ལྷ་སྡེ་གནམ་ལོ་ཡག
སྨྱུག་ཐོགས་པས་དགའ་ལྡན་བླ་སྤྱི་དགའ་བཞིན་སྤྲོ་བཞིན་སྤེལ་བའི་ཕྱི་ལོ ༢༠༡༦ལོའི་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་འགོག་གི་གསལ་བསྒྲགས་ཀློག་སྐབས། གསལ་བསྒྲགས་ནང་ཀླུ་མཁར་བྱམས་ལགས་སྲིད་སྐྱོང་འོས་མི་ཡིན་པ་བརྗོད་ཐུབ་མེད་པ་ནི་གནང་སྟངས་དམངས་གཙོར་འགལ་བཞིན་པ་ཤེས་ཡོད་པའི་རྟགས་མཚན་ཡིན་པའི་ཁར། འགོག་དོན་ཡང་ཆོས་དད་དང་ཡ་རབས་བཟང་སྤྱོད་ཟེར་བ་ཙམ་ལས་ཁུངས་ལུང་གང་ཡང་བཀོད་མི་འདུག
དེ་མཚུངས་སུ་ངོ་དེབ་འཕྲིན་ལམ་བརྒྱུད་ནས་གནས་ཚུལ་གཞན་ཞིག་འབྱོར་བ་ནི་སེ་ར་བླ་སྤྱི་ནས་ཀྱང་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ཀྱི་གཏམ་བཤད་བཀག་སོང་ཟེར། ཞིབ་ཕྲའི་གསལ་བསྒྲགས་ད་དུང་མ་མཐོང་ནའང་།དགའ་ལྡན་བླ་སྤྱིའི་གནང་སྟངས་ལས་ཧེ་བག་ཆེར་ཡོད་མི་སྲིད་པར་འདོད།
མ་གཞི་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཀྱི་ཆོས་པ་རྣམ་དག་ཚོས་སེམས་ཅན་ཐམས་ཅད་ལ་མ་ཡི་འདུ་ཤེས་བཟུང་ཡོད་མོད། དགའ་ལྡན་དང་སེ་ར་བླ་སྤྱི་གཉིས་ནས་ཨ་ཚོགས་ཀླུ་མཁར་བྱམས་མ་གྱུར་སེམས་ཅན་ལས་བསྒྲལ་བཞིན་པ་ལྟ་བུའི་མཐོང་སྣང་ཞིག་བསྐྲུན་བཞིན་པས། འདི་ནི་བོད་རྒྱ་དབྱིན་གསུམ་བརྒྱུད་ལམ་གྱི་དོ་སྣང་ཡོང་ས་གསར་བ་ཞིག་ཆགས་ཡོད།
དེ་ལས་ལྡོག་ནས། བདེན་རྒྱབ་ཚོགས་ཆུང་གིས་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་ལས་ཤོག་སྟེང་དཀྱེལ་ཡངས་ཀྱི་ལན་ཐུང་ཞིག་ཕུལ་འདུག་པ་ནི་ལྷ་རམས་པའི་དཔུང་སྡེ་ཞིག་གི་གནང་སྟངས་དང་ཆ་འདྲ་བས། གཤམ་གྱི་དོན་ཚན་ཁག་ལ་བསྐྱར་དུ་གླེང་སློང་ཞིག་བྱེད་དགོས་པར་སྣང་།
གཅིག ཆོས་ལུགས་ཀྱི་ཆ་ནས་སྲིད་དོན་ལ་ལྟ་བ།
ཕ་ཆོས་གཡུང་དྲུང་བོན་ཡིན་ནའང་འདྲ། བུ་ཆོས་བོད་བརྒྱུད་སངས་རྒྱས་ཆོས་ལུགས་ཡིན་ནའང་ཆོག སྲིད་ཀྱི་སྒང་ཤུགས་རྐྱེན་རིམ་པས་ཐེབས་མྱོང་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་ཡར་སྔོན། བཙན་པོ་རེ་ལ་སྐུ་གཤེན་རེ་ཡོད་ཅིང་། སྐུ་གཤེན་རེ་ཡིས་མ་འོངས་ལུང་བསྟན་དང་བཙན་པོའི་རུ་དཔུང་ལ་སྐྱབས་འཇུག་ཆོ་ག་སྒྲུབ་ཀྱིན་པས། སྐབས་ལ་ལར་བཙན་པོ་དང་སྐུ་གཤེན་བར་དུའང་དགོངས་ཚུལ་མི་མཐུན་པ་བྱུང་ཡོད་པར་མ་ཟད། སྐུ་གཤེན་ལ་དབང་ཆ་ཤོར་དོགས་ཀྱང་བྱུང་ཡོད་མོད། རྩ་བའི་ཆ་ནས་ཆོས་སྲིད་བར་གཅིག་ཕན་གཅིག་གྲོགས་སུ་འགྱུར་ཐུབ་ཡོད།
སངས་རྒྱས་ཆོས་ལུགས་ལ་མཚོན་ན། ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཕྱག་བསྟར་གྱིས་ཕྱི་ལོ ༢༠༡༡ལོ་བར་དུ་རྒྱལ་བོའི་གོ་ས་ཆོས་པས་བཟུང་བ་དང་། དེང་གི་བར་སྔར་གྱི་སྐུ་གཤེན་གྱི་གོ་ས་ཆོས་དགེ་དང་ཆོས་སྐྱོང་ལ་གཏད་ཡོད།ཡིན་ནའང་། གཞུང་ལུགས་ཀྱི་ཆ་ནས་སྟོན་པ་ཤཀྱཱ་ཐུབ་པ་མཆོག་གིས༼དགེ་སློང་དག་གམ་མཁས་རྣམས་ ཀྱིས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ལེགས་པར་བརྟག་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན༽ཞེས་རྒྱས་བཅད་ཡོད་པས། སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་ཞིག་ཡིན་ན་ལམ་ཁ་འདི་ལས་འདའ་ཐབས་མེད་ལ། འདོད་མིན་ལས་ལྡོག་ནས་ངེས་པར་དུ༼བསྲེག་བཅད་བརྡར་གསུམ༽ཉམས་ལེན་གནང་དགོས་ཀྱི་ ཡོད་པ་མ་གཏོགས་གླེགས་བམ་ནང་སྦས་ནས་འཇོག་པའི་དུས་རབས་ཡོལ་ཟིན།
དེང་གི་ཆར་བོད་ལ་སྟོན་པ་གསར་བ་ཞིག་བྱུང་ནས་བན་བོན་གང་ལའང་མ་འདྲ་བའི་ཆོས་ ལུགས་ཀྱི་ལྟ་གྲུབ་ཅིག་བསྐྲུན་ནས་ནུབ་ཕྱོགས་ཀྱི་དཀོན་ཅོག་ནང་བཞིན་དོགས་སློང་ བྱེད་མི་ཆོག་པ་ཅིག་བཟོ་བའི་དབང་དུ་བཏང་ནའང་། དེ་ནི་བསམ་ཚུལ་ཉི་ཚེ་བའམ་འཕྲལ་སེལ་ལ་དམིགས་པའི་བྱེད་སྟངས་ཤིག་ལས་ཕུགས་རྒྱང་རིང་བོའི་དོན་ཆེན་ཞིག་མིན། དེ་བས། དགའ་ལྡན་བླ་སྤྱིས་དགའ་སྤྲོ་དང་བཅས་སྤེལ་བའི་གསལ་བསྒྲགས་ནང་གསལ་བའི་ཆོས་དད་ ཟེར་བ་དེ་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་མེད་གསལ་ཁ་ཆགས་མེད་པའི་ཁར། བརྡ་འཕྲིན་དུས་རབས་ནང་དུ་བྱས་པ་མཐའ་དག་ཕྱི་གསལ་ནང་གསལ་ཡིན་པས། བོད་བརྒྱུད་སངས་རྒྱས་ཆོས་ལུགས་འཛམ་གླིང་སྟེང་དར་སྤེལ་ལ་གེགས་སུ་མི་འགྱུར་བའི་ངེས་པ་མེད་ལ། སེ་ར་དང་དགའ་ལྡན་བླ་སྤྱིར་ནམ་རྒྱུན་འབྲེལ་ལམ་ཟབ་པའི་དམངས་གཙོའི་ཡུལ་ལུང་གི་སྦྱིན་བདག་ཆེན་མོ་དག་ལའང་བློ་ཕམ་མི་བྱུང་བའི་ངེས་པ་དེ་ལས་ཀྱང་མེད།
གཉིས། སྲིད་དོན་གྱི་ཆ་ནས་ཆོས་ལུགས་ལ་ལྟ་བ།
བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་འདིའི་དབྱེ་མཚམས་གསལ་ཤོས་དེ་བོད་རྒྱལ་ཁབ་རྒྱ་དམར་འོག་ཏུ་ཤོར་བ་དང་། བོད་ཀྱི་དགོན་སྡེ་ཆེ་མ་ཆུང་གསུམ་ལ་གཏོར་སྐྱོན་ཐེབས་པ་དང་། སྒོས་སུ་རི་བོ་དགེ་ལུགས་པའི་གདན་ས་ཆེན་པོ་དགའ་ལྡན་རྨེག་མེད་དུ་བཏང་བའི་ལོ་སྟེ། ཕྱི་ལོ༡༩༥༩ལོ་རེད།
ལོ་འདིའི་ཡར་སྔོན༼བསྲེག་བཅད་བརྡར་གསུམ༽གླེགས་བམ་ནང་སྦས་པའམ་ལྷག་རྗེས། ཆོས་པ་རེ་འགས་མི་ལས་དགུ་ལས་བྱས་པའི་དུས་རིམ་ཞིག་ཏུ་འཁེལ་ཡོད། དཔེར་ན། བཅོས་བསྒྱུར་བ་ཆེན་པོ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་གི་སྤྱན་བྲུས་པ་ནི་རྒྱལ་ཚབ་ར་སྒྲེང་གིས་སྲིད་སྐྱོང་བའི་དུས་སུ་འཁེལ་བས།འདུལ་བའི་གཞུང་གིས་བླ་མ་སྲིད་དོན་པ་ཚོ་གཅུན་ཐུབ་ཀྱི་མེད་པ་མཚོན་ཡོད། དེ་བས། སྐབས་དེར་དོགས་སློང་ངམ། སྐྱོན་བརྗོད་རིགས་ཡོང་ཆོག་གི་མེད་པ་ནི་དམངས་གཙོ་མ་ཡིན་པའི་ལམ་སྲོལ་རྙིང་བ་ཡིན་པས་ཀྱང་རེད།
ཕྱི་ལོ ༡༩༦༠ལོ་ནས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་སྤྱི་ཚོགས་ནང་དམངས་གཙོ་གསོལ་རས་བསྩལ་བ་རེད་ལ། དེང་གི་བར་ལོ་ངོ ༥༥འདས་ཟིན་པར་མ་ཟད། ཆབ་སྲིད་ཀྱི་སྐུ་དབང་མང་ཚོགས་ཀྱིས་འདེམས་པའི་བཀའ་ཁྲིའམ། སྲིད་སྐྱོང་ལ་ཕུལ་ནས་ལོ་ལྔ་བཞི་ལྷག་འགྲོ་ཟིན་པ་ལྟར་རེད།
རྒྱལ་བ་རིན་པོ་ཆེ་ནས་ཆབ་སྲིད་སྐུ་དབང་མ་ཕུལ་བའི་ཡར་སྔོན་དུ༼བཙན་བྱོལ་བོད་ མིའི་བཅའ་ཁྲིམས༽ནང་དུ་གྲོས་ཚོགས་རྩ་འབོར་གྱི་སུམ་ཆ་གཉིས་ནས་དགག་བྱ་ཡོད་ན། རྒྱལ་བ་རིན་པོ་ཆེ་ཡི་ཆབ་སྲིད་གོ་གནས་ལེན་ཆོག་པ་བཀོད་ཡོད།
དེས་ག་རེ་སྟོན་གྱི་ཡོད་དམ་ཞེ་ན། རྒྱལ་བ་རིན་པོ་ཆེ་མཆོག་གི་སྲིད་དོན་གནང་ཕྱོགས་ཐད་སྐྱོན་བརྗོད་བྱེད་ཆོག་པར་ མ་ཟད། ཐ་ན་སྲིད་དོན་གོ་གནས་ཀྱང་ཕབ་ཆོག་པ་གསལ་ཡོད་པས།ཨ་ཚོགས་ཀླུ་མཁར་བྱམས་ལགས་ཀྱིས་ཤུགས་ལྡན་གནད་དོན་ཐད་དོགས་སློང་དང་ཐག་གཅོད་ཡོང་སྟངས་ལ་དགོངས་ཚུལ་བཏོན་ པ་ནི་མཚན་སྨོད་མ་ཡིན་པར་ཐུགས་ཕན་གསོ་སྲིད་པའི་རྒྱུ་རུ་གྲུབ་ཡོད། ཡང་ཅིག་བཤད་ན། རྒྱལ་བ་རིན་པོ་ཆེ་ནས་སྲིད་འགན་རྩིས་སྤྲོད་ཐུབ་ས་ཞིག་ནས་གཞུང་སྲིད་བར་གནས་དགག་བྱ་ཡོད་མི་སྲིད་པས། སྐབས་འཚོལ་རིང་ལུགས་པ་ཚོས་དད་པ་ལོག་སྤྱོད་གཏོང་བཞིན་པའང་གསལ་བོ་ཆགས་ཡོད།
དེ་བས། དགའ་ལྡན་དང་སེ་ར་བླ་སྤྱིའི་གནང་སྟངས་འདི་བཙན་བྱོལ་དམངས་གཙོའི་དར་འཕེལ་གྱི་གེགས་སུ་གྱུར་ཡོད་པར་མ་ཟད། རྒྱ་དམར་གཞུང་གིས་ནམ་རྒྱུན་བཤད་ཀྱིན་པའི༼ཞིང་བྲན་ལམ་ལུགས་ལ་རོ་ལངས་རྒྱག་འདོད་འདུག༽ཅེས་པའི་སྒྲུབ་བྱེད་ཚད་ལྡན་ཞིག་ཏུ་གྱུར་ཡོད། ད་དུང་བཙན་བྱོལ་སྤྱི་ཚོགས་གཏོར་བྱེད་ཀྱི་དུག་མཚོན་ལྟ་བུར་འགྱུར་ཉེན་ཆེ་བ་ནི་བོད་ཞེན་ཤིན་ཏུ་ཟབ་པའི་སྐྱ་སེར་ཤེས་ལྡན་པའི་དཔུང་ཚོགས་ཀྱི་ལྡོག་ཕྱོགས་སུ་འགྲེངས་ཡོད་པས་ཡིན།
གསུམ། བཙན་བྱོལ་གནང་རྐྱེན་བརྗེད་པ་ནི་ནག་ཉེས་ཡིན།
དགའ་ལྡན་དང་སེར་ར་རྒྱ་གར་ནང་ག་རེ་བྱས་ནས་ཡོང་བ་རེད་དམ།དགའ་བཞིན་སྤྲོ་བཞིན་ཡོང་བ་མ་རེད་ལ། བཙན་བྱོལ་སྤྱི་ཚོགས་གཏོར་དུ་ཡོང་བའང་ག་ལ་ཡིན། རྒྱ་དམར་བཙན་འཛུལ་བས་བོད་གངས་ཅན་བཙན་བཟུང་བྱས་པའི་གོ་རིམ་ཁྲོད་དུ་དྲག་གནོན་རབ་དང་རིམ་པར་བྱས་ཡོད་པས། དགའ་ལྡན་དང་སེ་རའི་ནང་དུའང་སྔར་དེང་གི་ཨ་ཚོགས་ཀླུ་མཁར་བྱམས་ནང་བཞིན་གྱི་བཙན་རྒོལ་རྒྱལ་སྐྱོབ་པའི་དཔུང་སྡེ་ཞིག་གྲུབ་མྱོང་བས་རེད་ལ། བཙན་འཛུལ་བར་མགོ་འདོགས་མི་བྱེད་པའི་ཆོད་སེམས་ཡོད་པས་རེད།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་ཀུན་གཟིགས་པན་ཆེན་སྐུ་ཕྲེང་བཅུ་བ་ མཆོག་གིས་སྐུ་ལས་ཚད་མེད་བསྐྱོན་ནས༼བོད་ནང་ཤེས་རིག་བསྐྱར་དར་དང་ཆོས་ལུགས་ཡང་དར༽གྱི་དབུ་ཚུགས་སྐབས།འབྲས་སྤུངས་དང་སེ་ར་ལས་ཀྱང་དགའ་ལྡན་དགོན་པ་བསྐྱར་གསོ་ དང་ཆོས་སྒོ་འབྱེད་རྒྱུར་དཀའ་ངལ་ལྷག་མ་འཕྲད་ཡོད། ལོ་རྒྱུས་ནི་དེ་རིང་གི་རྒྱུན་མ་དེ་ཡིན་པས།བཙན་འཛུལ་བས་ཆོས་བསྣུབས་ནས་ཆོས་སྡེ་རྨེག་མེད་བཏང་བའི་བྱ་སྤྱོད་དེ་བརྗེད་ངེས་བསྐུར་ཚེ་ནག་ཉེས་ཆགས་ཡོད་པར་མ་ཟད། བཙན་བྱོལ་གནང་རྐྱེན་བརྗེད་པ་ནི་ཉེན་ཁ་ཚབས་ཆེན་དུ་གྱུར་ཡོད། རྒྱ་དམར་གཞུང་གིས་བོད་ནང་ཆོས་བསྣུབས་པ་ནི་བན་བོན་དབྱེར་མེད། ཁ་ཆེ་དང་ཡི་ཤུ་དབྱེར་མེད་ཀྱིས་རྨེག་མེད་དུ་བཏང་ཡོད། བདུད་ཟེར་མཁན་ཞིག་བཙལ་དགོས་ན་དེ་ལས་གཞན་འཚོལ་དུ་མེད།
དོན་དག་འདིའི་ཆ་ནས་བཤད་ན། ཨ་ཚོགས་ཀླུ་མཁར་བྱམས་ནི་བོད་ཀྱི་དེང་རབས་ལོ་རྒྱུས་སྟེང་ཤར་ཕྱོགས་ཨ་མདོ་ནས་ བཙན་རྒོལ་ལས་འགུལ་གྱི་མེ་རོ་གསོ་མཁན་ཞིག་ཆགས་ཡོད་པས།དགའ་ལྡན་དང་སེ་ར་བླ་སྤྱིས་གཞོགས་འདེགས་མི་ཐུབ་ཀྱང་ཁ་མིག་ཡར་ལྟ་བྱེད་ས་ཞིག་ཏན་ཏན་ཆགས་ཡོད། རྒྱུ་མཚན་ནི༼བསྟན་པ་ལ་གནོད་པ་སྐྱེལ་མཁན་བྱུང་ན་ཕ་དང་མའང་བསད་བྱ་ཡིན༽ཟེར་བ་ ལྟར། ཨ་ཚོགས་ཀླུ་མཁར་བྱམས་ལགས་རང་ཉིད་བཙོན་ཁང་ནང་ལྷུང་མིན་ལ་མ་ལྟོས་པར་བོད་གངས་ཅན་བཙན་བཟུང་དང་བསྟན་པ་བསྣུབས་མཁན་རྒྱ་དམར་གཞུང་ལ་ངོ་རྒོལ་བྱས་ཡོད་པས། ད་རེས་དགའ་ལྡན་དང་སེ་ར་བླ་སྤྱིས་སྲིད་སྐྱོང་འོས་མི་ཨ་ཚོགས་ཀླུ་མཁར་བྱམས་ ཀྱི་གཏམ་བཤད་བཀག་པ་ནི་བོད་ཕྱི་ནང་གཉིས་ཀ་ཧང་སངས་དགོས་པའི་ལོ་རྒྱུས་ཀྱི་དོན་རྐྱེན་ཞིག་ཆགས་ཡོད།
མཐའ་བསྡོམས།
དམངས་གཙོར་གོམས་འདྲིས་ཡོད་མཁན་ཞིག་ཡིན་ན། དབུ་མའི་ལམ་ལ་སྐྱོན་བརྗོད་དང་ཤུགས་ལྡན་གནད་དོན་སེལ་ཐབས་བཙལ་བཞིན་པ་ནི་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་མེད་པས། སྒྲོ་འདོགས་དང་བསྐུར་འདེབས་ལས་བསྐྱེད་པའི་མཚན་སྨོད་ཆགས་མེད།
མ་གཞི་རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་པ་ཡིག་ཐོག་ནས་བསྒྲགས་ཟིན་པས། བོད་མི་ཚོའི་རེ་བ་ལྟར་ཡོང་རྒྱུ་ཡོད་པ་ཞིག་ཆགས་མེད། དེ་ལས་ལྡོག་ནས་རང་བཙན་བསྐྱར་གསོའི་ལས་འགུལ་ནི་རྒྱ་ནག་གཞུང་ལ་སྒོ་ཚུར་བརྡུང་དུ་འཇུག་པའི་ཐབས་ལམ་ཡག་ཤོས་དེ་ཆགས་ཡོད།
ཡང་ཅིག་བཤད་ན། རང་བཙན་བསྐྱར་གསོ་ནི་བོད་ནང་གི་རེ་བསྐུལ་ཡིན་པ་དང་། བཙན་བྱོལ་བའི་ངོས་ནས་ལོ་རྒྱུས་ཀྱི་རྒྱུན་དང་འཐུས་ཚབ་ཀྱི་རྒྱུན། འཐབ་རྩོད་ཀྱི་རྒྱུན་བཅས་འཛིན་དགོས་ཀྱི་ཡོད་པ་གལ་ཆེན་ཆགས་ཡོད། ཡིན་ནའང་། རང་བཙན་བསྐྱར་གསོས་སྣེ་ཁྲིད་རྗེས། དབུ་མའི་ལམ་གླེང་མ་ཆོག་པའམ། སྤེལ་མ་ཆོག་པ་དེ་འདྲ་རྩ་བ་ནས་མ་རེད། བོད་ལ་གཏམ་དཔེ་ཞིག་ཡོད་དེ། ཕོ་རབ་བར་གྱི་བརྒལ་བརྟག་ནི་གཅིག་ཕན་གཅིག་གྲོགས།ཕོ་འབྲིང་བར་གྱི་བརྒལ་བརྟག་ནི་ལེགས་ཆ་ལེན་རེས། ཕོ་ངན་བར་གྱི་བརྒལ་བརྟག་ནི་ཁྱོད་ཤི་ང་གསོན་ཡིན། དེ་བས། དབུ་མའི་ལམ་འབྱུང་ཁུངས་ནི་ཕོ་རབ་ཅིག་ཡིན་པའི་ཆ་ནས་བརྒྱུད་འཛིན་པ་ཡིན་ཟེར་མཁན་ཚོས་ཕོ་ངན་གྱི་བྱེད་སྟངས་འོག་དྲུད་མི་ཡོང་བ་གནང་རྒྱུ་ནི་ཧ་ཅང་གི་གལ་ཆེན་ཆགས་ཡོད།
གང་ལྟར་དགའ་ལྡན་དང་སེ་རར་བསླབ་པ་སློབ་གཉེར་གནང་བཞིན་པའི་དགེ་འདུན་པ་ལྷན་ རྒྱས་ནི་བོད་གངས་ཅན་གྱི་དམངས་གཙོའི་དུས་རབས་ཀྱི་ཆོས་རིག་དར་སྤེལ་གཏོང་བའི་ སྟོབས་ཤུགས་དང་། རྒྱུ་འབྲས་མིག་བཞིན་སྲུང་བ་དང་ཆུ་སྣ་གར་ཁྲིད་ཀྱི་སྒོ་མོ་གཏན་ཟིན་པའི་དཔུང་སྡེ་ཞིག་ཡིན་པར་ཡིད་ཆེས་ཡོད།
ཐེངས་འདིར་དགེ་འདུན་པ་ཚོས་རང་ཉིད་ལ་གཏོགས་པའི་འོས་ཤོག་བཀོལ་ནས་འདས་པའི་དུས་ ཡུན་ནང་སྐུ་སྒེར་ཡིག་ཚང་ནས་མཁན་པོ་ལྷན་རྒྱས་ཞལ་པར་ཕུལ་ནས་འོས་ཤོག་གི་གྲངས་འབོར་གསུངས་རྗེས། མཁན་པོ་ལྷན་རྒྱས་ནས་ཁང་ཚན་ཁག་གི་བླ་མའམ་དགེ་བཤེས་རིམ་པ་བསྐོང་འགུགས་ཀྱིས་ཁང་ཚན་རེ་ནས་འོས་ཤོག་འདི་འདྲ་ཞིག་ལོང་དགོས་ཟེར་བའི་ཆོས་འཇིག་རྟེན་གཉིས་ཀར་འགལ་བའི་འགྲོ་སྟངས་དེ་མེད་པར་དུ་གཏོང་བར་བོད་ཕྱི་ནང་གི་ཤི་གསོན་གཉིས་ཀས་རེ་བ་བརྒྱབ་ཡོད་པར་མ་ཟད། རྒྱ་དམར་གཞུང་ལ་སྒོ་ཚུར་བརྡུང་དུ་འཇུག་པའི་གཞོགས་འདེགས་སུའང་གྱུར་ཡོད་སྟབས། རང་གཞན་གཉིས་ཕན་གྱི་གདམ་ག་འདི་ནི་དམངས་གཙོའི་གོ་རྟོགས་སད་ཅིང་རྒྱུ་འབྲས་བློ་མིག་མངའ་བའི་མཚོན་རྟགས་སུ་གྱུར་ཡོད་པའང་བཤད་མ་དགོས་པར་སྙམ།
ཕྱི་ལོ ༢༠༡༥ལོའི་ཟླ ༩ཚེས ༢༤ཉིན་ཤར་མར་བྲིས་པ་དགེའོ།
ད་ཡར་བཤད་མར་བཤད་གང་གིས་ཀྱང་ཕན་གྱི་མ་རེད། ཀླུ་མཁར་བྱམས་ལས་འཇོན་མཁན་ཡོད་སྲིད་མོད། རང་བཙན་ལག་ལེན་ནང་བསྟར་མཁན་དེང་གི་ཆར་བྱུང་མྱོང་མེད་པ་ནི་བཤད་མ་དགོས་པ་ཞིག་རེད། བཙན་བྱོལ་ནང་དམངས་གཙོ་བྱུང་ནས་དུས་རབས་ཕྱེད་ཀ་ལྷག་འགོར་ཡང་དེང་གི་བར་ཤོག་ཁག་འགྲན་རྩོད་ནང་སླེབས་མེད་པའང་གསལ་བོ་རེད། ཉུང་མཐར་ཀླུ་མཁར་བྱམས་ཀྱིས་དོན་དག་འདི་གཉིས་མངོན་འགྱུར་བྱེད་དུ་བཅུག་ཡོད་པས། བོད་ཀྱི་དམངས་གཙོའི་དར་སྤེལ་ཁྲོད་ཡབ་སྲས་ཤིག་ཕྱེ་དགོས་བྱུང་ན་རྒྱལ་བ་རིན་པོ་ཆེ་དང་ཀླུ་མཁར་བྱམས་ལས་མཛུབ་མོ་འཛུགས་ས་མེད་ཅེས་བཤད་ཆོག དེ་མིན་བོད་དོན་རྒྱུན་བསྲིངས་དང་དབུ་མའི་ལམ་ལ་རྒྱ་དམར་གཞུང་གིས་དོ་སྣང་ཡོང་དགོས་ནའང་། ཀླུ་མཁར་བྱམས་ཀྱི་སྲིད་གཞུང་གསར་བའི་སྲིད་ཇུས་འདི་ལས་གཞན་ཡོད་པ་མ་རེད། འོན་ཀྱང་། ངས་ཀླུ་མཁར་བྱམས་ལ་མི་འདང་ས་མི་འདུག་ཅེས་བཤད་ཀྱི་མེད། དམངས་གཙོའི་སྲིད་གཞུང་ནི་ཐུན་མོང་གི་འགོ་ཁྲིད་འོག་འགྲོ་གི་ཡོད་པ་དང་། བཀའ་ཤག་ལྷན་རྒྱས་ནས་མི་འདང་ས་ཁ་སྐོང་བྱེད་ཐུབ་པས། སེམས་ཁྲལ་མི་འདུག་ཅེས་བཤད་ཆོག
ཁྱེད་རྣམས་ཀྱི་བོད་མི་རིགས་ལ་ལྷག་བསམ་དང་ཤ་ཞེན་ཡོད་པ་ངས་ཡིད་ཆེས་ཡོད། །ཡིན་ན་ཡང་ང་ཚོས་བཟབ་ནན་དང་འགན་ཁུར་མ་བྱས་ན་ང་ཚོའི་བོད་སྒྲིགས་འཛུག་འདི་ཕམ་ཉེས་དང་མཐོར་ཞིག་ཏུ་འགྱུར་སྲིད། །རྒྱ་ནག་སོགས་སྲིད་དབང་རྒེར་འཛིན་པ་རྣམས་དཔལ་འབྱོར་དང་དབང་ཆ་ཚང་མ་སྲིད་གཞུང་ལ་ཡོད་རེད་དེར་ཉན་ཁ་དང་ཉམས་རྒུད་ཚང་མ་མགོ་
ཁྲིད་དང་སྲིད་གཞུང་མི་བཟོས་ཀྱི་ཡོད་རེད། །དམངས་གཙོ་ལམ་ལུགས་འདིས་མི་དམངས་ཀྱི་བསམ་བློ་དང་ཀུན་སྤྱོད་ལ་འགན་མཁུར་མ་བྱས་ན་རྒྱལ་ཁབ་ཉེན་ཁ་དང་ཉམས་རྒུད་གཟོ་རྒྱུ་རེད། །དེར་བརྟན་དམངས་གཙོས་རྒྱལ་ཁབ་རྣམས་ཀྱི་རང་དབང་དང་འགན་མཁུར་ཞེས་རྩ་ཁྲིམས་ནང་བཀོད་ཡོད་པ་ཤེས་གསལ་ལྟར་རེད། །བོད་པ་ཚོར་བསམ་རྒྱལ་ཁབ་མེད་པའི་དམངས་གཙོ་དང་གཞན་བརྟན་གྱི་དམངས་གཙོ་རེད། །དེ་ཕྱིར་འགན་ཁུར་བྱེད་དགོས་པ་སྨོས་ཀྱི་དགོས། རང་བཙན་ཚོགས་པས་རང་བཙན་ཅེས་བཤད་པ་དེ་དགོས་ངེས་ལ་ངོས་འཛིན་གྱི་ཡོད། །རང་བཙན་བཤད་པས་དབུ་མའི་གྱི་ཐོག་ནས་བོད་རང་ཐོབ་པ་ལ་ཕན་ཐོག་ལས་གནོད་པ་ཡོད་མ་རེད། །ཡིན་ན་ཡང་ཀླུ་བྱམས་འདི་རང་བཙན་ཁ་ལ་གཡར་ནས་བོད་པ་རྣམས་བཀྲུག་གི་འདུག། ། ཀླུ་མཁར་བྱམས་པ་འདིས་གཏམ་བཤད་ངས་དྲ་ནང་ནས་མཐོང་བྱུང་ལ། །མི་ཁ་ཤས་ཀྱི་མི་ཤེས་ཡོན་ཅན་དང་འཇོན་ཐང་ཅན་ཡིན་པའི་ཚུལ་སྟོན་གྱི་གདུག། །དེ་ཚོ་མཐོང་དུས་རང་ཉིད་ཤེས་ཡོན་དང་མཐོང་རྒྱ་ཉམས་མྱོང་སོགས་མེད་པའི་ནང་ཉམས་ཕྱི་ལ་སྟོན་པ་ལས་མི་སྣང་། །ཁོ་རང་ནི་ལོ་རྒྱུས་དང་ཁྱབ་སྲིད་སོགས་ལ་མཐོང་ཐོས་ཅུང་ཟད་ཡོད་ལ་གང་ཡང་མཐར་མ་ཕྱིན་པའི་མི་ཞིག་རེད་ལ་རྒྱ་སྐད་ཡང་ཡག་པོ་རྒྱག་གི་མི་འདུག་ཁོ་རང་རྒྱ་སྐད་བཤད་པ་ཡང་ངས་མཐོང་བྱུང་དབྱིན་སྐད་ཡང་རྒྱག་ཤེས་ཀྱི་མི་འདུག། །ཁོ་རང་བཙན་ཁ་ལ་ཁྱེར་ནས་ཕྱོགས་མཐེན་དང་ཧམ་པ་གཏམ་བཤད་ཀྱི་འདུག། །ཁོ་རང་འཇོན་མདོག་ཤེས་མདོག་བཟོས་ནས་མི་དམངས་མགོ་བསྐོར་ན་ཕན་ཐོག་ག་རེ་ཡོད་རེད། །རྒྱ་ནག་ནི་དཔལ་འབྱོར་ཐོག་ནས་འཛམ་གླིང་ནང་ཨང་གཉིས་པ་རེད་དམག་གི་ཐོག་ནས་དམག་མང་ཤོས་དང་མཚོན་ཆ་འཛམ་གླིང་ནང་ཨང་གཉིས་པ་གསུམ་པ་ལ་སླེབས་ཡོད་རེད། །མི་དམངས་མང་ཤོས་ཀྱི་རྒྱལ་ཁབ་ཞིག་ལ་འབྲོག་པའི་གྱོད་རྒན་བཤད་བཤད་བྱས་ན་གནོད་པ་ལས་གང་ཡང་ཕན་ཐོག་ཡོད་མ་རེད། །དེ་ལས་དཔལ་འབྱོར་དང་རིག་གནས་མཐུན་སྒྲིལ་གོང་འཕེལ་སོགས་མ་འདང་ས་མང་པོ་ཡོད་པ་རང་གིས་ཀྱང་བསྒྲུབ་ཐུབ་པ་རྣམས་ལ་འབད་བརྩོན་བྱས་ན་བཟང་བར་སྣང་།། སྤྱིར་ན་བོད་པ་ཚོར་རང་གི་བསྒྲུབ་ཐུབ་པ་རྣམས་མི་བསྒྲུབ་པར་མི་འགྲུབ་པ་རྣམས་བཤད་རྒྱུ་དེ་རང་གཤིས་ཡིན་པར་སྣང་། །དཔེར་ན་ཨ་རི་བོད་སྐད་རླུང་འཕྲིན་ལས་ཁང་ལ་མཚོན་ན་བོད་ཡིག་གསར་འགྱུར་ནང་མ་དག་མང་པོ་ཡོད་པ་དང་བརྗོད་ལུགས་སྟབས་མི་བདེ་བ་མང་པོ་མཐོང་རྒྱུ་འདུག། །ཐ་ན་བོད་ཡིག་འཕྲད་དང་མིང་ཚིགས་གང་ཡང་མ་ཡིན་གསལ་བཟོ་བྱས་ནས་འབྲི་ཀྱི་འདུག། །མ་ཟད་མགྲོན་པོ་འབོད་སྐབསུ་ཡང་བོད་ཀྱི་བླ་མ་ཁ་ཤས་དང་གླུ་བ་ཁ་ཤས་ལས་རྒྱ་རིགས་མཁས་དབང་དང་ཕྱི་རྒྱལ་གྱི་མཁས་སྐུ་མགྲོན་འབོད་ཞིག་མཐོ་མ་བྱུང་། །དེར་རྟེན་བོད་གཞུང་གི་ལས་བྱེད་དང་བོད་མི་རྣམས་ཀྱི་རྒྱ་ནག་གི་གནས་ཚུལ་ཡག་པོ་ཤེས་ཀྱི་མི་འདུག། །ང་རྒྱ་ནག་ཡོད་པའི་སྐབས་སུ་རྒྱ་ནག་གི་གནས་ཚུལ་ཡག་པོ་ཤེས་ཀྱི་མེད། །ཡིན་ན་ཡང་ཕྱི་ཕྱོགས་ཕྱིན་ནས་སྔོན་མི་ཤེས་རྒྱ་ནག་གི་གནས་ཚུལ་མང་པོ་ཤེས་བྱུང་། །རྒྱུ་རྐྱེན་ཨ་རི་རྒྱ་སྐད་རླུང་འཕྲིན་ནས་
ཕྱི་ཕྱོགས་མཁས་པ་མང་པོ་དང་རྒྱ་ནག་ནང་གི་མཁས་པ་མང་པོས་བགྲོ་གླེང་མཐོང་བ་དང་། །མ་ཟད་ཁོ་ཚོས་མོ་ཙེ་ཏུང་གི་སྐབས་ཏིང་ཞོ་ཕན་གྱི་གནས་ཚུལ་དང་འབྲེལ་སོགས་རྒྱལ་ནང་ནས་བཤད་མི་ཆོག་པ་རྣམས་ཀྱི་ལོ་རྒྱུས་ཁུང་ལྡན་མི་སྣ་མང་པོར་དྲི་བ་བྱས་ནས་དེབ་དང་བརྙན་དཔར་མང་པོ་བཟོས་འདུག། །དེ་དག་རྟེན་ནས་རྒྱ་རིགས་མང་པོ་ལ་གོ་རྟོགས་གོང་འཕེལ་གཏོང་ཐུབ་ཀྱི་འདུག། ། ཨ་རི་བོད་སྐད་རླུང་འཕྲིན་གྱི་དེ་ལྟ་བུ་ལས་དཀའ་གང་ཡང་བྱེད་ཀྱི་མི་འདུག། །དེ་དག་གི་ག་རེ་བྱས་ནས་མི་འབྱོན་པ་རེད། དེ་བཞིན་དུ་བོད་ནང་དུ་བོད་པ་དུ་ཁྲིམས་རྩོད་པ་མཐོང་རྒྱུ་མི་འདུག། །ཁྱབ་སྲིད་མ་ཡིན་པའི་གནད་དོན་མང་པོ་ཞིག་ཁྲིམས་ལ་གཏུག་བྱས་ནས་དཀའ་ངལ་སེལ་ཐོབ་རེད། །དེ་དག་གི་ཐོག་ལ་བོད་མི་སྒྲིགས་འཛུག་དང་ཚོགས་པ་ཁག་གི་དོག་སྣང་མེད་བྱེད་ག་རེ་ཡིན་པ་རེད། །ཁྲིམས་རྩོད་པ་མང་པོ་ཡོད་ན་རྒྱ་ཆེས་བོད་མི་དམངས་ཀྱི་ཉིན་རེ་བཞིན་འཕྲད་བཞིན་པའི་དཀའ་ངལ་མང་པོ་ཞིག་སེལ་ཐུབ་པའི་རེ་བ་ཡོད་རེད། །དེ་དག་གི་ཐོག་ནས་བགྲོ་གླེང་བྱས་ཡག་པོ་འདུག། །
ཀླུ་མཁར་བྱམས་དང་མང་གཙོའི་བར་གྱི་རྒྱང་ཚད་ཇི་འདྲ་ཞིག་ཡོད་མེད་ཤེས་མི་འདུག
གང་ཡིན་ཅེ་ན། མང་གཙོའི་རྒྱལ་ཁབ་ནང་དུ་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་སོགས་ཡོད་བཞིན་པ་མི་ཚང་མས་ཤེས་བཞིན་དུ། རང་བཙན་དང་ཀླུ་མཁར་བྱམས་བར་ལ་རྒྱང་ཇི་འདྲ་ཞིག་ཡོད་དམ།
ཀླུ་མཁར་བྱམས་དང་སྲིད་སྐྱོང་བར་ལ་རྒྱང་གང་འདྲ་ཞིག་འདུག
ཀླུ་མཁར་བྱམས་ཀྱི་བྱེད་སྟངས་དང་འཐབ་ཕྱོགས་གཅིག་འགྱུར་ཁང་རྒྱང་གང་འདྲ་འདུག
དེ་ཚོ་དྲི་བ་ཙམ་རེད་ དོ་བདག་ཀླུ་མཁར་བྱམས་ཀྱི་ཤེས་བཞིན་དུ་ཧམ་པ་དང་དཀྲོག་མདའ་རྒྱབ་བཞིན་འདུག
ཚང་མས་དགོངས་པ་ཡག་པོ་བཞེས་ལ་ད་དུང་ནང་འཁུལ་དཀྲུགས་ཤིང་རྒྱབ་མཁན་དངུལ་དངོས་ཀྱི་རྗེས་སུ་འབྲངས་ནས་མི་རིགས་དང་ལ་རྒྱ་དོར་པའི་རོགས་ལ་དོགས་དོགས་ཞེས་འབུལ་སྐུལ་ཡིན
ཀླུ་མཁར་བྱམས་རྗེས་འབྲང་དང་བཅས་པས་མང་གཙོའི་འགྲོ་སྟངས་ཤེས་མི་འདུག
གང་ཡིན་ཅེ་ན། མང་གཙོའི་རྒྱལ་ཁབ་ནང་དུ་ཆོས་ལུགས་གང་དང་གང་ཡིན་ནའང་དེའི་སྟོན་པ་དང་ཆོས་ལ་དམའ་འབེབས་དང་
ཁྱད་གསོད་བྱེད་མི་ཆོག་པ་མ་ཟད།
ཆོས་ལུགས་གང་ཞིག་གི་དགོན་པའི་ནང་དུ་དེ་ཉིད་ཀྱི་སྟོན་པ་ལ་དབའ་འབེབས་བྱས་ན་ནག་ཅན་ཡིན་པས་ཁྲིམས་ལ་སྦྱར་ཆོག
གནམ་ལོ་ཡང་ཤ་ལ་བརྒྱབ་ན་རུས་ན་པའི་དཔེ་ལྟར་དོན་དངོས་མཐོང་མཁན་ཞིག་མ་རེད་སྙམ་པ་བྱུང་། གང་ཞེ་ན། དགོན་པ་ནི་དམིགས་བསལ་ཚོགས་སྡེ་ཞིག་རེད། མ་ཟད་ཚོགས་སྡེ་གང་ཡིན་ཡང་རང་གི་འཁོར་ཡུག་ནང་དུ་ལས་འགུལ་ཅི་ཞིག་སྤེལ་འཇུག་མི་འཇུག་ཁོ་རང་ཚོའི་རང་དབང་རེད་སྙམ། ཀླུ་རང་ཉིད་ཀྱིས་དེང་ཐོག་ནས་འཆར་གཞི་བསྒྲིག་ནས་ཆོག་མཆན་ཞུས་མེད་པ་འདྲ། ཀུ་རེ་ཞིག་ཞུས་ན། སྐབས་རེར་དགོན་པའི་ནང་དུ་གྲྭ་བ་སོ་སོའི་ཨ་མ་ཡང་ཡོང་ཆོག་གི་མེད་དུས་ཡོད་རེད།
ཀློག་མཁན་གང་ལ་དོ་སྣང་བྱུང་འདུག་པས། དགའ་བོ་བྱུང་།
དོལ་རྒྱལ་གནད་དོན་དང་འབྲེལ་བའི་ཐད་ཀློག་མཁན་རེ་འགར་བསམ་ཚུལ་བྱུང་འདུག་པའང་རྒྱུན་ལྡན་གྱི་གནད་དོན་ཞིག་རེད། འོན་ཀྱང་། ཚང་མས་ངེས་པར་དུ་བསམ་བློ་གཏོང་དགོས་པ་ནི་བོད་པ་ནང་ཁུལ་གྱི་རྩོད་རྙོག་ནང་ཁུལ་ནས་ཐག་གཅོད་ཀྱིས་ཕྱི་མིར་ལག་པ་འཆིང་ས་མེད་པ་བཟོས་ན་བཟང་ངམ། ཕྱི་མིས་ཐེ་ཇུས་འོག་མ་བྱས་ཐབས་མེད་དུ་གྱུར་ནས་ཐག་གཅོད་བྱས་ན་བཟང་། དཔེར་ན། རྒྱལ་བ་རིན་པོ་ཆེ་བོད་དམ་རྒྱ་ནག་ནང་ཕེབས་པའི་སྔོན་འགྲོའི་ཆ་རྐྱེན་དུ་དོལ་རྒྱལ་གནད་དོན་ཐག་གཅོད་བྱེད་དགོས་ཞེས་རྒྱ་དམར་གཞུང་ནས་གནོན་ཤུགས་ཡོང་ན་ག་རེ་བྱེད་ཀྱི་ཡིན་ནམ། དེ་ལས་གནོན་ཤུགས་མ་ཡོང་གོང་དུ་རང་བཞིན་གྱིས་ནང་ཁུལ་དུ་ཞི་འཇམ་དུ་བཏང་ན་མི་བཟང་ངམ།
གནམ་ལོ་ཡག་དོན་དག་ཆུང་ཆུང་ཞིག་ཆེ་རུ་མ་གཏོང་རོགས། སོ་སོའི་སྒེར་དོན་ཞིག་འགྲུབ་ཀི་ཡོད་ར་ཐང་། འོན་ཀྱང་སྤྱི་ཚོགས་ནང་ལ་རྡབ་སིག་མ་གཏོང་རོགས།
ཧ་ཅང་ཐལ་བའི་གཏམ། མ་རུ་གྱུར་ན་ངོས་ལེན་དང་སྣེ་ལེན་ཞུ་དགོས་ན་དོལ་རྒྱལ་ཚོགས་པ་ག་འདྲ་གནང་འཆར་ཡོད།
སྲིད་སྐྱོང་འོས་གཞི་ཀླུ་མཁར་སྐྱབས་ལགས་ཀྱིས་སྔོན་དགོངས་གཞི་གསུངས་སྟངས་ལ་གཞིགས་ནས་གྲྭ་ཚང་རེ་ཟུང་ནས་གཏམ་བཤད་གོ་སྐབས་མ་གནང་བ་དེ་སོ་སོའི་དགོངས་ཚུལ་ལ་སོང་འདི་ལ་འགྲེལ་བརྗོད་ལེགས་ཉེས་གནང་སྲིད་པ་ཞིག་རེད། དེ་མིན་གྲྭ་ཚང་རྣམས་ནས་གོ་སྐབས་གནང་བ་དེ་ཡང་ཁོང་གི་དགོངས་གཞི་དང་གཏམ་བཤད་ཇི་ལྟར་གནང་རུང་། རིང་ནས་གསོལ་བརྩལ་གནང་བའི་མང་གཙོའི་ལམ་བཟང་ལ་གུས་བརྩི་་དང་རྒྱལ་སྤྱིའི་ནང་ཆེ་མཐོང་གནས་ཆེད་དུ་གང་ལེགས་སུ་མཐོང་།།།
ལྷ་སྡེ་གནམ་ལོ་ཡག་གི་རྩོམ་ཡིག་འདི་འདྲ་ཞིག་བྲིས་པར་དགའ་ཡོད། དགའ་སྤྱི་བྱེད་སྟངས་དེ་དག་ནི་ཉི་ཤར་སྦར་མོས་བཀབ་པ་ལས་གང་ཡང་མི་འདུག བརྡ་འཕྲིན་གྱི་དུས་རབས་ནང་དུ་བྱེད་སྟངས་འདི་འདྲ་ནི་ཕྲུ་གུའི་རྩེད་མོ་ཆགས་ཡོད། དེ་ལྟར་ཡང་སྐུ་ཞབས་གནམ་ལོ་ཡག་གི་སྐད་ཆ་ཞིག་ལ་བདག་ཅིག་མོས་མཐུན་བྱེད་རྒྱུ་ཁག་པོ་འདུག དེ་ནི་”ཤུགས་ལྡན་གནད་དོན་སེལ་ཐབས་བཙལ་བཞིན་པ་ནི་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་།”ཞེས་པ་དེ་རེད། ཤུགས་ལྡན་གྱི་གནད་དོན་དེ་ད་སྐབས་མེ་ཤི་ནས་རྔ་མར་ཐུག་ཡོད་པ་ཞིག་ཡིན་པ་སྔར་གྱི་བྱུང་རྐྱེན་ནས་ད་བར་གྱི་གནས་ཚུལ་ལས་གསལ་པོར་ཤེས་ཐུབ། ཤུགས་ལྡན་ཡོངས་གྲགས་ཐོག་བསྟེན་གཏུགས་བྱེད་མཁན་ཇེ་ཉུང་དང་བོད་པ་ཁེ་གཙང་བརྒྱ་སྐོར་ཞིག་ལས་མེད། གནད་དོན་དེ་སྐུ་ཞབས་ཀླུ་མཁར་བྱམས་ཀྱི་འོས་བསྡུའི་བསྒྲགས་གཏམ་ནང་སླེབས་པ་དེ་མངོན་སུམ་ཐོག་ནས་ཁོང་གི་ལས་དོན་ལ་འགོག་རྐྱེན་ཆགས་ཡོད། གནད་དོན་དེ་ངོ་ཐོག་ནས་བལྟས་ན་ལས་སླ་པོ་ཞིག་ཡིན་ཡང་གཏིང་རིམ་དུ་བསྔོགས་ན་དཀའ་ལས་ཁག་པོ་ཞིག་ཡིན། རྡ་རམ་ས་ལའི་ཚོགས་པ་དང་སྒྲིག་འཛུགས་ཅི་འདྲ་ཞིག་ཡིན་ཡང་གནད་དོན་འདིའི་ཐད་ལ་སོར་གང་ཡང་ཕྱིར་བསྣུར་བྱེད་རྒྱུ་མིན་པ་ཤེས་དགོས། དེ་ལས་ཀྱང་སྐུ་ཞབས་ཀླུ་མཁར་བྱམས་སྲིད་སྐྱོང་ཆགས་པ་ཡིན་ནའང་འདི་ལ་བར་གནས་ཟེར་ནས་ལག་པ་འཆང་ན་ཁོང་གི་སྲིད་སྐྱོང་གི་རྐུབ་ལྕགས་ཕར་བཞག་ནས་ཁོང་གངས་སྐྱིད་ནས་ཉིན་མཚན་མེད་པར་སྲུང་བྱ་བྱས་ནས་བསྡོད་རྒྱུ་མ་གཏོགས་འོག་རིམ་གྱི་ལས་བྱེད་ཚོར་ཐུག་རྒྱུ་ལའང་དཀའ་ངལ་འཕྲད་རྒྱུ་ཡིན་པ་རེད། གནད་དོན་དེ་གཙང་སེལ་བྱ་དགོས་ན་ཤུགས་ལྡན་ཚོགས་པ་དེ་ཚོའི་ཚོགས་མི་ཡོངས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ལྷག་པར་དུ་གོང་ས་མཆོག་ལ་རྒྱལ་སྤྱིའི་ཡོངས་གྲགས་ཐོག་ནས་དགོངས་དག་ཞུ་དགོས་པ། རྒྱལ་བ་རིན་པོ་ཆེ་ནས་དགོངས་པ་དངས་པར་གསལ་བསྒྲགས་བསྐྱངས་ན་གཞི་ནས་བལྟས་ཆོག་གི་རེད། དེ་མིན་གནད་དོན་དེ་སུ་གཅིག་གིས་ཀྱང་བསལ་མི་ཐུབ་ལ། དེར་ལག་པ་འཆང་ནས་གཞུང་སྲིད་འཛིན་རྒྱུ་ཟེར་བ་ནི་རྒྱུས་མེད་པའི་རྒྱུས་སྟོན་ཞིག་ལས་ལག་ལེན་ལ་གང་ཡང་འཁྱོལ་ཐབས་མེད་པ་ཞིག་ཡིན། ང་རང་ཉིད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་དང་ཀླུ་མཁར་བྱམས་ལ་རྒྱབ་སྐྱོར་བྱེད་གི་ཡོད་མོད། ཤུགས་ལྡན་གནད་དོན་ཐོག་ལ་སོར་གང་ཡང་ཕྱིར་བསྣུར་བྱེད་གི་མ་རེད།
དགའ་སེར་དགོན་པ་ཡིན་པས་ཨ་ཚོགས་ཀླུ་མཁར་བྱམས་དགོན་པའི་ཨ་མར་གྱུར་མེད་པ་དེར་ཧ་ལས་དོན་མི་འདུག