱི་སྲིད་ལ་བྱུས་རྟོགས་དགོས་ཡོད་ཟེར། བརྩོད་པ་ནི་ཤིན་ཏུ་སེམས་སྐྱོ་བའི་གནས་ལགས། དེ་ལྟར་ཆོས་ལུགས་ཀྱི་ཐོབ་ཐང་དང་ཇོ་ནང་གི་བསྟན་པ་གཏོར་ཤིག་གཏོང་མཁན་རྒྱ་དམར་ལ་དེ་ལྟར་བརྩོད་པ་བྱེད་མྱོང་ཡོད་དམ།། ཇོ་ནང་གིས་དགོངས་པ་ཆེར་བཞེས་ཀྱིས། བོད་འཆོལ་ཁ་ཆོས་ལུགས་ཡོངས་རྫོགས་ལ་རྒྱ་དམར་གྱིས་ཆོས་དང་རིགས་གཞུང་རང་དབང་ལོངས་སྤྱོད་པའི་ཐོབ་ཐང་མེད་པ་འདི་ལ། ང་ཚོ་བོད་མི་ཆོལ་གསུམ་ཆོས་ལུགས་རིགས་སུ་མ་ཆད་པ་རྒྱ་དམར་ལ་ཐོབ་ཐང་བརྩོད་བཞིན་པའི་གཅིག་སྒྲིལ་གྱི་ནུས་པ་ཉམས་ཆགས་མ་གཏོང་རོགས།།
སྤྱི་ཆོས་ལུགས་ཀྱི་སྤྱི་མཐུས་དགོས་ཡས་མི་འདུག ཆོས་ལུགས་ཟེར་དུས། སངས་རྒྱས་ཀྱི་ལུང་རྟོགས་གཉིས་ཀྱི་བསྟན་པ་ལ་ཤུགས་རྒྱག་ཡས་གལ་ཆེ་བར་མཐོང་།ཇོ་ནང་གི་བསྟན་པ་ལ་བཙལ་བྱོལ་ཞུང་གི་དགག་བྱ་བྱས་ཡོད་དམ།་ ཇོ་ནང་ལ་ཐོབ་ཐང་མེད་པ་ཨེ་ཡིན་ནམ། སྟོན་པ་སངས་རྒྱས་ཤཀྱ་ཐུབ་པ་རྒྱལ་སྲས་ཡིན་ཀྱང་རྒྱལ་སྲིད་སྤངས་པ་མི་དྲན་ནམ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་བ་མི་དྲན་ནམ།རབ་བྱུང་གི་ཚུལ་འ
སྤྱི་འཐུས་ཐོབ་ཐང་བརྩོད་པ་ལས་བཤད་བསྒྲུབ་ཀྱི་བསྟན་པ་ཡག་པོ་ཞིག་སྲུངས་དང་།
བློ་གཟུ་བོ་གནས་པའི་སྒང་ནས་སྐད་ཆ་རེ་བཤད་ན། ཇོ་ནང་ཆོང་རྒྱུད་ལ་ཐོབ་ཐང་འདི་བརྩོད་པའི་གོ་སྐབས་ཡོད་ལ་བརྩོད་སྟངས་དེ་འང་མང་གཙོའི་ལམ་ལུགས་དང་མཐུན་པ་ཡིན། ཇོ་ནང་པས་མུ་མཐུད་ངོ་རྒོལ་བྱ་རྒྱུ་དེ་འང་འོས་བབ་ཞིག་རེད། ཅི་སྟི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲུབ་ཆ་ནང་རྒྱ་དཀར་ནག་ནས་དར་ཁྱབ་བྱུང་བས་བོད་རྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ས་དགེ་བཀའ་རྙིང་བཞི་ཆའི་སྤྱི་འཐུས་ས་མིག་ཕྱིར་བསྡུ་མ་བྱུང་བར་དུ་ངོ་རྒོལ་བྱེད་དགོས། དྲང་མོ་བཤད་ན་བོད་ལ་ཆོས་ལུགས་ཆེན་པོ་གཉིས་ལས་མེད་པ་ཡོངས་གྲགས་རེད། བོད་ཀྱི་ཆོས་ལུགས་ཆེན་པོ་གཉིས་ནི་བོན་དང་བན་གཉིས་ཡིན། བོད་རང་ཉིད་ཀྱི་གདོན་མའི་ཕ་ཆོས་ངོ་མ་གཡུང་དྲུང་བོན་ཏེ་སྟན་པ་གཤེན་རབ་མི་བོའི་ཆོས་ལུགས་དང་། གནའ་སྔ་མོ་རྒྱ་གར་གྱི་ཆོས་ལུགས་རིམ་པས་རྒྱ་དཀར་ནག་གཉིས་ནས་དར་ཁྱབ་བྱུང་བའི་བོད་རྒྱུད་ནང་བསྟན་ཟེར་བ་ཏེ་སྟོན་ཤཱཀྱ་ཐུབ་པའི་ཆོས་ལུགས་བཅས་གཉིས་ཡོད། དེ་སྔ་བཙན་བྱོལ་སྤྱི་ཚོགས་ནང་ཆོས་ལུགས་འཐེན་ཁྱེར་གྱིས་དབང་དང་དགེ་ལུགས་ཆོས་རྒྱུད་ལ་དབང་ཤུགས་ཆེ་བ་སོགས་ཀྱི་གནས་སྟངས་འདྲ་མིན་འོག་ནས། ད་ལྟའི་སྤྱི་འཐུས་ནང་བོད་ཀྱི་ཆོས་རྒྱུད་ཆེན་པོ་གཡུང་དྲུང་བོན་དང་ཕྱི་ལུགས་བོད་རྒྱུད་ནང་བསྟན་གྱི་ཁྱབ་ཁོངས་ས་དགེ་བཀའ་རྙིང་བཅས་ལྔ་ཆར་སྤྱི་འཐུས་ས་མིག་གཉིས་རེ་བཅས་ཁྱོན་བཅུ་ཡོད་པ་ནི། ལུགས་མཐུན་གྱི་མང་གཙོ་ལུགས་དང་འགལ་བའི་ལྷད་སྐྱོན་ཡོད་པ་ལོང་བའི་བསྟས་རྒྱལ་ཁམས་ཟེར་བའི་དཔེ་ལྟར་རེད། ལར་ནས་བོན་པོའི་སྤྱི་འཐུས་འདི་འང་ཕྱིས་སུ་སྤྱི་ལོ ༡༩༧༠ དོན་གྲངས་ནང་མ་གཏོགས་གོ་སྐབས་བྱུང་མེད་པའི་ལོ་རྒྱུས་གཙོག་པ་དེ་འདྲ་འང་ཡོད། དེས་ན་ཡག་ཤོས་ལ་གྲོས་ཚོགས་ནང་ཆོས་རྒྱུད་ཁག་གི་སྐུ་ཚབ་རྩ་བ་ནས་མེད་པ་བཟོ་རྒྱུ་དང་། གལ་ཏེ་ངེས་པར་དུ་དགོས་ན་གོང་དུ་ཞུས་ཟིན་ལྟར་བོད་ཀྱི་ཆོས་རྒྱུད་ཆེན་པོ་གཡུང་དྲུང་བོན་དང་ཕྱི་ལུགས་བོད་རྒྱུད་ནང་བསྟན་གཉིས་བཅས་ཆོས་རྒྱུད་ཆེན་པོ་གཉིས་སུ་དབྱེ་ནས་སྐུ་ཚབ་ཀྱི་ས་མིག་ཕུལ་དགོས། དེ་ལྟར་བྱུང་ན་གྲུབ་མཐའ་དང་ཆོས་རྒྱུད་ཀྱི་རྙོག་དྲ་ཡོངས་སུ་སང་ངེས་རེད། མ་གཏོགས། ད་དུང་མུ་མཐུད་ས་དགེ་བཀའ་རྙིང་ཟེར་ནས་ཆོས་རྒྱུད་ཆེན་པོ་བཞི་ཡིན་མདོག་དང་བོད་རང་གི་ཕ་ཆོས་གཡུང་དྲུང་བོན་དེ་ཉིས་དམན་ཕྱོགས་སུ་བཟུང་ནས་ཨུ་ཚུགས་ཀྱིས་རྒྱུན་འཁྱོངས་གནང་བ་ཡིན་ན། ད་གཟོད་ཇོ་ནང་བ་དང། ཡེ་ཤུས། ཁ་ཆེ། ད་དུང་དེ་དག་ནང་གི་ནང་གསེས་ཆེ་ཆུང་ཚང་མས་ཐོབ་ཐང་བརྩོད་ངེས་རེད་ལ་བརྩོད་ཀྱང་འོས་བ་ཞིག་རེད་སྙམ་གྱིན་ཡོད། སོ་སོ་རང་ལ་མཚོན་ན་ཆོས་ལུགས་ཆོས་བརྒྱུད་གང་ལ་འང་ཞེན་ཆགས་མེད་ལ་ཆོས་དད་དེ་ཙམ་མཁན་གྱི་མི་ཕལ་བ་ཞིག་ཡིན། འོན་ཀྱང་། ཆོས་ལུགས་དང་ཆོས་ལུགས་ཟེར་བཞིན་ས་དགེ་བཀའ་རྙིང་དབར་ལ་སོ་སོ་ཡག་རབས་བཟང་རབས་གྱི་མཆོག་ལྟ་དང་འབྲེལ་ནས་བརྟན་ལྷིང་མེད་པའི་སྤྱི་ཚོགས་ཞིག་གྱུར་ཡོད་པ་མ་ཟད། ཆོགས་ལུགས་ཁ་གཡར་ནས་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་གང་སར་རྙོག་ཟིང་བཟོ་བ་ནི་ཆེས་མ་འོས་པ་ཞིག་རེད་ལ་ད་སྐབས་རྡ་སར་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་ལ་ཇོ་ནང་ཆོད་རྒྱུད་ཐོབ་ཐང་དང་འབྲེལ། གཞུང་དམངས་དབར་ལ་དཀའ་ངལ་འཕྲད་མུས་ཀྱི་ཇོ་ནང་པས་རྒྱ་མི་ཆུང་བའི་ངོ་རྒོལ་ཞིག་སྤེལ་བཞིན་པར་ཕྲན་ཆུང་ང་ལ་བློ་འཚབས་འདི་འདྲ་ཞིག་སྐྱེད་པ་དང་སྦྲགས། ཆོས་ལུགས་ཆོས་རྒྱུད་དང་མང་གཙོའི་སྒྲུམ་གཞིའི་སྐོར་ལ་སོ་སོའི་རྨོངས་འཆར་རང་ཞུས་པ་ཡིན། ཀློག་མཁན་རྣམ་པ་ཚོས་བཀའ་སློབ་དང་བཀའ་སྐྱོན་གང་ཡོད་ན་གནང་རོགས་ཞུ། ནོར་བ་དང་འཁྲུལ་བ་གང་བྱུང་བ་དག་ལ་བཟོད་བསྲན་ཡོང་བ་ཞུ། ཐུགས་རྗེ་ཆེ།
ཀློག་པ་པོ་རིག་པའི་བློ་གྲོས་ལགས། རྙོག་གྲ་བཟོ་མ་ཡོང་ཨཱ། ང་ཁམས་པ་ཡིན་དཱ། ཅེས་པའི་སྐད་ཆ་འདི་ངའི”ཕྱག་བྲིས”མ་རེད་ལ། ཁ་བྱང་དུ་འགོད་པར་ཅུང་རིང་དྲག་པས་འགོད་ཐབས་མ་བྱུང་ལགས།
ད་ལྟ་སྤྱི་འཐུས་ས་མིག་རྩོད་དུས་མིན། རྩོད་དགོས་པ་བོད་རང་དབང་རེད། བོད་རང་དབང་མ་བྱུང་བར་སྤྱི་འཐུས་ས་མིག་རྩོད་པའི་ཕན་པ་མི་མཐོང།
ཇོ་ནང་པ་ལ་མི་འདོད་པའི་གདམ་ག་ཞིག་སྤྲོད་རྩིས་འདུག སྐབས་དེར་ག་ཟུ་དང་སྤྱི་འཐུས་ཁག་ཅིག་གི་འགྱོད་པ་རྟ་ཕོས་མི་གོམ། གདམ་ག་འདི་གཞུང་ལ་དང་བླང་དཔྱ་ཁྲལ་འབུལ་འཚམས་འཇོག་པ་ཙམ་མ་རེད། དེ་ནི་འཛམ་གླིང་འདིའི་ཁྲོད་ཀྱི་མི་གྲངས་ས་ཡ་འགས་དེར་ཕྱོགས་ལ་འཛིན་པའི་སྲིད་ཇུས་ཤིག་ལ་ཐུག་ཡོད། གོ་དགོས་པ་ཐམས་ཅད་ཀྱིས་གོ་བར་གྱིས་ཤིག
རྙོག་གྲ་བཟོ་མ་ཡོང་ཨཱ། ང་ཁམས་པ་ཡིན་དཱ།
གསར་འགོད་པ་ལགས་ཁྱེད་རང་གིས་ཕྱག་བྲིས་གནང་པའི་གསར་འགྱུར་གྱི་ཁ་བྱང་ལ་ཚིག་དུམ་རྗེས་མ་དེ་དགོས་པ་ཞིག་མཐོང་བྱུང་།
ཇོ་ནང་པའི་མིང་ཁུར་ནས་རྙོག་གྲ་མ་བཟོ་རོག། གལ་ཏེ་ཇོ་ནང་པ་ལ་སྤྱི་མཐུན་འབུལ་དགོས་ཚེ། དྲི་བ་མང་པོ་ཡོད། ༡༽ བོད་པ་ཁ་་ཆེ་བ་ཚོ་ལ་སྤྱི་མཐུན་འབུལ་དགོས་སམ ༽ ༢༽ བོད་པ་ཡེ་ཤོས་བ་ཚོ་ལ་སྤྱི་མཐུན་འབུལ་དགོས་སམ། ༣༽ བཀའ་རྒྱུད་ཆེ་བཞི་ལ་ཡང་རང་སྐྱ་ཐུབ་པའི་ཆོས་རྒྱུད་མིན་པར་ག་འདྲ་ཞིག་བྱེད་ནའང་བསྒྲུབས་མི་ཐུབ་པས་སྤྱི་མཐུན་འབུལ་དགོས་སམ། ༤ བོད་པ་རྒྱག་ནག་གི་ཆོས་ལུགས་ཀྱི་བསམ་གཏན་པ་ཡང་འབུལ་དགོས་སམ། ༥༽ གལ་ཏེ་ཇོ་ནང་པ་་ལ་སྤྱི་མཐུན་མེད་ཚེ་དུས་འཁོར་སྦྱོར་དྲུག་ཉམས་སམ། ༦༽ ཇོ་ནང་པ་དགེ་ལུགས་པའི་ཆོས་རྒྱུད་དང་མི་མཚུངས་རྒྱུ་མཚན་དགོས། ༨༽ སྤྱི་མཐུན་དགེ་བཤེས་ལ་་ཁ་པར་འཕྲོག་པ་་དེ་ཇོ་ནང་པའི་ལུགས་རྟོགས་བསྟན་པ་གང་མཐུན། ༩༽གལ་ཏེ་ཇོ་ནང་པ་བོད་སྤྱི་་མཁན་ཞིག་ཡིན་ན་ མཆོད་བརྟེན་མགོ་བཞུགས་ལོག་ཀྱང་བང་རིམ་སྐད་པ་གནས་པ་ཞིག་དགོས། ༡༠༽ ཇོ་ནང་པ་མཐོང་ཆེན་དང་བོད་པའི་ནང་ལ་གོ་ཡག་ཡོད་པ་དེ་རྒྱལ་བ་རིན་པོ་ཆེས་བཀའ་བཀའ་དྲིན་འབའ་ཞིག་ཡིད་དུས། དྲིན་ལེན་ལོག་འཇལ་དང། ཆང་ལེན་ཆོ་འཇལ་མ་གནང་ན་མཛེས། གོས་ས་མཆོག་ནས་ཇོ་ནང་པ་མཐུན་རྐྱེན་དང་སྤྱན་གསལ་གནང་བ་དེ་ ཇོ་ནང་པའི་མཐུན་མོང་མ་ཡིན་པའི་དུས་འཁོར་སྦྱོར་དྲུག་སོགས་བསྟན་གོང་འཕེལ་ཆེད་དུ་ཡིན་པ་ལས། སྤྱི་མཐུན་མང་རུ་གཏང་ཡག་་དང་ བོད་པ་ནང་ཕན་ཚུལ་རྙོག་་དྲ་བཟོ་ཆེད་མིན། ། གལ་ཏེ་མུ་མཐུན་རྙོག་བཟོས་ཚེ་ཁྱོད་རྒྱབ་་ལྗོངས་དང། ཀུན་སློང་སོགས་བརྟགས་པ་བྱེད་རྒྱུ་དང་། ཆུ་ཕར་ཐོན་ཟམ་པ་མ་བརྗེད་པ་བྱེད་གལ་ཆེ།
སྤྱིར་བཏང་མང་གཙོའི་སྒྲིག་འཛུགས་ནང་མང་ཚོགས་ཀྱིས་ངོ་རྒོལ་བྱས་ཀྱང་ཧ་ལས་རྒྱུ་གང་ཡང་མེད།
འོན་ཀྱང་ད་རེས་ཇོ་ནང་བ་ཚོས་བྱེད་སྟངས་དེ་ཅུང་མ་ལེགས་པ་ཞིག་འདུག གྲོས་ཚོགས་ཀྱི་འཐུས་མི་ལ་ལག་པ་འཆང་བ་དང་། ཕེབས་ལམ་བཀག་པ་དེ་ཚོ་ཡག་པོ་མ་རེད། དེ་དག་ལ་བརྟེན་ནས་གྲོས་ཚོགས་ཀྱི་ཞུགས་མོལ་ཚོགས་འདུའི་སྟེང་སྤྱི་འཐུས་མང་པོ་ལ་བློ་ཕམ་བྱུང་འདུག་གསུངས་པ་དེ་དངོས་ཡོད་རེད། གྲོས་ཚོགས་ནས་རྒྱབ་སྐྱོར་དགོས་ན་ཆེས་མཐོང་ལྡན་པ་དང་། ཡ་རབས་བཟང་སྤྱོད་དང་མ་འགལ་བ་ཞིག་ངེས་པར་དུ་དགོས་པ་རེད། ལར་ནས་གུས་པའི་བསམ་པར་ཇོ་ནང་ཆོས་རྒྱུད་ཀྱིས་ཐོབ་བརྩོད་སྟངས་དེ་ཧ་ཅང་གི་རན་པོ་ཞིག་མཐོང་མ་བྱུང་། འདི་ནང་ཁུལ་གྱི་ཆོལ་ཁ་དང་ཆོས་ལུགས་པར་གྱི་འགལ་ཟླར་འགྱུར་ཉན་ཧ་ཅང་ཆེན་པོ་ཆགས་འདུག དེ་ལྟར་གྱུར་ན་ལ་ཕར་རྒྱབ་ཀྱི་དགྲ་བོ་རྒྱ་དམར་པ་དགོས་པ་དེ་ཆགས་པ་རེད། དེས་ཇོ་ནང་ཆོས་རྒྱུད་ཀྱི་འགོ་ཁྲིད་མཁན་རྣམ་པས་དགོངས་པ་རྒྱ་ཆེན་པོ་བཞེས་དགོས་པ་འདུག་སྙམ།