མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཅང་གི་རྩ་བ་སྔོག་སྟངས་ཤིག

༢༠༡༥/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཀྲུག་ཡོང་ཁང་གཙོས་པའི་རྒྱ་ནག་གི་མི་བཞི་ཤོག་ཁག་གསར་པ་བདེ་བླག་ངང་ཕམ་པར་བརྒྱབས་རྗེས། དམར་ཤོག་དཔོན་རིགས་ནང་ཁུལ་དུ་ཆེས་གསང་བ་དང་བཅས་མངོན་གསལ་གྱིས་གླེང་ཞིང་། བརྒྱུད་ལམ་དང་ཕྱི་ནང་སྤྱི་ཚོགས་ཐོག་ཡོངས་ཁྱབ་ཀྱིས་འུར་གླེང་བྱེད་བཞིན་པ་ནི། ད་ལྟ་ཞི་ཅིན་ཕིན་གྱི་རུལ་སུངས་རྒོལ་རྡུང་གི་མདུང་རྩེ་དེ། ཕམ་ཟིན་པའི་མི་བཞི་ཤོག་ཁག་གསར་པའི་“རྒྱབ་རི་”སྟེ། ཏིང་ཞའོ་ཕིན་དུས་སྐབས་ཀྱི་སྲིད་བློན་ལི་ཕིན་དང་། དབུས་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཟུར་བ་ཙུན་ཆིན་ཧོང་། སྲིད་འཛིན་ཟུར་བ་ཅང་ཙེ་མིན་སོགས་ལ་གཏད་ཡོད་ཚུལ་དེ་རེད། ལྷག་པར་འདས་པའི་བདུན་ཕྲག་གཉིས་གསུམ་ནང་ཅང་ཙེ་མིན་སྐོར་ལ་ཚོད་དཔག་དང་འབྲེལ་བའི་གླེང་ལྷག་ཧ་ལས་པའི་རྒོད་པོ་བྱུང་། མི་ཁའི་གླེང་ལྷག་རྒོད་པ་ལྟར། ཅང་ཙེ་མིན་ལ་དོན་དངོས་དེ་འདྲའི་སྲིད་དོན་གནས་བབ་བརྟན་མིན་གྱི་དཀའ་ངལ་ཞིག་འཕྲད་ཀྱི་ཡོད་དམ།

 

ད་ལོའི་ཕྱི་ཟླ་བརྒྱད་པའི་ཟླ་དཀྱིལ་ཙམ་ལ། རྒྱ་ནག་རྒྱལ་ཡོངས་ཀྱི་མཐོ་འབྲིང་ཨང་རིམ་གཉིས་པར་ཚུད་པའི་སློབ་གྲྭ་ཞིག་དང་། ཧྲང་ཧེ་མཁའ་དམག་ཆབ་སྲིད་སློབ་གྲྭའི་ཡིག་ཚང་གི་རྩིག་ངོར་བརྐོས་པའི་ཅང་གི་ཕྱག་བྲིས་བསྟར་མ་རྣམས་བཀོག་ཡོད་ལ། ཉེ་དུས་ཅང་གི་ཕྱག་བྲིས་རྡོ་བརྐོས་རྒྱབ་པའི་རྒྱ་ནག་དབུས་དམར་ཤོག་སློབ་གྲྭའི་མིང་བྱང་གི་རྡོ་ཕ་བོང་དེ་ཡང་ཚང་མའི་མཐོང་ལམ་ནས་གནས་གཞན་ཞིག་ཏུ་སྤོར། དེར་མཐུད་ནས་ཕྱི་ལོིགས་ཀྱི་གསར་ལམ་འགས་ཅང་ཙེ་མིན་དང་ཁོའི་བུ་གཉིས་དངོས་སུ་བཀག་ཉར་དང་ཞིབ་བཤེར་ནང་ཚུད་ཡོད་པའི་གནས་ཚུལ་སྤེལ་བ་དེས། ཚང་མས་ཅང་ལ་རང་གི་ཆབ་སྲིད་གནས་བབ་ཐོག་དཀའ་ངལ་ཞིག་འཕྲད་མགོ་ཚུགས་ཡོད་པའི་ཡིད་ཆེས་བྱས། ཡིན་ན་ཡང་། ཕྱི་ཟླ་དགུ་བའི་ཚེས་གསུམ་ཉིན་གྱི་འཇར་རྒོལ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་བདུན་ཅུ་འཁོར་བའི་མཛད་སྒོའི་སྟེང་། ཅང་ཙེ་མིན་དང་ལི་ཕིན། ཙུན་ཆིན་ཧོང་གསུམ་ཀ་སྲིད་འཛིན་ཞི་ཅིན་ཕིན་དང་ལྷན་དུ། གནམ་སྡེ་སྒོ་མོ་ཆེའི་ཡང་ཐོག་ནས་མི་མང་གི་མཐོང་ལམ་དུ་མངོན་པ་དེས། ཚང་མར་ཡང་བསྐྱར་དོགས་གནས་ཤིག་བྱིན།

 

རྒྱ་ནག་གི་སྲིད་དོན་ལ་དབྱེ་ཞིབ་བྱེད་སྟངས་ལྟར་ན། སྣང་ཚུལ་འདི་གཉིས་ཀར་ཞིབ་འཇུག་གི་རིན་ཐང་ལྡན་ཡོད། གཅིག་གིས་ཁོའི་ཤུགས་རྐྱེན་དང་བག་ཆགས་སྤྱི་ཚོགས་སྟེང་ནས་རྩ་མེད་བཟོ་མགོ་བརྩམས་ཟིན་པའི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད། དེ་སྔའི་རྒྱ་ནག་དམར་ཤོག་གི་དུས་འགྱུར་རིམ་པའི་ནང་བྱེད་ཐབས་འདི་ལག་བསྟར་བྱས་ཡོད་ལ། དུས་འགྱུར་ནང་དཀའ་ངལ་འཕྲད་པའི་དཔོན་རིགས་སུ་ཡིན་རུང་། དང་པོ་བརྡ་ལན་འདི་འདྲ་ནས་མགོ་བཙུགས་ཏེ་མཐར་འཐབ་རྩོད་ཁྲོད་ཕམ་པར་བརྒྱབས་ཡོད། གཅིག་ཤོས་དེས་ཁོའི་ཤུགས་རྐྱེན་དང་གོ་གནས་ཐོབ་དབང་ད་དུང་མུ་མཐུད་གནས་ཡོད་པ་སྟོན་གྱི་ཡོད། རྒྱ་ནག་གཞུང་གི་སྒྲིག་སྲོལ་རྩ་འཛིན་ལྟར་ན། རྒན་ཡོལ་ཟིན་པའི་ཆེས་མཐོའི་དཔོན་རིགས་སུ་ཡིན་རུང་། གལ་ཆེའི་བྱེད་སྒོའི་སྐབས་མང་ཚོགས་ཀྱི་མཐོང་ལམ་དུ་མངོན་པར་རྒྱ་ནག་དབུས་རྩ་འཛུགས་སྡེ་ཁག་གི་ཆོག་མཆན་དང་རྒྱབ་གཉེར་ཐོབ་དགོས། ཆོག་མཆན་དང་རྒྱབ་གཉེར་ཐོབ་པའམ་། བྱེད་སྒོ་གལ་ཆེའི་སྐབས་མང་ཚོགས་ཀྱི་མཐོང་ལམ་དུ་ཡང་ཡང་མངོན་པའི་དཔོན་རིགས་སུ་ཡིན་རུང་། ཁོའི་གནས་བབ་ད་དུང་སྲ་བརྟན་ཡིན་པ་མཚོན།

 

རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོར་མཚོན་ན། ཁོ་སྲ་བརྟན་ཡིན་མིན་དབྱེ་ཞིབ་བྱེད་པར་སྲིད་དོན་རྐྱང་བ་མིན་པར། ད་དུང་ལམ་ཁ་འགའ་ཤས་ཡོད་པའི་ཁྲོད་ཀྱི་གལ་གནད་ཆེ་ཤོས་ཤིག་ནི། ཁོའི་སྤྱི་ཚོགས་འབྲེལ་ལམ་དང་ཁོ་དང་ཆེས་ཐག་ཉེ་བའི་མི་སྣ་དག་གི་སྤྱི་ཚོགས་གནས་བབ། གླེང་ལྷག་རྒོད་པའི་དུས་སྐབས་དེར་དེ་ཚོའི་འགྲོ་ལུགས་འདུག་སྟངས་སོགས་ལ་ཞིབ་ཚགས་ཀྱིས་ལྟ་རྒྱུ་དེ་ཡིན། བལྟ་ཞིབ་འདི་ལ་ཞིབ་འཇུག་གི་རིན་ཐང་དེ་ཙམ་མེད་ནའང་། བྱེད་སྟངས་དེའི་མཐའ་མའི་གྲུབ་དོན་གྱིས་ང་ཚོར་ནམ་རྒྱུན་བསམ་ཚོད་ལས་བརྒལ་བའི་རིན་ཐང་སྟེར་གི་ཡོད། མཐའ་མར་བཙོན་འཇུག་ཁྲིམས་གཅོད་གང་ཞིག་གཏོང་མིན་ལ་སྡོམ་ཚིག་འཇོག་ཐུབ་མེད་ནའང་། རང་དང་འབྲེལ་ཐག་ཉེ་པའི་ཝང་ལི་ཅུན་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་བྱོལ་དུ་ཕྱིན་པ་དང་། བཟའ་ཟླ་ཀོ་ཁེ་ལེ་མི་གསོད་དོན་རྐྱེན་གྱི་ཞིབ་བཤེར་དུ་ཚུད་པ་དེས། པོ་ཞི་ལེ་ལ་དམར་རབས་གཉིས་པའི་ནང་ཁུལ་སྲིད་དབང་འཐབ་རྩོད་ཁྲོད་མི་འགྱངས་པར་ཕམ་ཉེས་འབྱུང་རྒྱུ་ཡིན་པ་ལུང་བསྟན་གནང་ཡོད་ལ། བུ་ཀྲུག་པིང་ནས་མགོ་བཙུགས་སྟེ་རྡོ་སྣུམ་ཤོག་ཁག་དང་། སྲིད་ཁྲིམས་ཤོག་ཁག དྲུང་ཡིག་ཤོག་ཁག་སོགས་ཀྱི་དཔོན་རིགས་རེ་རེ་བཞིན་ཞིབ་བཤེར་ལ་ཚུད་ནས་ཁྲིམས་སར་བསྐྱེལ་སྐབས། ལོ་རྒན་བདུན་ཅུའི་རྒད་པོ་ཀྲུག་ཡོང་ཁང་ཡང་། འབྱུང་འགྱུར་པོ་ཞི་ལེ་ཡི་ལམ་ཁར་བརྫང་རྒྱུ་ཡིན་པ་ཚང་མས་སེམས་ཐག་བཅད་ཡོད། རུལ་སུངས་རྒོལ་རྡུང་གི་ལས་འགུལ་ཁྲོད་ཞིབ་བཤེར་དང་ཁྲིམས་སར་ལྷུང་བའི་དཔོན་རིགས་མང་ཤོས། དང་པོ་ཁོ་ཚོའི་ཉེ་འབྲེལ་ནས་མགོ་བཙུགས་ཏེ་ལག་པ་འཆང་ཡོད། དེར་བརྟེན། བལྟ་ཞིབ་བྱེད་སྟངས་འདི་ལ་ང་ཚོས་སྣང་ཆུང་བྱས་ན་མི་འགྲིག་སྙམ།

 

ང་ཚོར་ཅང་གི་སྲ་བརྟན་ལ་ཚོད་དཔག་ཐུབ་པའི་གནད་ཡོད་མི་སྣ་སུ་ཡོད་དམ། མི་འདི་དང་ཅང་གཉིས་བར་གྱི་འབྲེལ་བ་དེ་གང་འདྲ་ཡིན་ནམ།

 

IMG_1712བཅོས་སྒྲུང་ལྟ་བུའི་དངོས་བྱུང་གཏམ་རྒྱུད་འདིའི་མགོ་༡༩༩༡་ནས་བཙུགས་ཡོད། དེའི་ཡར་སྔོན་ཅང་ཙེ་མིན་ལ་རང་གི་འདོད་བརྩེ་ལམ་ལྷུང་དང་མངོན་གྱུར་མ་ཐུབ་པའི་ཡོད་སྐྱོའི་བརྩེ་སྒྲུང་ཞིག་ཡོད། ༡༩༨༩ལོའི་དྲུག་བཞི་སློབ་མའི་ལས་འགུལ་གྱི་སྔ་གཞུག་དེར། ཏིང་ཞའོ་ཕིན་གྱིས་དམིགས་བསལ་བལྟ་སྐྱོང་དང་མིང་འདོན་འོག་ཅང་ཙེ་མིན་ཧྲང་ཧེ་ནས་པེ་ཅིན་དུ་གནས་སྤོ་བྱས། གཞུང་གི་ལས་དོན་ཕྲ་རག་ཐོག་གོ་བསྡུར་ཆེད་ཁོ་ཏིང་ཚང་གི་གཟིམ་ཤག་ཏུ་ཡང་སེར་འགྲོ་དགོས་ཡོད། སྐབས་དེར་ཏིང་ཚང་ལ་རྒྱུན་མགྲོན་ལྟར་ཡོང་མཁན་གཞན་ཞིག་ཀྱང་ཡོད། ཁོ་མོ་ནི་ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་སྟོད་དུ་རྒྱ་ནག་ནང་སྙན་གྲགས་ཆེ་བའི་གློག་བརྙན་འདྲེན་མ་ལིག་ཞོ་ཆིན་ཡིན། (མོ་དང་ཏིང་བར་གྱི་འབྲེལ་བ་དེ་ཙམ་གཙང་མ་མིན་པར་གྲགས།) ཅང་གིས་ལིག་ལ་གློག་བརྙན་སྒྱུ་རྩལ་སོགས་ཀྱི་གླེང་མོལ་སྤྱད་ནས་འབྲེལ་འདྲིས་ཡོང་ཐབས་བྱས་ཀྱང་། ལིག་གིས་ཁོའི་འདོད་འདུན་དང་ལེན་མ་བྱས་པའི་སྟེང་། ཁ་བརྡའི་བར་མཚམས་ཡོད་ཚད་དུ་བསམ་བཞིན་ཅང་ལ་“ཨ་ཁུ་”དང་“ཨ་ཁུ་”རུ་བོས་ནས་འགོག་རྐྱེན་བཟོ་ཐབས་བྱས། ཅང་ལ་མཚོན་ན་འབོད་སྟངས་འདི་མཐོང་ཆུང་དང་བརྙས་བཅོས་ཤིག་སྟེ། ཁོ་དང་མོའི་བར་ལོ་སུམ་ཅུའི་ཁྱད་པར་ཡོད། ཏིང་ཚང་གི་ཡང་ཡང་འདུ་འཛོམས་དེས་ཅང་ལ་འདོད་བརྩེའི་ཐོག་གྲུབ་འབྲས་གང་ཡང་བསྐྲུན་ཐུབ་མེད་ནའང། དེ་ནས་བཟུང་ཁོའི་སྲིད་དོན་གནས་བབ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་། ཧྲང་ཧེ་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་ནས་རྒྱབ་ཁབ་ཀྱི་གཙོ་འཛིན་དང་། དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ།རྒྱལ་ཁབ་དམག་དོན་ཨུ་ཡོན་ལྷན་ཁང་གི་གཙོ་འཛིན་སོགས། མའོ་དང་ཏིང་རྗེས་ཀྱི་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབུ་ཁྲིད་དུ་གྱུར། ༡༩༩༡ལོའི་ལོ་སར་དགོང་ཚོགས་སྟེང་ཞིང་གྲོང་ནས་ཡོང་བའི་མེའོ་རིགས་བུ་མོ་ལོ་གཞོན་དཀྱུས་མ་ཞིག་ལ་ཅང་གིས་དམིགས་བསལ་དོ་སྣང་བྱུང་། མོའི་རི་དྭགས་དཀྲོགས་པ་ལྟ་བུའི་མིག་ཟུང་དེས་ཁོ་ལ་ཡང་བསྐྱར་ལིག་ཞའོ་ཆིན་དྲན་དུ་བཅུགས་ཅིང་། དགོང་ཚོགས་མཇུག་སྒྲིལ་གྱི་འཚམ་འདྲིའི་སྐབས།ཅང་གིས་བུ་མོ་དེར་ལག་འཇུ་གཏོང་ཞོར་ཤོག་དྲིལ་ཆུང་ཆུང་ཞིག་གསང་སྟབས་ཀྱིས་བྱིན། རྗེས་སུ་བཤད་རྒྱུན་ལ་ཤོག་དྲིལ་དེའི་ཐོག་“དོན་དག་ཡོད་ན་གཅེན་པོ་ལ་ཤོད། གཅེན་པོས་ཁྱོད་ལ་རོགས་རམ་གང་ཐུབ་བྱ་ཆོག་”ཅེས་བྲིས་ཡོད་པར་གྲགས། བུ་མོ་ལོ་གཞོན་འདིའི་མིང་ལ་སུང་ཙོ་ཡུན་ཟེར།

 

ཅང་དང་ཟུར་བསྟེན་གྱི་འབྲེལ་འདྲིས་མ་བཙུགས་པའི་སྔོན་དུ། སུང་ཙོ་ཡུན་ནི་སྤྱིར་བཏང་གི་དམངས་གླུ་ལེན་མཁན་ཞིག་ལས། མོའི་སྒྱུ་རྩལ་དང་གར་སྟེགས་ལ་ཕྱོགས་གང་གི་ཆ་ནས་ཀྱང་རྒྱབ་ལྗོངས་མཐུག་པོ་གང་ཡང་མེད། མ་གཞི་ཞིང་གྲོང་ནས་ཡོང་ཞིང་སྒྱུ་རྩལ་ལས་རིགས་དམངས་གླུ་ལས་མེད་པའི་མེའོ་རིགས་བུ་མོ་ཞིག་ལ་མཚོན་ན། སྲིད་དོན་གྱི་དགོས་མཁོ་དང་། ཡང་ན་རྒྱུ་འབྱོར་དང་དབང་ཤུགས་ཀྱི་རྒྱབ་རྟེན་གང་ཡང་མེད་པར་སྒྱུ་རྩལ་ལས་རིགས་ཀྱི་ཁོར་ཡུག་འགྲིམ་རྒྱུ་དང་། ལྷག་པར་རྒྱ་ནག་ནང་རྒྱལ་ཡོངས་རང་བཞིན་གྱི་གར་སྟེགས་སྟེང་གསེར་མདོག་གི་ལོ་ཟླ་ཞིག་བསྐྲུན་རྒྱུ་ནི་ལས་སླ་བོ་མིན། ༡༩༩༡ལོའི་ལོ་སར་དགོང་ཚོགས་སྟེང་ཁོ་མོ་སླེབས་ཐུབ་པ་དེ་ཡང་སྟས་དབང་ཞིག་གིས་ཡིན་དེ། དགོང་ཚོགས་ཁྲབ་སྟོན་ལས་རིམ་གོ་སྒྲིག་གྲུབ་ནས་ཡོད་སྐབས། ཁྲབ་ཁྲིད་པར་གློ་བུར་དམངས་གླུའི་ལེ་ཚན་ཞིག་ཁ་སྣོན་དང་། དེ་ལེན་མཁན་གླུ་མ་ལོ་གཞོན་ཞིག་དགོས་མཁོ་བྱུང་བའི་གནས་སྟངས་འོག་ཡོང་ཡོད། ད་དུང་བར་སྐབས་དེ་ནི་ཁོ་མོར་གཏན་འཇགས་ཀྱི་འཚོ་གནས་གང་ཡང་མེད་པའི་ལས་མེད་བུ་མོ་ཞིག་དང་། གྲོང་ཁྱེར་ནང་ས་འོག་གི་ཕུག་པ་ཁང་གླར་གཡར་བའི་སོ་ནམ་པའི་བུ་མོ་ལས་འཚོལ་བ་ཞིག་ཀྱང་ཡིན། ལོ་དེའི་དགོང་ཚོགས་སྟེང་ཅང་དང་ཐུག་འཕྲད་བྱུང་བ་དེས། མོས་༢༠༡༤ལོའི་བར་བསྟུན་མར་མི་ལོ་༢༤རིང་དགོང་ཚོགས་འདིའི་གར་སྟེགས་བདག་གིར་བཟུང་ཞིང་། རིམ་བཞིན་དེ་སྔ་རྒྱུ་འབྱོར་དང་དབང་ཤུགས། མཐོ་རིམ་སྤྱི་ཚོགས་འབྲེལ་ལམ། ད་དུང་ཆབ་སྲིད་བཅས་ཀྱི་རྒྱབ་རྟེན་མེད་པར་སྒོ་འགྲམ་དུའང་སླེབས་དཀའ་བའི་རྒྱལ་ཡོངས་རང་བཞིན་གྱི་གར་སྟེར་འདིའི་སྐར་ཆེན་དུ་གྱུར།

 

IMG_1719ཅང་གིས་རྒྱ་ནག་གི་སྲིད་དབང་བཟུང་བའི་ལོ་ཟླ་དེ་སུང་ཙོ་ཡུན་ལ་མཚོན་ན། སྒྱུ་རྩལ་གར་སྟེགས་ནས་སྤྱི་ཚོགས་འབྲེལ་ལམ་དང་།དེ་ནས་དམག་སྲིད་གོ་ཐོབ་དང་། གཞུང་འབྲེལ་གནས་རིམ།ད་དུང་དཔལ་འབྱོར་རྒྱ་བསྐྱེད་དང་། མི་སྒེར་རྒྱས་སྤྲོས་བཅས་ཕྱོགས་ཚང་མར་གསེར་མདོག་གི་ལོ་ཟླ་ཞིག་ཡིན། དེ་སྔ་ཞིང་གྲོང་རིམ་པའི་གར་སྟེགས་ལའང་འཛེག་པར་དཀའ་བའི་བུ་མོ་འདི། ཐེངས་དང་པོར་ལོ་སར་དགོང་ཚོགས་སྟེང་སླེབས་པ་ནས་རིམ་བཞིན་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལྟ་བུའི་རྒྱལ་ཁབ་རིམ་པའི་གར་སྟེགས་དང་། པེ་ཅིན་ཨོ་ལིམ་པིཀ་དང་ཧྲང་ཧེ་རྒྱལ་སྤྱིའི་རིག་དངོས་འགྲེམ་སྟོན་སོགས་རྒྱ་ནང་གི་རྒྱལ་སྤྱི་རིམ་པའི་གར་སྟེགས་གང་ཡོད་བདག་གིར་བཟུང་ཞིང་། དེང་འཛམ་གླིང་ནང་སྙན་གྲགས་འབར་བའི་ཝེ་ཡན་ནའི་གསེར་མདོག་གི་ཚོམས་ཆེན་དང་། (Vienna Musikverein) ཨོ་སི་ཁྲུ་ལི་ཡའི་སེན་ཀྲི་ནེ་ཟློས་གར་ཁང་ཆེན་མོ། ( Sydeny Opera House) ཝ་ཤིན་ཀྲོན་གྱི་ཁཱེན་ཀྲེ་ཟློས་གར་བསྟི་གནས་ (Kennedy Center for the Peforming arts)སོགས་སུ་མི་སྒེར་གྱི་གླུ་གཞས་རོལ་ཚོགས་བསྡུས་མྱོང་བ་མ་ཟད། ཨ་རི་དང་ཁེ་ན་ཀྲ། ཡུ་རོབ། ཨེ་ཤ་ཡའི་གྲགས་ཆེན་རྒྱབ་ཁབ་དང་གྲོང་ཁྱེར་ཁག་ནང་གླུ་གཞས་ཁྲབ་སྟོན་བསྡུས་མྱོང་ཡོད། ཅང་དང་འབྲེལ་བ་བྱུང་རྗེས། དེ་སྔ་གྲོང་ཁྱེར་ནང་ས་འོག་ཕུག་པ་ཁང་གླ་གཡར་ནས་ལས་ཀ་འཚོལ་བའི་བུ་མོ་ལོ་གཞོན་འདི། ཐེངས་དང་པོར་རྒྱ་ནག་གི་མཚོ་དམག་ཆབ་སྲིད་རིག་རྩལ་མཐུན་ཚོགས་ནང་ཚུད་ཅིང་། རིམ་བཞིན་མཐུནཚོགས་དེའི་ཚོགས་གཙོ་གཞོན་པའི་གོ་གནས་ཐོབ་པ་མ་ཟད། དམག་སྤྱི་གཞོན་པའི་གོ་ཐོབ་གནས་རིམ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྒྱུ་རྩལ་པ།རྒྱ་ནག་རྒྱལ་ཡོངས་རོལ་གཞས་མཐུན་ཚོགས་ཀྱི་ཚོགས་གཞོན། སྐབས་དགུ་བའི་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི། སྐབས་བཅུ་བ་དང་བཅུ་གཅིག་པ། བཅུ་གཉིས་པའི་རྒྱ་ནག་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་འཐུས་མི། ད་དུང་བར་སྐབས་ཤིག་ལ་རྒྱ་ནག་རྒྱལ་ཡོངས་མི་དམངས་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོར་མིང་འདོན་བྱས་མྱོང་།

 

སུང་ཙོ་ཡུན་ལ་སྤྱི་ཚོགས་ཐོག་རྩེད་མཚར་རམ་ཟུར་ཟ་དང་འབྲེལ་བའི་གོ་མིང་གཞན་ཞིག་ཡོད། ཅང་གིས་རྒྱ་ནག་གི་ཏང་སྲིད་དམག་གསུམ་གྱི་དབུ་ཁྲིད་ལས་ཁུར་རིང་མོ་ལ་“རྒྱལ་ཡུམ་”(རྒྱལ་ཁབ་ཀྱི་ཡུམ་ཆེན)དུ་འབོད་ཅིང་། ལས་འཁྱུར་ངལ་གསོའི་རྗེས་མོ་ལ་རྒྱལ་ཁབ་གྱི་“མེས་ཡུམ་”དུ་འབོད། འབོད་སྟངས་འདི་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་དང་འབྲེལ་ཡོད་ལ། ལྷག་པར་རྒྱ་ནག་གི་རྒྱལ་རྒྱུད་རིམ་པའི་ཕོ་བྲང་ནང་ཁུལ་གྱི་གོ་ཐོབ་གནས་རིམ་རྩིས་སྟངས་ཤིག་ཡིན། རྒྱལ་བོ་གང་ཞིག་གི་སྲིད་སྐྱོང་དུས་སྐབས་སུ་ཁོའི་བཙུན་མོ་ལ་རྒྱལ་ཁབ་ཀྱི་ཡུམ་ཆེན་དང་། རྒྱལ་བོ་དེའི་སྲིད་དབང་རང་གི་བུའམ་རྒྱལ་བརྒྱུད་ཕྱི་མར་རྩིས་སྤྲད་རྗེས། ཁོ་ལ་རྒྱལ་ཁབ་ཀྱི་ཡབ་མེས་དང་ཁོའི་བཙུན་མོར་རྒྱལ་ཁབ་ཀྱི་མེས་ཡུམ་དུ་འབོད། སུང་ཙོ་ཡུན་གྱི་ཁྲབ་སྟོན་ལ་དམིགས་ནས་རྒྱ་ནག་གཞུང་གིས་མ་དངུལ་དུང་ཕྱུར་སུམ་ཅུའི་འགྲོ་གྲོན་བཏང་ནས་པེ་ཅིན་དུ་རྒྱལ་ཁབ་ཟློས་གར་ཁང་ཆེན་གསར་བརྒྱག་བྱས་ཤིང་། རྒྱལ་ཁབ་ཕྱི་ནང་དུ་མི་སྒེར་ཁྲབ་སྟོན་སྐབས་ཀྱི་མ་དངུལ་དང་འགྲོ་གྲོན་ཡོངས་རྫོགས་རྒྱ་ནག་མཚོ་དམག་སྡེ་ཁག་གི་དམག་གྲོན་ནས་བཏང་ཡོད་པ་མ་ཟད། འགྲོ་གྲོན་ཇི་བཏང་མཚོ་དམག་གི་‘གསང་བའི་དམག་གྲོན་རྩིས་ཁྲའི་’ནང་བཅུག་ཡོད། ད་དུང་སུང་ཙོ་ཡུན་རྒྱལ་ཁབ་ཕྱི་ནང་དུ་ཁྲབ་སྟོན་དང་གཟིགས་སྐོར་དུ་འབྱོར་སྐབས། རྒྱ་ནག་གཞུང་ཚབ་ཁང་ཁག་དང་ས་གནས་ཁག་གིས་སྲིད་བློན་གཞོན་པའི་གནས་རིམ་ཐོག་ཕེབས་བསུ་སྣེ་ལེན་དང་སྲུང་སྐྱོབ་ཞབས་འདེགས་ཞུས་ཡོད། སྤྱི་ཚོགས་ཐོག་རྩེད་མཚར་དང་ཟུར་ཟ་ཡིན་ནའང་། ཅང་གི་དུས་སྐབས་དེར་སུང་ཙོ་ཡུན་གྱིས་མཚན་གནས་རྗེས་འབྲེལ་གྱི་ཐོབ་དབང་འདི་དག་ལོངས་སུ་སྤྱད་ཡོད།

 

(མུ་འགོད་་་་)

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༢༡ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༢༡ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 10

  1. sakrda says:
    ལོ་ 10 སྔོན།

    ཐོག་མར་ངས་སྐུ་ཞབས་ཟླ་བ་ཚེ་རིང་ལགས་ལ་དགའ་བསུ་བྱེད། ཁྱེད་ཀྱིས་ལྗགས་རྩོམ་གནང་བའི་ནང་བརྙན་གསོན་པོ་འདིས་ངའི་སེམས་པ་རང་དབང་མེད་པར་བཀུག་སོང་། ད་དུང་ཁྱེད་ཀྱིས་ལྗགས་རྩོམ་འདི་མགོ་ནས་མཇུག་བར་དུ་བཀླགས་དུས། ཨ་ཁ། ད་དུང་ཅུང་མུ་མཐུད་ནས་ཡོད་ན་སྙམ་པའི་ཚོར་བ་ཞིག་སྟེར་བྱུང་། དེ་ནི་ཁྱེད་ཀྱིས་ལྗགས་རྩོམ་ལ་གསོན་ཉམས་ལྡན་པའི་སྲོག་ཞུགས་ཡོད་པའི་རྒྱུ་མཚན་རེད། རྩོམ་ཡིག་གི་མཇུག་ཏུ་བལྟས་དུས། དགའ་སྣང་ཞིག་སྐྱེས་བྱུང་། རྒྱུ་མཚན། ༼མུ་འགོད་་་་༽ཅེས་བྲིས་འདུག འོ་་་་་ད་དུང་མུ་མཐུད་ནས་བཀླག་པའི་གོ་སྐབས་བཟང་པོ་ཞིག་སྐྲུན་རྒྱུ་རེད་བསམ་ནས་དགའ་ལྷག་པར་སྐྱེས་བྱུང་། ངོ་མ་ཡིན། དཔྱད་རྩོམ་ཟེར་ན་འདི་འདྲ་ཞིག་དགོས་ངེས་རེད། གནད་འགག་གི་རྒྱུ་ཆ་དང་། ལྐོག་སྦས་ཀྱི་གནས་ཚུལ་མི་མངོན་པ་དག་འདི་ལྟར་མཐོང་ན། བསམ་བློ་གསར་བ་ཞིག་སྟེར་གི་མོད། དགའ་བསུ་ཡོད། མུ་མཐུད་ནས་ཡིན་ད། རེ་སྒུག་བྱས་ནས་བསྡད་ཡོད། སྐུ་ཞབས་ཟླ་བ་ཚེ་རིང་ལགས།

    Reply
  2. སྒང་པ་བ་། says:
    ལོ་ 10 སྔོན།

    སྐུ་ཞབས་ཟླ་བ་ལགས་ནས་རྒྱ་ནག་གི་དཔོན་རིགས་རིམ་པ་དང་བྱེ་བྲག་དྲག་ཏུ་སྲིད་ཟུར་ཅང་ཙེ་མིན་གྱི་སྐོར་ལ་དཔྱད་རྩོམ་སྤེལ་བའི་དོན་སྙིང་སོགས་ལས་རྨོང་ཉིད་ལས་བསད་པ་ལྟ་བུའི་གནས་ཚུལ་འགའ་ཤིས་རྟོགས་བྱུང་སོང་ན་སྙིང་དབུས་ནས་ཐུགས་བརྗེ་ཆེ་ཞུ་རྒྱུ་དང་མ་འོངས་པར་དེ་འདྲའི་དཔྱད་རྩོམ་རིགས་གང་མང་སྤེལ་རོགས་གནང་།

    Reply
  3. རྡོ་སེངྒེ། says:
    ལོ་ 10 སྔོན།

    གཟའ་ཟླ་བ་གང་ཡིན་ལ་འདིའི་སྒང་ལ་བསྐོར་བ་རེ་བྱས་ནས་རྒན་ལགས་ཀྱི་དཔྱད་རྩོམ་གྱི་འོ་མ་འཐུང་གི་ཡོང་གི་ཡིན་ལགས།

    Reply
    • ཟླ་བ་ཚེ་རིང་། says:
      ལོ་ 10 སྔོན།

      ལགས་སོ། གཟའ་ཟླ་བ་གང་ཡིན་ལ་མ་རེད། ཟླ་རེའི་རེས་གཟའ་ཟླ་བ་དང་པོ་དང་གསུམ་པ་གཉིས་ལ་ཡིན།

      Reply
  4. ཡར་འཕེལ་རྒྱ་མཚོ། says:
    ལོ་ 10 སྔོན།

    བཀླགས་པ་ཡིན།

    Reply
    • ཟླ་བ་ཚེ་རིང་། says:
      ལོ་ 10 སྔོན།

      ལགས་སོ།

      Reply
  5. བློ་གྲོས། says:
    ལོ་ 10 སྔོན།

    སྐུ་ཞབས་ཟླ་བ་ཚེ་རིང་གི་དེ་སྔའི་རྒྱ་ནག་སྐོར་གྱི་དཔྱད་གཏམ་འགའ་བཀླགས་མྱོང་། དེ་རིང་གི་འདི་ཡང་བཀླགས་ཡོད། ཀློག་འདོད་ཀྱི་དང་བ་འདྲེན་ལ་བློ་བསྐྱེད་ཀྱང་མི་དམན་པ་ཐོབ། བཀའ་དྲིན་ཆེ།

    Reply
    • ཟླ་བ་ཚེ་རིང་། says:
      ལོ་ 10 སྔོན།

      བློ་གྲོས་ལགས་ཕེབས་པར་དགའ་བསུ་ཞུ།

      Reply
  6. རྡོ་རྗེ། says:
    ལོ་ 10 སྔོན།

    ཟླ་བ་ཚེ་རིང་ལགས་ཀྱི་རྩོམ་ཡིག་སྔོན་ཆད་མང་པོ་ཀློག་མྱོང་ཡོད། ཁ་གསལ་གཏིང་ཟབ་མང་པོ་བྲིས་སོང་། ད་རེས་ཟིན་བྲིས་ནང་དངོས་སུ་མཇལ་བ་དགའ་བོ་བྱུང་། ཁྱོད་རང་གིས་དེ་སྔོན་ནས་རྒྱ་ནག་གི་སྐོར་ལ་རྩོམ་ཡིག་དང་བསྒྱུར་རྩོམ་མང་པོ་སྤེལ་བར་བསྔགས་བརྗོད་གྲངས་མེད་ཡོད།

    Reply
    • ཟླ་བ་ཚེ་རིང་། says:
      ལོ་ 10 སྔོན།

      རྡོ་རྗེ་ལགས། ཐུགས་རྗེ་ཆེ། ཟིན་བྲིས་འདིའི་ནང་ངས་འཆར་ཅན་ཟླ་རེའི་གཟའ་ཟླ་བ་དང་པོ་དང་གསུམ་པ་གཉིས་ལ་རྒྱ་ནག་སྐོར་གྱི་ཟིེན་བྲིས་རེ་སྤེལ་འཆར་ཡོད་ན། སྐུ་ཉིད་མུ་མཐུད་ཕེབས་པར་དགའ་བསུ་ཞུ།

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese