མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་ཕོ་བྲང་གིས་མདོ་སྨད་ལ་དབང་བསྒྱུར་ཇི་ལྟར་བྱས་ཚུལ་རོབ་གླེང་།

བོད་ཀྱི་དུས་བབ།
༢༠༡༥/༡༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སྡེ་གནམ་ལོ་ཡག

 

སྨྱུག་ཐོགས་པས་ཉིན་ཤས་ཡར་སྔོན་རྒྱལ་དབང་ལྔ་བ་ཆེན་མོས་བརྩམས་པའི་༼ལྷ་མཆོག་རྨ་རྒྱལ་སྦོམ་རའི་གསོལ་མཆོད་འདོད་པའི་རེ་སྐོང་བཞུགས་སོ༽ངོ་དེབ་བརྒྱུད་ནས་བཙན་པོའི་རྒྱལ་སྲིད་འཇིག་རྗེས་བོད་ལ་གཅིག་གྱུར་བྱུང་མ་མྱོང་དང་མདོ་སྨད་དགའ་ལྡན་ཕོ་བྲང་གི་འོག་ཏུ་སྡོད་མྱོང་མེད་ཟེར་མཁན་ཚོར་དཔྱད་གཞིར་ཕུལ་བ་ཡིན། རྒྱུ་མཚན་ནི་རྒྱལ་དབང་ལྔ་བ་ཆེན་མོ་མཆོག་ནི་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་གཉིས་ཀྱི་བདག་པོ་ཡིན་པས། ཁོང་གིས་གསོལ་མཆོད་དུ༼ཁ་བ་བོད་ཀྱི་རྒྱལ་ཁམས་མདོ་སྨད་ཀྱི། མི་ནོར་ཕྱུགས་གསུམ་ཐམས་ཅད་བུ་བཞིན་སྐྱོངས། ཁྱད་པར་བདག་ཅག་འཁོར་དང་བཅས་རྣམས་ཀྱི། ནད་གདོན་བར་ཆད་ཆག་ཆེ་ཉམ་ང་བཟློག༽ཞེས་བོད་ཀྱི་རྒྱལ་ཁམས་མདོ་སྨད་ཀྱི་མི་ནོར་ཕྱུགས་གསུམ་དང་དགའ་ལྡན་ཕོ་བྲང་གི་ཆོས་སྲིད་བདག་པོ་འཁོར་བཅས་དཀྱིལ་འཁོར་གཅིག་ལ་བཞག་ནས་ཨ་མྱེ་རྨ་རྒྱལ་སྦོམ་རར་བཅོལ་གདམ་གནང་འདུག་པ་ནི་གཞུང་འབྲེལ་གྱི་ངོ་བོ་གྲུབ་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད། ཡིན་ནའང་། མདོ་སྨད་དགའ་ལྡན་ཕོ་བྲང་གི་མངའ་ཁོངས་སུ་ཇི་ལྟར་གྱུར་བ་དང་འཛིན་སྐྱོང་བྱེད་སྟངས་སོགས་ཤེས་མཁན་ཉུང་ཚོད་དང་། ཤེས་ཀྱང་ལོག་འགྲེལ་རྒྱག་མཁན་ཡང་མང་ཚོད་དུ་སྣང་སྟབས། བརྗོད་གཞི་འདི་འཁྱོངས་མིན་ལ་མ་ལྟོས་པར་ངལ་བ་ལྷུར་ལེན་མི་བྱེད་ཀ་མེད་ཆགས་སོང་ལ། རྩོམ་ཡིག་གི་ཁ་བྱང་ལ་མདོ་སྨད་བཀོད་པ་མ་གཏོགས་བརྗོད་བྱ་མདོ་ཁམས་ཏེ། མདོ་སྟོད་དང་མདོ་སྨད་གཉིས་ཀ་ནང་དུ་ཚུད་ཡོད།

 

གཅིག དགའ་ལྡན་ཕོ་བྲང་གིས་དྲག་པོའི་ལམ་ནས་མདོ་ཁམས་དབང་བསྒྱུར་འོག་བཅུག་པ།

 

གཙང་བ་རྒྱལ་བོས་མདོ་སྨད་ནས་ཆོག་ཐུ་དང་མདོ་སྟོད་ནས་བེ་རི་རྒྱལ་བོ་གཉིས་དཔུང་རོགས་སུ་འཐེན་ནས་དགེ་ལུགས་པ་མཐར་བསྐྲོད་གཏོང་བའི་གཞུང་འབྲེལ་སྲིད་ཇུས་ལག་བསྟར་བྱེད་མགོ་ཚུགས་པས། རྒྱལ་དབང་ལྔ་བས་གསང་བའི་ལམ་ནས་ཕྱག་མཛོད་བསོད་ནམས་ཆོས་འཕེལ་ཨོ་རོད་ཚོ་བཞིར་མངགས་ནས་གུ་ཤྲིར་ཧན་ལ་དམག་རོགས་ཞུས། ཨོ་རོད་ཚོ་བཞི་དེང་གི་ཤར་ཏིར་ཀི་སི་ཐན་ནང་ཡོད་པས།ས་བབས་དང་ལམ་ཐག་གང་ཐད་ནས་མདོ་སྨད་ལ་ཐག་ཉེ་བས།གུ་ཤྲིར་ཧན་གྱིས་དམག་སྣ་མདོ་སྨད་ཕྱོགས་སུ་དྲངས་ཤིང་། མཚོ་སྔོན་པོའི་རྒྱུད་དུ་ཆོག་ཐུས་སྣེ་ཁྲིད་པའི་བོད་སོག་དམག་དཔུང་ལ་འཐབ་ནས་རི་ལུང་ཁྲག་གིས་དམར་པོར་བསྒོས་པ་དང་སོག་སྐད་ནང་དུ་དེ་ལ་ཝུའུ་ལན་ཟེར། དེང་སྐབས་ཀྱང་ཝུའུ་ལན་རྫོང་ཞེས་ས་མིང་མ་འགྱུར་བར་གནས་ཡོད།

 

གུ་ཤྲིར་ཧན་གྱིས་མདོ་སྨད་དྲག་པོའི་ལམ་ནས་དབང་འོག་ཏུ་བསྡུས་རྗེས། མདོ་སྟོད་ཕྱོགས་སུ་དམག་སྣ་དྲངས་ནས་བོད་སིལ་བུར་འཐོར་བའི་སྐབས་ནས་བརྒྱུད་ཡོང་བའི་བེ་རི་རྒྱལ་བོ་མཐའ་མ་དེ་རྩ་མེད་དུ་བཏང་བ་དང་མདོ་སྟོད་དབང་འོག་ཏུ་བཅུག་ནས་དབུས་གཙང་ཕྱོགས་སུ་དམག་སྣ་དྲངས། དེ་ནས་གཙང་བ་རྒྱལ་བོ་རྩ་མེད་དུ་བཏང་ནས་ཕྱི་ལོ་ ༡༦༤༢ ལོར་གཙང་གི་ཕོ་བྲང་བསམ་གྲུབ་རྩེ་ནས་དགའ་ལྡན་ཕོ་བྲང་སྲིད་གཞུང་དབུ་བརྙེས་པ་དང་རྒྱལ་དབང་ལྔ་བ་ཆེན་མོ་ཆོས་སྲིད་གཉིས་ཀྱི་བདག་པོར་མངའ་གསོལ་བའི་བསྒྲགས་གཏམ་སྤེལ་ནས་རྒྱལ་སྟོན་གནང་བ་རེད།

 

རྒྱལ་དབང་ལྔ་བ་ཆེན་མོ་ཆོས་སྲིད་གཉིས་ཀྱི་གོང་མར་བཀུར་རྗེས། ཁོང་གིས་གུ་ཤྲིར་ཧན་ལ་བསྟན་འཛིན་ཆོས་རྒྱལ་གྱི་མཚན་བསྟོད་བསྩལ་ནས་བོད་ཀྱི་རྒྱལ་བོར་བསྐོས་ཤིང་། ཕྱག་མཛོད་བསོད་ནམས་ཆོས་འཕེལ་ཡང་སྡེ་སྲིད་ལ་བསྐོས། དེ་ལྟར་དགའ་ལྡན་ཕོ་བྲང་སྲིད་གཞུང་ནི་བོད་སོག་མཉམ་འབྲེལ་གྱིས་འཛིན་སྐྱོང་གནང་བའི་གཞུང་ཞིག་ཏུ་བསྐྲུན་ཡོད། སྐབས་དེར་མཚོན་ན་འདི་ནི་ཧ་ཅང་སྔོན་ཐོན་གྱི་ཆབ་སྲིད་སྒྲོམ་གཞི་ཞིག་ཡིན་པར་མ་ཟད། གཅིག་བྱས་ན་འཛམ་གླིང་སྟེང་ཆེས་སྔ་བའི་༼མཉམ་འབྲེལ་སྲིད་གཞུང༽ (Coalition Government)གི་རགས་དབྱིབས་ཤིག་དང་། སྲིད་དོན་ཤོག་ཁག་དབང་ཕན་ཚུན་བར་ལྟ་རྟོག་གིས་འཛིན་སྐྱོང་བྱེད་པའི་ཕྱོགས་སུ་གོམ་པ་དང་པོ་རྒྱག་ཐུབ་ཡོད། ཡིན་ནའང་། ཤར་ཕྱོགས་པ་སྤྱི་དང་སྒོས་སུ་བོད་ཀྱི་མཐོ་རིམ་དཔོན་རིགས་ལ་མཉམ་ལས་མཉམ་རུབ་ཀྱི་གཤིས་ཀ་མེད་པས། རྒྱལ་ཐོག་བཞི་བ་ལྷ་བཟང་ཧན་དང་སྡེ་སྲིད་ལྔ་བ་སངས་རྒྱས་རྒྱ་མཚོའི་བར་དུ་རྒྱལ་དབང་ལྔ་བའི་ཡང་སྲིད་རྩོད་རྙོག་གིས་བསྐྱེད་པའི་འགལ་བ་བྱུང་བས། བོད་སོག་མཉམ་འབྲེལ་སྲིད་གཞུང་སྐྱོ་གར་གྱི་ལམ་ནས་མཇུག་བསྡུ་དགོས་ཐུག་ཡོད། ངེས་པར་དུ་དོ་སྣང་བྱེད་དགོས་པ་ནི་འདི་ནི་བོད་སོག་ཕན་ཚུན་བར་གྱི་འགལ་བ་ཞིག་མ་རེད་ལ། རྒྱལ་བོ་ལྷ་བཟང་ཧན་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་གཉིས་ནི་སྟོབས་ཤུགས་གཉིས་སམ་ཕྱོགས་ཁག་གཉིས་ཀྱི་དབུ་ཁྲིད་རེད། སྟོབས་ཤུགས་གཉིས་ཀའི་ནང་དུ་བོད་སོག་གཉིས་ཀ་འདུག དཔེར་ན། རྒྱལ་བོ་ལྷ་བཟང་ཧན་གྱི་ཕྱོགས་ཁག་ཁྲོད་ཀྱི་མི་སྣ་དྲག་ཤོས་དེ་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོ་རེད་ལ། རྗེས་ནས་རྒྱལ་བོ་ལྷ་བཟང་ཧན་བགྲོངས་མཁན་ཡང་སོག་པོ་ཡིན་པ་ལྟ་བུའོ།།

 

གཉིས། དགའ་ལྡན་ཕོ་བྲང་གིས་མདོ་ཁམས་ལ་འཛིན་སྐྱོང་བྱེད་སྟངས།

 

གུ་ཤྲིར་བསྟན་འཛིན་ཆོས་རྒྱལ་གྱིས་དྲག་པོས་ལམ་ནས་མདོ་ཁམས་དགའ་ལྡན་ཕོ་བྲང་གི་མངའ་འོག་ཏུ་བཅུག་རྗེས། མདོ་ཁམས་སྟོད་སྨད་གཉིས་སུ་སྔར་གྱི་བོད་སོག་དཔོན་རིགས་མང་བོ་ཞིག་སོར་འཇོག་དང་སོག་པོ་ལ་གཞུང་སོག་ཅེས་དགའ་ལྡན་ཕོ་བྲང་གི་འབངས་མིར་བསྒྱུར་ཡོད་པའི་ཁར། བོད་སོག་གཉིས་ཀ་ཆོས་སྡེ་དང་དཔོན་སྡེ་གཉིས་སུ་དབྱེ་ནས་ཆོས་སྡེ་ནི་དགོན་པ་ཁག་གི་མཆོད་གཞིས་དང་། དཔོན་སྡེ་ནི་དགའ་ལྡན་ཕོ་བྲང་དང་ས་གནས་དཔོན་རིགས་ལ་ཁྲལ་རྒྱག་མཁན་དང་། རྐང་འགན་གཞུང་སོག་དཔོན་རིགས་ཀྱིས་ཁུར་འདུག

 

ཡང་སྒོས་རྒྱལ་དབང་ལྔ་བ་ཆེན་མོ་འཁོར་བཅས་མན་ཇུར་འཚམས་གཟིགས་ལ་ཕེབས་དུས། མདོ་སྨད་མཚོ་སྔོན་བརྒྱུད་ནས་ཕེབས་ཡོད་པར་མ་ཟད། མཚོ་སྔོན་པོའི་ནང་དུ་ལོ་རེ་རེར་མཚོ་གཏེར་རྒྱག་པའི་སྲོལ་བཙུགས་འདུག་ལ། མཚོ་གཏེར་རྒྱག་པའི་སྲོལ་འདི་དེང་གི་བར་ཉམས་མེད་པར་མཐུད་འཛིན་གནང་ཡོད། ཕྱོགས་གཅིག་ནས་མཚོ་གཏེར་རྒྱག་པ་ནི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་དང་། ཕྱོགས་གཞན་གཅིག་ནས་དེ་ནི་བོད་སོག་དཔོན་རིགས་ཀྱི་ལོ་རེ་རེ་ཡི་འདུ་འཛོམས་ཀྱང་ཡིན་པས། ལོ་རེ་རེ་ཡི་སྲིད་དོན་ཐད་ཀྱི་དོན་དག་ཆེ་མ་ཆུང་གསུམ་མཚོ་གཏེར་རྒྱག་པའི་འདུ་འཛོམས་འདི་བརྒྱུད་ནས་ཐག་གཅོད་དང་གྲོས་བསྡུར་བྱེད་ཀྱིན་འདུག གཞུང་ཡིག་ནང་དུ་ཐའེ་ཇིའི་འཚོགས་འདུ་ཞེས་བཀོད་འདུག ད་དུང་རྒྱལ་དབང་ལྔ་བ་ཆེན་མོ་འཁོར་བཅས་མན་ཇུ་ནས་ཕྱིར་ཕེབས་ལམ་དུ་ཨ་མྱེ་རྨ་རྒྱལ་སྦོམ་ར་དང་ཁད་ཉེ་བའི་ཧང་ངེ་ཆུ་འགག་ཏུ་དུས་འཁོར་དབང་ཆེན་གནང་འདུག་ལ། དེང་སྐབས་ཀྱང་ཆུ་འགག་བཞུགས་ཁྲི་ཞེས་སླར་གསོ་གནང་ནས་བདག་སྐྱོང་གནང་བཞིན་ཡོད།

 

རྒྱལ་དབང་ལྔ་བ་ཆེན་མོས་ཕྱི་ལོ་ ༡༦༥༥ ལོར་འབྲས་སྤུངས་མཁན་པོ་ངག་དབང་འཕྲིན་ལས་ལྷུན་གྲུབ་ཟེར་བ་ཞིག་མཚོ་སྔོན་ལ་མངགས་ནས་ཐའེ་ཇིའི་འཚོགས་འདུ་བསྐོང་འཚོགས་ཀྱིས་མཚོ་སྔོན་པོ་དཀྱིལ་སྙིང་དུ་བཟུང་ནས་གཡས་རུ་དང་གཡོན་རུ་ཁག་གཉིས་སུ་ཕྱེས་ཤིང་། གཡས་རུའི་ཁོངས་སུ་དེང་གི་མཚོ་ལྷོ། མགོ་ལོག ཡུལ་ཤུལ། དཀར་མཛེས། བདེ་ཆེན། ཚ་འདམ་གཤོངས་ཀྱི་ནུབ་བྱང་སོགས་འདུ་བ་དང་། གཡོན་རུའི་ཁོངས་སུ་དེང་གི་མཚོ་བྱང་། ཀན་སུའི་ནུབ་ངོས། རྔ་བ། ཚ་འདམ་གཤོངས་ཀྱི་ཤར་ལྷོ་བཅས་འདུ་བར་བཤད། སྐབས་དེར་མདོ་སྟོད་སྨད་ཀྱི་ཚབ་ཏུ་མཚོ་གཡས་རུ་དང་གཡོན་རུས་ཕྱེས་ཡོད་པས། མན་ཇུའི་བཙན་འཛུལ་དམག་སྤྱི་ཉན་ཀུན་ཡོས་མན་གཞུང་ལ་ཕུལ་བའི་སྙན་ཐོའི་ནང་དུའང་༼ཧྲན་ཤིས་ཀྱི་ཀན་ཀྲོའུ། (ཀན་སུ) ལེང་ཀྲོའུ། (ཝོ་ཝེའམ་བསིལ་མོ་ཐང་།) ཀྲེང་ལང་། ཟི་ལིང་། ཧོ་ཀྲོའུ། (ཀ་ཆུ)ཟུང་ཆུ། དར་རྩེ་མདོ། ལི་ཐང་། འབའ་ཐང་། རྒྱལ་ཐང་བཅས་ལ་བརྟག་ན། བོད་མི་གཙོས་པའི་མི་རྣམས་ཕྱུགས་རིགས་འཚོ་སྐྱོང་བ་ཡིན་པ་དང་། མིང་རྒྱལ་རབས་ནས་ཤོར་ཏེ་བདག་སྐྱོང་བྱེད་ཐུབ་མེད་པས།སྐབས་རེར་བླ་མ་རྣམས་ཀྱི་སོ་ནམ་པ་དང་།མཚམས་རེར་མཚོ་སྔོན་ལ་གཏོགས་པ་དང་། ཁྲལ་རིགས་སྤྲོད་ཡུལ་སོག་པོ་ཡོད་པ་གཏོགས་གཞན་ཤེས་ཀྱི་མི་འདུག༽ཅེས་ལས་སྐབས་དེའི་གནས་སྟངས་རྟོགས་ཐུབ།

 

གསུམ། དགའ་ལྡན་ཕོ་བྲང་གི་མདོ་ཁམས་འཛིན་སྐྱོང་ལ་ཉམས་རྒུད་བྱུང་བ།

 

དུས་རབས་བཅོ་བརྒྱད་པའི་ནང་དུ་སྡེ་བ་གཞུང་ལ་ནང་འཁྲུག་བྱུང་བ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་བགྲོངས་པ་དང་། རྒྱལ་བོ་ལྷ་བཟང་ཧན་ཡང་བགྲོངས། མདོ་སྨད་ཕྱོགས་ནས་བློ་བཟང་བསྟན་འཛིན་གྱིས་སྣེ་ཁྲིད་པའི་བོད་སོག་མཉམ་འབྲེལ་དཔུང་ཤུགས་ཀྱིས་མན་ཇུས་བོད་ཁོངས་མཐའ་འདེད་ཀྱིས་སླེབས་ཀྱིན་པ་མཐར་བསྐྲོད་ཀྱི་དམག་འཐབ་ལ་ཕམ་ཁ་བྱུང་བས།མན་ཇུའི་དམག་སྤྱི་ཉན་ཀུན་ཡོས་མདོ་སྨད་ནང་ཁྲག་གི་འཁོར་ལོ་བསྐོར་ནས་དགོན་པ་མང་བོའང་གཏོར་ཡོད་པར་མ་ཟད། མན་གཞུང་གིས་ལྷ་སྡོད་ཨམ་བན་ལྟར་གཞུང་སོག་དཔོན་རིགས་ཤིག་ཟི་ལིང་ཨམ་བན་ཟེར་བར་བསྐོ་འཛུགས་བྱས། སྐབས་དེ་ནས་བཟུང་མན་གཞུང་གིས་བོད་སོག་བར་དུ་འགལ་བ་བཟོས་ནས་གཅིག་བསྐྱོར་གཅིག་གནོན་གྱི་ཐབས་ལམ་བཀོལ་ཏེ་དབང་བསྒྱུར་ཡོང་བར་རེ་ངན་འཆིང་ཡོད་ལ། ཉུང་མཐར་བོད་སོག་སྟོབས་ཤུགས་གཅིག་གྱུར་ཡོང་བར་བར་ཆད་བཟོ་ཐུབ་ཡོད།

 

དེ་ནས་རིམ་པས་སྡེ་བ་གཞུང་གིས་མདོ་སྨད་ལ་མུ་མཐུད་ནས་འཛིན་སྐྱོང་བྱེད་པར་དཀའ་ངལ་བྱུང་ཡོད་པས། ཕྱི་ལོ་ ༡༧༥༠ ལོར་མདོ་སྨད་ཀྱི་ཁྲལ་རིགས་རྗེ་སྐུ་འབུམ་ལ་འབུལ་འཐུས་ཀྱི་བཀའ་ཡིག་བསྩལ་འདུག ཡིན་ནའང་། ཆོས་ལུགས་ཐད་ནས་སྔར་ལས་སྲ་བརྟན་དུ་བཏང་འདུག་པར་མ་ཟད། ལྷག་པར་དུ་མདོ་སྨད་ཀྱི་ཡུལ་མཐའ་ཁག་ནས་ཡིན་པའི་དགའ་ལྡན་ཁྲི་བ་བསྟུད་མར་བྱུང་འདུག་ལ། མདོ་སྨད་ནས་དབུས་མཇལ་ལ་སླེབས་མཁན་རྣམས་ལ་སྣེ་ལེན་བྱེད་མཁན་ཡང་དགའ་ལྡན་དགོན་པ་རེད། ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཞིག་ལ་མཚོན་ན་དེ་ནི་མུ་མཐུད་དུ་མདོ་སྨད་ལ་དབང་བསྒྱུར་བྱེད་ཀྱིན་པའི་མཚོན་བྱེད་གཙོ་བོ་ཞིག་དང་། དེང་གི་སྐད་ཆ་ལྟར་བཤད་ན་བདག་དབང་ལྷོད་མི་འདུག ཡང་ཅིག་བཤད་ན། ཆོས་སྲིད་ངོ་བོ་གཅིག་ཏུ་གྲུབ་ཡོད་པ་དེས་ཐག་བཅད་ཡོད་པ་ཞིག་ཀྱང་ཡིན།

 

བཞི། སུམ་ལའི་ཆིངས་ཡིག་དང་མདོ་ཁམས།

 

མདོ་སྨད་སྤྱི་དང་མདོ་སྟོད་ཀྱི་ཡུལ་ལུང་ཁག་ཅིག་དུས་རབས་བཅུ་དགུ་བ་ནས་སྡེ་བ་ཁྲིམས་སྒོ་རང་སྐྱོང་འོག་གནས་འདུག་མོད། ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་སྲ་བརྟན་དང་མཐུད་གནས་ཀྱི་ངོ་བོར་གྲུབ་འདུག གང་ལྟར་དུས་ཉི་ཤུ་བ་མགོ་ཚུགས་མཚམས། མན་ཇུ་མགོ་རྟིང་ལོག་པ་དང་། བོད་སོག་བར་ཆིངས་ཡིག་བཞག་ནས་མན་ཇུའི་ཁོངས་ནས་ཕྱིར་ཐོན་པ་དང་བོད་སོག་ཕན་ཚུན་བར་རྒྱལ་ཁབ་ཡིན་པའི་ངོས་ལེན་གནང་། (འདིའི་སོག་པོ་ནི་དེང་སྐབས་ཀྱི་སོག་པོའི་རྒྱལ་ཁབ་ཡིན།)

 

དེ་མཚུངས་སུ་བོད་དབྱིན་རྒྱ་གསུམ་བར་དུ་སིམ་ལའི་ཆིངས་ཡིག་གྲོས་བསྡུར་དང་དེང་གི་བོད་རང་སྐྱོང་ལྗོངས་བོད་ཕྱི་མ་དང་མདོ་སྨད་དང་མདོ་སྟོད་ཀྱི་ཡུལ་ལུང་ཁག་ཅིག་བོད་ནང་མ་ཟེར་བར་དབྱེ་བགོས་བྱས་ནའང་། མཇུག་མཐར་སྐབས་དེའི་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་འཐུས་ཚབ་ཀྱིས་ཆིངས་ཡིག་དེར་ངོས་ལེན་མ་བྱས་པས། བོད་དབྱིན་གཉིས་ནས་ཟུར་ཆིངས་བཞག་ནས་རྒྱ་གཞུང་གིས་སིམ་ལའི་ཆིངས་ཡིག་ལ་ངོས་ལེན་མ་བྱས་པའི་ཡར་སྔོན་རྒྱ་ནག་གཞུང་ལ་སིམ་ལའི་ཆིངས་ཡིག་ནང་གསལ་བའི་ཐོབ་ཐང་ལ་ལོངས་སུ་སྤྱོད་པའི་དབང་ཆ་མེད་ཅེས་བཀོད་ཡོད། དེ་བས། མདོ་སྨད་དང་མདོ་སྟོད་ཀྱི་ཡུལ་ལུང་ཁག་ཅིག་དགའ་ལྡན་ཕོ་བྲང་གི་འཛིན་སྐྱོང་འོག་མེད་ནའང་། བདག་དབང་མུ་མཐུད་དུ་གནས་ཐུབ་ཡོད།

 

རྒྱབ་ལྗོངས་དེའི་འོག་ནས་རྒྱ་ནག་མི་སེར་རྒྱལ་ཁབ་ཀྱིས་སྔ་རྗེས་སུ་མདོ་ཁམས་སྟོད་སྨད་གཉིས་སུ་བཙན་འཛུལ་བསྟུད་མར་བྱས་ཡོད་ཅིང་།མདོ་སྨད་དུ་ཕྱི་ལོ་ ༡༩༢༨ ལོར་མཚོ་སྔོན་ཞིང་ཆེན་ཟེར་བ་བཙུགས་པ་དང་མདོ་སྟོད་དུ་ཕྱི་ལོ་ ༡༩༣༨ ལོར་ནུབ་ཁམས་ཞིང་ཆེན་ཟེར་བ་བཙུགས་མོད། དེ་ནི་བཙན་འཛུལ་གྱི་ཐོན་རྫས་ཡིན་པ་ལས་ཁྲིམས་ཐོག་ནས་རྒྱ་ནག་མི་སེར་རྒྱལ་ཁབ་ལ་བདག་དབང་ཐོབ་མེད། ད་དུང་མདོ་སྟོད་ཀྱི་ཡུལ་ལུང་ཁག་དང་མདོ་སྨད་ཀྱི་བོད་རྒྱ་འདྲེས་མཚམས་ཀྱི་རོང་ཁུལ་ལ་མ་གཏོགས་འབྲོག་ཁུལ་ཏུ་སྡེ་བ་ཚོ་བའི་སྲིད་འཛིན་ལམ་ལུགས་ལ་འགྱུར་བ་གཏོང་ཐུབ་མེད་པར་མ་ཟད། མདོ་སྟོད་སྨད་གཉིས་ཀ་ནས་མི་སེར་སྤེལ་ཡུལ་དུ་བསྒྱུར་བར་ངོ་རྒོལ་མཚམས་ཆད་མྱོང་མི་འདུག

 

དོན་ལ་སྡེ་བ་གཞུང་དང་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་མང་སྣ་ཉུང་གིས་མ་ཐེག་པར་༼དོན་ཚན་བཅུ་བདུན༽ཟེར་བ་འཇོག་སྐབས།བོད་ཤར་ཕྱོགས་ཀྱི་མདོ་སྨད་དང་མདོ་སྟོད་ཀྱི་མདོ་ཆེན་གཉིས་ཚུད་མེད་པས།དེང་སྐབས་ཀྱང་ཡུལ་ལུང་འདི་དག་གི་གནས་བབ་ཁྲིམས་ཐོག་ནས་ད་དུང་ཐག་ཆོད་མེད། (Pending of Status for in the law)

 

མཇུག་བསྡུ་བའི་གཏམ།

 

འབྲི་མཚམས་འདིར་སླེབས་སྐབས། ད་དུང་དོན་ཆེན་ཞིག་ལྷག་འདུག་པར་དྲན་པ་སོས་སོང་། མདོ་སྨད་མཚོ་སྔོན་ཧོར་རིགས་ནས་བསྟུད་མར་འཁྲུངས་ཤིང་། སྐུ་ཕྲེང་ན་རིམ་མན་ཇུ་གོང་མའི་དབུ་བླར་གྱུར་བའི་ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གི་སྐུ་ཕྲེང་ཐོག་མ་ནི་རྒྱལ་དབང་ལྔ་བ་ཆེན་མོའི་ཡོངས་འཛིན་ཡིན་པ་དང་། རྒྱལ་དབང་ལྔ་ཆེན་མོ་སྐུ་དངོས་ནས་ཁོང་གི་ཡོངས་འཛིན་མདོ་སྨད་ནས་ངོས་འཛིན་གནང་ནས་བྱང་གི་དགོན་ཆེན་བཞིའི་ཡ་གྱལ་དགོན་ལུང་དགོན་པར་གཏད་འདུག དེ་ལའང་ཆོས་སྲིད་གཉིས་ཐད་ནས་དམིགས་བྱ་ངེས་ཅན་ཞིག་ཡོད་པ་ནི་སྨྲས་མ་དགོས་ཏེ། མན་ཇུའི་གཞུང་གི་རེ་བསྐུལ་བཞིན་རྒྱལ་དབང་ལྔ་བ་ཆེན་མོས་ལྕང་སྐྱ་རོལ་བའི་རྡོ་རྗེ་པེ་ཅིང་ཏུ་མངགས་ནས་མན་ཇུ་གོང་མའི་དབུ་བླ་གྱུར་པ་དང་། དགོན་ལུང་དགོན་པ་ནི་སྔར་བཀའ་བརྒྱུད་པ་ཤུགས་ཆེ་བས་དགེ་ལུགས་པའི་དབང་ཤུགས་སྲ་བརྟན་དུ་བཏང་ཡོད། དེ་བས། རྒྱལ་དབང་ལྔ་བ་ཆེན་མོས་༼ཁ་བ་བོད་ཀྱི་རྒྱལ་ཁམས་མདོ་སྨད༽ཅེས་པ་ནི་བཀས་བཅད་པ་ཞིག་ཡིན་པ་ལས་གང་བྱུང་བརྗོད་པ་ཞིག་མིན་པའང་ཞོར་ནས་ཤེས་ཐུབ།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 6

  1. ལྡོང་སྲས། says:
    ལོ་ 10 སྔོན།

    ཨ་མདོ་ཚོ་རང་ཉིད་མི་དགའ་སའམ། གནོངས་ཐོག་ཏུ་འཁེལ་བ། ཡང་ན། གནས་ལུགས་ཀྱི་མདུན་དུ་ཨུ་ཚུགས་བྱེད་བསམ་བཞིན་ཡོད་དུས། དབང་མེད་དུ་ཁ་ནང་ནས་ཧ་ཧ་ཧ་ཐོན་ཞིང་། ད་དུང་ཕམ་མེད་མདོག་སྟོན་རྒྱུར་ཤིན་ཏུ་དགའ། ཁམས་པ་ཚོ་དེ་ལས་ལྡོག་ནས་མི་དགའ་ན་ཕ་རོ་ཟ་རྒྱོ་ཞེས་མི་གཤིས་ངོ་མ་དེ་བསྟན་ཡོང་བས། སྐད་ཆ་བཤད་སྟངས་ཙམ་མ་ཡིན་པར་གཤིས་ཀ་གཉིས་མངོན་ཡོད། དེ་གཅིག་ཡིན།

    ལྕང་སྐྱ་རོལ་བའི་རྡོ་རྗེ་སྐུ་ཕྲེང་ག་དུས་ཐོགས་མིན་དེ་གཙོ་བོ་མ་རེད། སྐུ་ཕྲེང་ག་ཚད་བྱུང་ཟིན་པ་དང་མཛད་རྗེས་གང་དག་འདུག བོད་ཀྱི་ལོ་རྒྱུས་ནང་གོ་གནས་ཅི་ཞིག་བཟུང་འདུག་པ་གལ་ཆེན་རེད། དཔེར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱུང་བཤད་སྐབས། ཏཱ་ལའི་བླ་མའི་མཚན་གནས་སྐུ་ཕྲེང་ག་དུས་ཐོགས་མིན་གཙོ་བོ་མ་ཡིན་པར་སྐུ་ཕྲེང་དང་པོ་ནས་བཅུ་བཞི་བར་བགྲང་དགོས་པ་ལྟར་རེད།

    མཚོ་གཡས་རུ་དང་གཡོན་རུའི་དབྱེ་བགོས་དེ་བཞིན་སྐབས་དེར་དགའ་ལྡན་ཕོ་བྲང་གིས་མཚོ་སྔོན་ནས་ཐའེ་ཇིའི་ཚོགས་འདུ་བསྐངས་ནས་དེ་ལྟར་དབྱེ་ཚུལ་ལུང་འདྲེན་བྱས་པ་ལས་གང་བྱུང་དུ་བྲིས་པ་ཞིག་མིན། ཚ་འདམ་གཤོངས་ཀྱི་ཤར་ལྷོ་ནི་མདོ་ལ་རིང་མོའི་ཕྱོགས་སུ་འཁེལ་ཡོད་པས། ས་ཕྱོགས་དེ་རིམ་པས་མདོ་ལྷོ་དང་རྔ་བའི་ཕྱོགས་སུ་བསྲིངས་ཡོད། ཡིན་ནའང་། མན་ཇུའི་བཙན་འཛུལ་དམག་སྤྱི་ཉན་ཀུན་ཡོས་མདོ་ཁམས་ཡོངས་བླ་མའི་མཆོད་གཞིས་དང་གཞུང་སོག་དཔོན་རིགས་ལ་ཁྲལ་རྒྱག་མཁན་ཡིན་པ་སྒྲུབ་ཟིན་པ་ལྟར་རེད།

    མདོར་ན། རིག་པ་ནངས་པར་འཆི་ཡང་བསླབ་ཟེར་བ་ལྟར་རེད། དེབ་མུ་མཐུད་དུ་ཀློག་དགོས་ཀྱི་རེད་ལ། ཡིག་རིགས་སྣ་མང་ནང་གི་དེབ་ཀློག་དགོས། དོགས་སློང་མུ་མཐུད་དུ་བྱེད་འོས། དོགས་སློང་ནི་བསྐུལ་འདེད་གཞན་ཞིག་ཡིན་པས་སོ།

    Reply
  2. ཁམས་པའི་བུ་རྒོད།། says:
    ལོ་ 10 སྔོན།

    ཧཧཧ།གནམ་ལོ་ཡག་ལགས།ཁྱེད་ནས་ཁམས་སྐད་དང་ཨམ་སྐད་དབྱེ་བ་ག་འདྲ་སེ་ཕྱེས་ཡིན་ལགས།བར་ཁམས་ཕར་བཞག་སྟེ་ཁྱོད་རང་ཨ་མདོའི་མཐའ་མཚམས་ཀྱི་ས་ཆ་རེ་ཟུང་ཙམ་ལས་ཨ་མདོ་སྤྱི་ལའང་ཆ་རྒྱུས་ཉུང་བར་མཐོང་སོང་།
    དེ་ནས་ཁྱེད་ཀྱིས་ལྕང་སྐྱ་རོལ་པའི་རྡོ་རྗེ་སྐུ་ཕྲེང་ན་རིམ་ཞེས་བྲིས་འདུག་སྟེ།ལྕང་སྐྱ་རོལ་པའི་རྡོ་རྗེ་ནི་ལྕང་སྐྱ་སྐུ་ཕྲེང་གསུམ་པའི་མིང་རེད་མ་གཏོགས།ལྕང་སྐྱ་ཚང་མའི་མཚན་ལ་རོལ་པའི་རྡོ་རྗེར་འབོད་མཁན་ཁྱེད་གཅིག་པུ་རེད་ད།
    ལྷག་པར་ཁྱེད་ལྟར་ན་༼མཚོ་སྔོན་པོ་དཀྱིལ་སྙིང་དུ་བཟུང་ནས་གཡས་རུ་དང་གཡོན་རུ་ཁག་གཉིས་སུ་ཕྱེས་ཤིང་། གཡས་རུའི་ཁོངས་སུ་དེང་གི་མཚོ་ལྷོ། མགོ་ལོག ཡུལ་ཤུལ། དཀར་མཛེས། བདེ་ཆེན། ཚ་འདམ་གཤོངས་ཀྱི་ནུབ་བྱང་སོགས་འདུ་བ་དང་། གཡོན་རུའི་ཁོངས་སུ་དེང་གི་མཚོ་བྱང་། ཀན་སུའི་ནུབ་ངོས། རྔ་བ། ཚ་འདམ་གཤོངས་ཀྱི་ཤར་ལྷོ་བཅས་འདུ་བར་བཤད།༽ཞེས་མཚོ་སྔོན་གྱི་གཡས་རུ་དང་གཡོན་རུ་གཉིས་ཁོངས་སུ་མདོ་སྨད་ལྷོ་བྱང་ཡོངས་རྫོགས་ཚུད་པའི་ཟོལ་གྱིས་བྲིས་འདུག་པ་རིག་པ་ཤིན་ཏུ་རྩིང་།དེ་ལས་ཀྱང་ཡ་མཚན་པོ་ནི་མདོ་སྨད་ལྷོ་མཐའ་ན་ཡོད་པ་རྔ་བ་དང་།བྱང་མཐའི་ཚ་འདམ་གཤོངས་ལྟ་བུ་མཉམ་དུ་བཞག་འདུག་པ་ནི་མངོན་སུམ་དང་འགལ།
    ལར་མཚོ་སྔོན་པོའི་གཡས་རུ་གཡོན་རུ་ནི་མཚོ་སྔོན་པོའི་མཐའ་འཁོར་གྱི་གཞུང་སོག་གི་རུ་སྡེ་ཚོ་བའི་སྒྲིག་འཛུགས་ཙམ་རེད།ཡིད་མི་ཆེས་ན།༧གོང་ས་ལྔ་པའི་རང་སྣམ་དང་༧བདུན་པའི་རྣམ་ཐར།ལྕང་སྐྱ་དང་ཐུའུ་བཀན་སོགས་ཀྱི་གསུང་དུའང་མང་པོ་ཡོད་རེད།ངས་བལྟས་ན་ངེད་གཉིས་ལས་དཔེ་ཆ་མང་ཙམ་ཀློག་དགོས་པ་དེ་ཁྱེད་རང་རེད།

    Reply
  3. བསྟན་ཟླ། says:
    ལོ་ 10 སྔོན།

    གནམ་ལོ་གནམ་ལ་འཕུར་གྱིན་ཡོད་དམ། མི་ལ་གཤེ་གཤེ་གཏོང་བ་ལས་རང་ལ་ཞུ་དག་གཏོང་རྒྱུ་གལ་ཆེ་སྙམ། སེམས་གཏམ་རང་ཡིན།

    Reply
  4. བརྩོན་རྒྱམ། says:
    ལོ་ 10 སྔོན།

    གནམ་ལོ་གནམ་རྒན་མ་དེ་འདྲའི་ལོ་རྒྱུ་ཞིག་ཡང་ཧོར་འཇིགས་གིས་ལོ་རྒྱུས་འབྲི་སྟངས་དང་གཅིག་པ་ཡིན་ནི་མིན་ནམ།  སྦྱིར་ལོ་རྒྱུས་བྲིས་ན་ཁུངས་བཙན་དགོས་པ་མ་ཟད་དྲང་བདེན་བརྩི་དགོས་པ་རེད་དེང་སང་ལོ་རྒྱུས་མང་པོ་ཞིག་ཁྱི་སྔར་འདོགས་མི་སྲིད་པས་ངེས་པ་མིན་འདུག་ཡ།

    Reply
  5. ལྡོང་སྲས། says:
    ལོ་ 10 སྔོན།

    ཨ་མདོའི་སྐད་བཤད་ནས་ཁམས་པའི་མིང་འཁུར་མཁན་ཅན། སྐད་ཆ་མ་བཤད་གོང་དུ་བསམ་བློ་ཡག་པོ་ཐོངས། མི་ཤེས་ན་གཞན་ལ་འདྲི། ལྷ་རབ་བྱུང་ན་དཔེ་ཆ་ཀློག དེ་མ་གཏོགས་རང་མཚང་རང་གིས་བརྟོལ་ཡོད། སྟབས་ཡག་ནས་ཁྱོས་མིང་སྦས་འདུག གང་ལྟར་ལོ་རྒྱུས་འདི་གལ་ཆེ་བས། གཤམ་དུ་མཛུབ་མོ་རི་བསྟན་གྱི་ལས་སུ་ཞུགས་ཀྱི་ཡིན།

    ལྕང་སྐྱ་རོལ་བའི་རྡོ་རྗེ་སྐུ་ཕྲེང་ན་རིམ།

    སྐུ་ཕྲེང་དང་པོ་གྲགས་པ་འོད་ཟེར། མདོ་སྨད་མཚོ་སྔོན་ཧོར་རིགས། ཕྱི་ལོ༡༦༠༧ལོ་ནས་༡༦༤༡ལོར།རྒྱལ་དབང་ལྔ་བ་ཆེན་མོས་ཁོང་གི་ཡོངས་འཛིན་དཔལ་འབྱོར་ལྷུན་གྲུབ་ཀྱི་ཡང་སྲིད་དུ་ངོས་འཛིན་དང་། མདོ་སྨད་དགོན་ལུང་དགོན་པར་བཞུགས།

    སྐུ་ཕྲེང་གཉིས་པ་ངག་དཔལ(?)བློ་བཟང་ཆོས་ལྡན། མདོ་སྨད་མཚོ་སྔོན་ཧོར་རིགས། ཕྱི་ལོ༡༦༤༢ལོ་ནས་༡༧༡༥ལོ་བར་བཞུགས། མན་གོང་མ་ཁང་ཞིས་ནས་རྒྱལ་དབང་ལྔ་བ་ཆེན་མོར་ཞུ་བསྐུལ་བཞིན་པེ་ཅིན་དུ་མངགས་ནས་མན་ཇུ་གོང་མའི་དབུ་བླར་གྱུར།འདི་ནས་བཟུང་སྟེ་པེ་ཅིང་དུ་སྡོད་པའི་བོད་ཀྱི་དབུ་བླའི་ལམ་སྲོལ་ཚུགས་པ་ཡིན།

    སྐུ་ཕྲེང་གསུམ་པ་ཡེ་ཤེས་བསྟན་པའི་སྒྲོན་མེ། མདོ་སྨད་མཚོ་སྔོན་ཧོར་རིགས། ཕྱི་ལོ༡༧༡༦ལོ་ནས༡༧༨༦ལོ་བར་བཞུགས། དགུང་ལོ་དྲུག་སྟེང་ནས་པེ་ཅིན་དུ་ཕེབས་ནས་དབུ་བླའི་མཛད་འགན་རྒྱུན་བསྐྱངས།

    སྐུ་ཕྲེང་བཞི་བ་ཡེ་ཤེས་བསྟན་པའི་རྒྱལ་མཚན། མདོ་སྨད་མཚོ་སྔོན་ཧོར་རིགས། ཕྱི་ལོ༡༧༨༧ལོ་ནས་༡༨༤༦ལོ་བར་བཞུགས།པེ་ཅིན་དུ་ཕེབས་ནས་དབུ་བླའི་མཛད་འགན་རྒྱུན་བསྐྱངས། དབུས་སུ་ཕེབས་ནས་མཆོད་འབུལ་རྒྱ་ཆེན་གནང་།

    སྐུ་ཕྲེང་ལྔ་བ་ཡེ་ཤེས་བསྟན་པའི་ཉི་མ། མདོ་སྨད་མཚོ་སྔོན་ཧོར་རིགས། ཕྱི་ལོ༡༨༤༩ལོ་ནས་༡༨༧༥ལོ་བར་བཞུགས། མདོ་སྨད་མཚོ་སྔོན་ཧོར་རིགས། དབུ་བླ་རྒྱུན་མཐུད་དང་སོག་ཡུལ་དུ་བསྟན་པ་རྒྱ་ཆེར་སྤེལ།

    སྐུ་ཕྲེང་དྲུག་པ་ཡེ་ཤེས་བསྟན་པའི་རྒྱལ་བསོད། (?) མདོ་སྨད་མཚོ་སྔོན་ཧོར་རིགས། ཕྱི་ལོ༡༨༧༨ལོ་ནས་༡༨༨༧ལོ་བར་བཞུགས། དབུ་བླ་རྒྱུན་མཐུད་གནང་།

    སྐུ་ཕྲེང་བདུན་པ་བློ་བཟང་དཔལ་ལྡན་བསྟན་པའི་སྒྲོན་མེ། མདོ་སྨད་མཚོ་སྔོན་ཧོར་རིགས། ཕྱི་ལོ༡༨༩༡ལོ་ནས༡༩༥༧ལོར་བར་བཞུགས། ཕྱི་ལོ༡༩༡༡ལོ་བར་མན་ཇུའི་དབུ་བླ་གནང་། མན་ཇུ་མགོ་རྟིང་སློག་རྗེས།རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྒྱལ་ཁབ་སློབ་དཔོན་གྱི་མཚན་གནས་བཞེས། ཐེ་ཝན་དུ་དགོངས་པ་རྫོགས།

    སྐུ་ཕྲེང་བརྒྱད་པའི་མཚན་མི་ཤེས། མདོ་སྨད་མཚོ་སྔོན་ཧོར་རིགས། འཁྲུངས་དུས་མི་ཤེས། དེང་སྐབས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སུ་སློབ་གཉེར་གནང་བཞིན་ཡོད།

    གོང་དུ་མཚན་གྱི་རྗེས་སུ་བཀོད་པའི་རྟགས?ནི་གཏན་འཁེལ་ཐུབ་མེད་པས་བསྐྱར་ཞིབ་བྱེད་དགོས་ཞེས་པའི་དོན་ཡིན།

    Reply
  6. ཁམས་པའི་བུ་རྒོད།། says:
    ལོ་ 10 སྔོན།

    གནམ་ལོ་ཡག་ལགས།ད་སྐུ་མཁྱེན།ཁྱེད་རང་གིས་རྒྱུས་མེད་ཀྱི་རྒྱུས་གཏམ་བཤད་པར་ངོ་མི་ཚའམ།༼མན་ཇུའི་གཞུང་གི་རེ་བསྐུལ་བཞིན་རྒྱལ་དབང་ལྔ་བ་ཆེན་མོས་ལྕང་སྐྱ་རོལ་བའི་རྡོ་རྗེ་པེ་ཅིང་ཏུ་མངགས་ནས་མན་ཇུ་གོང་མའི་དབུ་བླ་གྱུར་པ་དང་།༽ཞེས་དེ་འདྲ་ལོ་རྒྱུས་ཀྱི་རྒྱུན་ཤེས་ཆུང་ཚགས་ཀྱང་མེད་པར་ཅིག་ལབ་ཁུལ་བྱེད་པ་ཡ་ཆ།༧གོང་ས་ལྔ་བ་ཆེན་མོ་མཆོག་སྤྱི་ལོ་༡༦༡༧ལོར་སྐུ་འཁྲུངས་པ་དང་སྤྱི་ལོ་༡༦༨༢ལོར་དགོངས་པ་རྫོགས་རེད།ལྕང་སྐྱ་རོལ་པའི་རྡོ་རྗེ་དེ་སྤྱི་ལོ་༡༧༡༧ལོར་འཁྲུངས་པ་དང་ཕྱི་ལོ་༡༧༨༦ལོར་རི་བོ་རྩེ་ལྔར་དགོངས་པ་རྫོགས་རེད།མི་བདེན་ན་རྣམ་ཐར་ལོ་རྒྱུས་ཚད་ལྡན་ཚོར་ལྟོས་དང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese