མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བར་ཁམས་སོག་ཤོད་གསེར་མོའི་ལྗོངས་སུ་ཞབས་སོར་བསྒྱུར་རོགས།

བོད་ཀྱི་དུས་བབ།
༢༠༡༥/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་༧གོང་ས་མཆོག་གིས་བླ་མ་དང་སློབ་མའི་བར་དུ་ལས་དང་སྨོན་གྱི་འབྲེལ་བ་ཤུགས་ཆེན་པོ་ཡོད་སྟབས། དད་དམ་གཙང་མ་ཞིག་གི་ཐོག་ནས་བརྟན་བཞུགས་ཕུལ་ན་ནུས་པ་གང་འཚམ་འཐོན་ངེས་རེད་གསུངས་སོང་།

IMG_30521དེ་རིང་ལྷ་བབས་དུས་ཆེན་དང་བསྟུན་ཏེ། ཞོགས་པ་ཆུ་ཚོད་ ༧།༣༠ ཙམ་ལ་དྷ་ས་ཐེག་ཆེན་གཙུག་ལག་ཁང་དུ། བར་ཁམས་སོག་ཤོད་དང་རོང་པོ། ཁྲི་རྡོ་བཅས་ཀྱི་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་དང་། མདོ་སྟོད་ཆོལ་ཁའི་དབུས་རྒྱུན་བཅས་ཐུན་མོང་ནས། ༧གོང་ས་མཆོག་ལ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་བརྟན་བཞུགས་བསྟར་འབུལ་ཞུས་སོང་། སྐབས་དེར་༧གོང་ས་མཆོག་དབུ་བཞུགས་ཐོག་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གཙོས་མཁན་བླ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་སྲི་ཞུ་ལས་བྱེད། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ཕྱི་རྒྱལ་ཡུལ་གྲུ་མང་པོ་ནས་ཡོང་བའི་ནང་ཆོས་དོན་གཉེར་བ། དེ་བཞིན། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༥༠༠༠ ཡས་མས་འཛོམས་འདུག་ལ། བརྟན་བཞུགས་ཀྱི་ཐོག་མར་༧གོང་ས་མཆོག་གིས་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་དང་ཚེ་དབང་གནང་སོང་ལ། བརྟན་བཞུགས་དང་འབྲེལ་སོག་ཤོད་སེར་སྐྱ་མི་མང་གིས་༧གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་མཚོན་ཆེད་གསེར་གྱི་རྟགས་མ་ཞིག་དང་། བར་ཁམས་རོང་པོ་སེར་སྐྱ་མི་མང་ནས་གསེར་གྱི་འཁོར་ལོ་ཞིག་ བཅས་འབུལ་ལམ་ཞུས་སོང་།

 

བརྟན་བཞུགས་མཛད་སྒོའི་ཐོག་སོག་ཞབས་དྲུང་རིན་པོ་ཆེ་མཆོག་གིས་བརྟན་བཞུགས་དང་འབྲེལ་བའི་གསུང་བཤད་ལྗགས་ཀློག་གནང་སྐབས། འཛམ་གླིང་འདིའི་སྟེང་གི་ཆེས་མཐོའི་མི་སྣ་དང་། མཁས་དབང་། རྣམ་དཔྱོད་ཅན་གྱི་སྐྱེ་བོ་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་། ཨ་མི་རི་ཁའི་གསེར་གྱི་གཟེངས་རྟགས་སོགས་གཟེངས་རྟགས་ཁག་ ༡༥༥ ལྷག་ཕུལ་ཏེ། མགོན་པོ་གང་ཉིད་འཛམ་གླིང་ཡོངས་ཀྱི་ཞི་བདེའི་དབུ་ཁྲིད་ལ་མངའ་གསོལ་བའི་སྙན་གྲགས་ཀྱིས་འཛམ་གླིང་གཡོ་བར་བྱེད་པའི་ངོ་མཚར་ཆེ་བའི་མཛད་པ་བསྟན། ལྷག་པར་དུ་༧གོང་ས་མཆོག་བཙན་བྱོལ་དུ་ཞབས་སོར་བཀོད་ནས་རིས་མེད་ཀྱི་ཆོས་སྡེ་ཁག་དང་སློབ་གྲྭ་ཁག དེ་བཞིན། གཞིས་ཆགས་ཁག་བཅས་གསར་འཛུགས་བྱས་པའི་ཁྲོད། འུ་ཅག་སོག་ཤོད་ལུང་པའི་སེར་སྐྱ་མི་མང་ལ་གཅིག་མཚུངས་ཀྱི་སྐལ་བཟང་སྤྱི་IMG_30121བོའི་གཙུག་ཏུ་སྨིན་པའི་བཀའ་དྲིན་ཤིན་ཏུ་ཆེ་བས་གདན་ས་ཁག་ནས་དགེ་བཤེས་ལྷ་རམས་པ་དང་ཚོགས་རམས་པ་སོགས་དགེ་བཤེས་གང་མང་ཐོན་པ་དང་། སློབ་གྲྭ་ཁག་ནས་སློབ་དཔོན་དང་བསྟན་བཅོས་སློབ་ཐོན་པ། གཞན་ཡང་སྨན་པ་དང་རྩོམ་པ་པོ། སྙན་ངག་པ། གསར་འགོད་པ་སོགས་བྱུང་ཡོད་ལ། དེ་བཞིན་ཕ་ཡུལ་སོག་དགའ་ལྡན་འཕེལ་རྒྱས་གླིང་དུ་མཚན་ཉིད་བཤད་གྲྭ་གསར་དུ་འཛུགས་ཐུབ་པ་བྱུང་བ་སོགས་སྔར་འུ་ཅག་གི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ལྟ་བུ་བྱུང་བ་འདི་དག་ནི། ༧གོང་ས་མཆོག་གི་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བའི་བཀའ་དྲིན་སྙིང་དབུས་སུ་བཅངས་ནས། དེང་འདིར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསང་གསུམ་མཛད་འཕྲིན་ཟབ་ཅིང་རྒྱ་ཆེ་བ་རྣམས་ཇི་བཞིན་བརྗོད་པར་མི་ནུས་ཤིང་། སྟོང་གསུམ་རིན་ཆེན་གསེར་གྱིས་བཀང་སྟེ་ཕུལ་ཀྱང་མགོན་པོ་གང་གི་བཀའ་དྲིན་ནམ་ཡང་གཞལ་བར་མི་ནུས། ཞེས་དང་། གཞིས་བྱེས་མཉམ་འཛོམས་ཀྱི་བསྐལ་བཟང་ཐོབ་པའི་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་ཟུང་གསེར་གྱི་འཁོར་ལོའི་འགྲོས་བར་ཁམས་སོག་ཤོད་གསེར་མོ་ལྗོངས་ཀྱི་ཕྱོགས་སུ་ཅིས་ཀྱང་བསྒྱུར་གནང་ཡོང་བར་སྙིང་ཁོངས་རུས་པའི་གཏིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་རྟེན། བར་ཁམས་སོག་ཤོད་ལྷ་སྡེ་མི་སྡེ་ཡོངས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་དང་བོད་ཀྱི་བསྟན་སྲིད་ལ་བཅངས་པའི་འགྱུར་མེད་ཀྱི་ལྷག་བསམ་དང་། གཡོ་མེད་ཀྱི་མོས་གུས། ལྡོག་མེད་ཀྱི་དམ་བཅའ་དང་བཅས་དྲི་མ་མེད་པའི་གསེར་སྦྱངས་ཀྱི་ཁམས་ལས་གྲུབ་པའི་གཟེངས་རྟགས་ཀྱི་མཚོན་དོན་བཅས་ལྗགས་ཀློག་གནང་སོང་།

 

ཡང་སོག་ཤོད་སེར་སྐྱ་མི་མང་ནས་བོད་བསྟན་སྲིད་ཀྱི་ཕན་བདེའི་ཆེད་དམ་བཅའ་གསུམ་བཞག་ཡོད་པ་ནི། དང་པོ། དོལ་རྒྱལ་བསྟེན་གསོལ་མཚམས་འཇོག་བྱས་ཟིན་པ་དེར་མ་འོངས་པར་འགྱུར་བ་མེད་པར་ཕ་ཐོག་བུ་བརྒྱུད་ཀྱིས་རྒྱུན་འཛིན་བྱ་རྒྱུ། གཉིས་པ། བོད་མིའི་ཆོས་དང་རིག་གཞུང་དར་སྤེལ་དང་མི་རིགས་ཀྱི་ངོ་བོ་གཙང་མ་གཙང་ཉར་ཐུབ་པ་བྱ་རྒྱུ། གསུམ་པ། བཙན་བྱོལ་དུ་༧གོང་ས་མཆོག་ནས་བསྟན་པའི་དབུ་མའི་ལམ་གཙོས་པའི་ཆོས་སྲིད་གཉིས་ཐད་བཀའ་དགོངས་འོག་ཤར་སྐྱོད་དང་། བོད་སྤྱི་པ་གང་དུ་ཕྱིན་པ་ཡིན་ན་དེའི་ཐོག་ཏུ་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་བཅས་རེད།

 

IMG_3146མཇུག་ཏུ་༧གོང་ས་མཆོག་ནས་བརྟན་བཞུགས་ཀྱི་སྐོར་ལ་གསུང་བཤད་གནང་སྐབས། དེ་རིང་ཁྱེད་རང་ཚོ་བརྟན་བཞུགས་ཁག་གསུམ་ནས་དངོས་གནས་དད་དམ་གཙང་མ་ངོ་གདོང་ལ་བལྟས་ནས་འདྲ་ཆགས་པོ་བཤད་བཞག་པའི་སྐད་ཆ་མ་རེད། དེ་སྔ་བོད་ལ་ཡོད་སྐབས་ཡིན་ན་རེད། རྒྱ་གར་ནང་བཙན་བྱོལ་ཆགས་ནས་ལོ་ ༥༦ གི་སྒང་ལ་འགྲོ་བཞིན་ཡོད་པ་རེད། དེའི་རིང་ལ་དད་དམ་གཡོ་བ་མེད་པ་བྱས་ནས་འདི་ལྟར་བསྡད་པ་རེད། བླ་མ་ལ་བརྟན་བཞུགས་ཕུལ་ཟེར་བ་དེ་འབུལ་དངོས་ཀྱི་ཐོག་ནས་བརྟན་བཞུགས་ཡོང་བ་ཟེར་བ་དེ་མ་རེད། དད་པ་དང་དམ་ཚིག་གཡོ་བ་མེད་པ་ཞིག་ཡོད་པ་ཡིན་ན། བླ་མ་དང་སློབ་མའི་བར་དུ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པ་ཞིག་རེད། ང་ལ་ཆ་བཞག་ནའང་། ང་ཨ་མདོ་སྐུ་འབུམ་གྱི་གྲོང་གསེབ་ཆུང་ཆུང་ཞིག་ལ་སྐྱེས་པ་རེད། དེ་འདྲའི་ཕྲུ་གུ་ཞིག་རིམ་གྱིས་༧རྒྱལ་བ་རིན་པོ་ཆེ་ཡིན་པ་འདྲ་པོ་མཐོང་བ་དང་། ང་རང་གི་ངོས་ནས་ཀྱང་ལོ་ ༨༡ ལ་བསླེབས་པའི་བར་དུ་གང་ལྟར་བོད་སྤྱི་པའི་དོན་ལ་སེམས་ཁུར་ཞིག་བླངས་ཏེ་གང་ཡོང་ཅི་ཡོང་བྱས་པ་རེད། སྐུ་འབུམ་གྱི་ཉེ་འཁོར་ས་ཆ་ཁུག་ཀྱོག་གཅིག་ཏུ་སྐྱེས་པའི་ཕྲུ་གུ་ཞིག་ཧོབ་སྟེ་དེ་འདྲ་ཆགས་པ་དེ། ལས་དང་སྨོན་ལམ་གྱི་ཤུགས་རྐྱེན་ཆེན་པོ་ཞིག་ཡོད་པ་རེད་མ་གཏོགས་ཤུགས་རྐྱེན་གང་ཡང་མེད་པར་ཡོང་གི་མ་རེད། ང་ཚོའི་བར་དུ་ལས་དང་སྨོན་ལམ་གྱི་འབྲེལ་བ་ཤུགས་ཆེན་པོ་ཞིག་ཡོད་དུས། དད་པ་དང་དམ་ཚིག་ཟེར་བ་དེ་གལ་ཆེན་པོ་ཞེ་དྲགས་རེད། ཁྱེད་རང་ཚོའི་ངོས་ནས་ཐོག་མཐའ་བར་གསུམ་དུ་བསམ་པ་རྣམ་དག་དང་དད་དམ་གཡོ་བ་མེད་ པར་གནས་པ་དང་། དེ་རིང་འདིར་ཀུན་སློང་ལྷག་བསམ་རྣམ་པར་དག་པ་ཞིག་གི་ཐོག་ནས་བརྟན་བཞུགས་བཀྱགས་ཡོད་སྟབས། ནུས་པ་གང་འཚམ་ཞིག་ཡོང་གི་རེད། ཐུགས་རྗེ་ཆེ་ཞེས་ཞུ་ཡི་ཡོད། ཅེས་གསུངས་སོང་།

 

IMG_2985ཡང་བར་ཁམས་སུ་དོལ་རྒྱལ་བསྟེན་མཁན་ཡོད་པ་དེར་ཁག་གཏན་ནས་མེད་སྐོར་ཁོང་གིས། ཁྱེད་རང་ཚོའི་ཁོངས་སུ་དོལ་རྒྱལ་བསྟེན་མཁན་ཡོང་གི་ཡོད་པ་དེར་ཁག་རྩ་བ་ནས་ཡོད་པ་མ་རེད། ཁོང་ཚོས་དངོས་ཡོད་གནས་ཚུལ་དེ་ཁྱོན་ནས་ཤེས་ཀྱི་ཡོད་པ་མ་རེད། ང་རང་ལ་ཆ་བཞག་ནའང་མ་ཤེས་པར་དོལ་རྒྱལ་བསྟེན་ནས་ནོར་འཁྲུལ་བྱས་པ་རེད། མཐོ་ས་༧རྒྱལ་བ་རིན་པོ་ཆེ་ནས་ནོར་འཁྲུལ་བཟོས་པ་ཡིན་ན། ཁོང་ཚོར་ཁག་ཁྱོན་ནས་ཡོད་པ་མ་རེད། གལ་སྲིད་ཁོང་ཚོས་དངོས་ཡོད་གནས་ཚུལ་དེ་ཤེས་པ་བྱུང་ན་བསམ་བློ་གཏང་གི་རེད། དོལ་རྒྱལ་མཚམས་འཇོག་དང་མི་འཇོག་སོ་སོ་སྒེར་གྱི་ཇུས་གཏོགས་རེད། ང་ལ་ལས་འགན་ག་རེ་ཡོད་པ་རེད་ལབ་ན། ང་རང་གི་ཉམས་མྱོང་གི་ཐོག་ནས་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་དགོས་པ་དེ་ངའི་ལས་འགན་རེད། འགྲེལ་བཤད་བརྒྱབ་ནས་ཉན་དང་མི་ཉན་ཟེར་བ་དེར་སྒེར་སོ་སོས་བསམ་བློ་གཏོང་རྒྱུ་རེད། ཅེས་དང་། ད་ལྟ་བར་དུ་དོལ་རྒྱལ་བསྟེན་གསོལ་བྱས་ནས་ཡག་པོ་མེད་པ་གསལ་བཤད་བྱས་ཏེ་ཕན་གྱི་ཡོད་པ་དང་། མུ་མཐུད་གསལ་བཤད་བྱ་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

 

བོད་ཕྱི་ནང་གི་གཞོན་སྐྱེས་ཚོས་མི་རབས་རྒན་པ་ཚོའི་ལྷག་བསམ་དང་སྙིང་སྟོབས་རྒྱུན་མཐུད་ཐུབ་པ་དགོས་སྐོར་བཀའ་གནང་དོན། ང་ཚོའི་མི་རབས་འདི་རྫོགས་འགྲོ་བཞིན་ཡོད་པ་དང་། མི་རབས་འདི་རྫོགས་པའི་མཚམས་སུ་བསླེབས་ཡོད་སྟབས། མི་རབས་གསར་པ་ཚོས་མཇུག་སྐྱོང་ཐུབ་པ་དགོས། ང་ཚོ་བཙན་བྱོལ་སྒྲིག་འཛུགས་ལ་ཆ་བཞག་ན། ལྔ་བཅུ་ལྔ་དགུ་དང་དྲུག་ཅུ་རེ་གྲངས་གི་མི་རབས་དེ་གང་འཚམ་རྫོགས་ཚར་སྟེ། མི་རབས་གསར་པ་ཞིག་གིས་མཇུག་སྐྱོང་ནས་ཡོང་གི་ཡོད་པ་རེད། བོད་ནང་ལ་ཆ་བཞག་ནའང་གཞིས་ལུས་རྒྱ་ཆེའི་མི་མང་གི་མི་རབས་རྒན་པ་ཚོ་རྫོགས་འགྲོ་བཞིན་ཡོད་པ་དང་། མི་རབས་གསར་པ་ཚོས་མི་རབས་རྒན་པའི་སྙིང་སྟོབས་དང་ལྷག་བསམ་འགྱུར་བ་མེད་པ་བྱས་ཏེ། མི་རབས་རྒན་པའི་མཇུག་མཐུད་ནས་ཡོང་གི་ཡོད་སྟབས། ང་ཚོ་བཙན་བྱོལ་བ་ཚོས་ཀྱང་དེ་དེ་བཞིན་བྱས་ཏེ་མི་རབས་རྒན་པ་རྣམས་རྫོགས་འགྲོ་དུས། མི་རབས་གཞོན་པ་ཚོས་མཇུག་མཐུད་ཐུབ་པ་བྱེད་དགོས་པ་རེད། ཅེས་གསུང་བཤད་གནང་གྲུབ་རྗེས། བོད་ཀྱི་ཟློས་གར་ཚོགས་པ་སོགས་ནས་གཞས་སྣ་འཁྲབ་སྟོན་དང་སེར་སྐྱ་མི་མང་ལ་ཉིན་གུང་གི་ཞལ་ལག་ཕུལ་སོང་།

 

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༠ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༤ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 1

  1. དྲང་མདའ། says:
    ལོ་ 10 སྔོན།

    ཡག་ཀི་་་་ཡག་ཀི་་་། རྩ་བའི་ཆ་ནས་བརྟན་བཞུགས་ཡག་པོ་བྱུང་སོང་། བརྟན་བཞུགས་འབུལ་མཁན་ཚོགས་སྡེ་ཁག་བཞི་འདུག འོན་ཀྱང་། སོག་ཤོད་མངོན་འདོད་ཚ་ཤོས་དེ་ཆགས་ཀྱི་འདུག གཞན་ཚོགས་སྡེ་གསུམ་ལ་གོ་སྐབས་འདྲ་འདྲ་རྩ་ནས་བྱུང་མིན་བསམ་སོང་། ཀུན་སློང་ཡང་དག་གི་སྒོ་ནས་བླ་མར་བརྟན་བཞུགས་ཕུལ་ན་ཡག་པོ་རེད། གལ་ཏེ། ཁ་ཕོ་དོན་ཆུང་གི་ཆེད་དུ་བརྟན་བཞུགས་ཁ་ལ་འཁྱེན་ན་ཐབས་སྐྱོ་པོ་རེད་དྲན་གི་ཡོད། སོག་གི་ཞབས་དྲུང་ཕེབས་ནས་ཆུ་སྒང་གསར་མ་དང་སོག་ཤོད་གཉིས་ལ་གཡས་འདེགས་གཡོན་འདེགས་ཀྱིས་ད་རེས་བརྟན་བཞུགས་འདི་གོ་སྒྲིག་བྱུང་བ་ནི་བླ་ལོག་ཁོང་གི་མཛད་ཆེན་རེད། གཅུང་མ་ལེགས་པ་ནི། རྒྱ་བའི་སྐུ་མདུན་དུ་ནིན་གུང་མང་ཚོགས་ཞལ་ལག་ཡོད་འདོད་གསུངས་སོང་། རྒྱལ་བ་རིན་པོ་ཆེས་ཀྱང་མི་མང་ལ་ནིན་གུང་ཞལ་ལག་སྤྲོ་པོ་གནང་ཨ་གསུང་སོང། ཉིན་གུས་སླེབས་དུས་ཁ་ལག་མདངས་ངེས་མེད་པ་མ་ཟད། གོ་སྒྲིག་ལྟ་རྟོགས་དང་། ལས་འགན་མགོ་རྔ་མེད་པ། ལས་མི་མཐོང་སར་མེད་པས། མེ་མང་འཚང་ཁ་རྒྱག་ནས་ཁ་ལགས་ཏོག་ཙམ་འདུག་པ་དེ་ཡང་མགོ་སྟེང་སློག་ནས་མི་མང་ཚོ་གུང་ཚིགས་མེད་ཁངས་ར་ཞེ་དྲག་བྱེད་ཀྱི་འདུག སྐབས་ང་རང་སྒང་ལ་ལྟ་ཙམ་ཕྱིན་པས་ནང་སྐོར་སྐོར་ལམ་ནི་གད་རྙིག་དང། ལྡ་ལི། ཚོགས་རྫས་སོགས་ཀྱི་འཁེངས་ནས་གཙུགས་ལག་ཁང་དུ་ད་བར་བྱུང་མ་མྱོང་བ་ཞིག་རེད་འདུག ཚོགས་པ་བཞི་ཡིས་ངོས་ནས་དེ་ལྟར་འཐུས་ཤོག་བཏང་དོན་ག་རེ་ཡིན་ནམ་སྙམ་བྱུང་། དེ་ལས་ཀྱང་ཚབས་ཆེ་བ་ནི། རྒྱལ་བ་རིན་པོ་ཆེ་དང་ལྷན་དུ་སྐུ་པར་སྒྲོན་དུས་རེད། བརྟན་བཞུགས་འབུལ་མཚོན་བཀྱག་མཁན་ཚང་མས་འཚང་ཁ་ཤིག་ཤིག་དང་ཁྲིགས་མེད་ལུགས་མེད་ཀྱིས་རྒྱལ་བ་རིན་པོ་ཆེ་ལ་འང་འབུད་རྒྱག་འཐེབ་པ་སོགས། དེ་སྔ་ནམ་ཡང་མཐོང་མྱོང་མེད་པའི་གནས་ཚུལ་ཞིག་བློ་བུར་དུ་བྱུང་ཙང། བདེ་སྲུང་གང་ཐུབ་ཀྱིས་བཀག་འགོད་བྱེད་ཐབས་བྱས་ཀྱང་དཀའ་ལས་ཁག་པོ་བཟོས་སོང་། མ་འོངས་དེ་འདྲ་རྩ་ནས་མི་ཡོང་བར་ཤོག དེ་ཉེན་ཁ་ཞེ་འདུག བརྟན་བཞུགས་གོ་སྒྲིག་པས་འགན་ཁུར་ལ་ལྟོས་ཏེ།་རྗེས་སུ་མི་མང་གིས་རྣམ་འགྱུར་འདྲ་མིན་སྟན་དགོས་ཆགས་སོང། དཔེར་ན། མེ་ཏོག་བཀྱག་པ་དང་། ཁ་ཟས་ཞལ་ཏོག ཤིང་ཏོག་སོགས་ྷབ་ཐོབ་རྒྱག་ནས་རང་རང་གི་ནང་ལ་ཁྱེར་བ་སོགས་བྱས་སོང། སོག་ཤོད་བརྟན་བཞུགས་གོ་སྒྲིག་པས་འགྲེམས་སྤེལ་བྱས་དཔེ་དེབ་རྣམས་བདག་མེད་གང་སར་གཡུག་པ་བཅས་བྱས་སོང་ནི་། བརྟན་བཞུགས་འབུལ་མཁན་དང་མི་མང་ཡོངས་ནས་གཙུགས་ལགས་ཁང་དུ་བྱེད་མི་རུང་བ་ཡིན་པས། མ་འོངས་པར་ང་ཚོས་དེ་དག་ལ་དོ་སྣང་བྱ་དགོས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese