མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྔ་པའི་ཞི་རྒོལ་ལ་དཔྱད་པ།

བོད་ཀྱི་དུས་བབ།
༢༠༡༥/༡༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

བསོད་ནམས་རྡོ་རྗེས་བརྩམས། བསོད་ནམས་རྡོ་རྗེས་བསྒྱུར།

 

14131806693_a2b01371db_o༄༅།། ཕྱི་ལོ་ ༢༠༠༩ ལོ་ནས་བཟུང་། བོད་ནང་བོད་མི་ཚོས་གཅིག་མཇུག་གཉིས་མཐུད་ཀྱིས་ཆེས་དྲག་པོའི་ཐབས་ལམ་ལ་བརྟེན་ནས། རང་གི་གཅེས་པའི་ལུས་སྲོག་འུར་འུར་དུ་འབར་བའི་མེ་ཕུང་དཀྱིལ་ནས་རྒྱ་ནག་གཞུང་གིས་བོད་ཐོག་ལག་བསྟར་བྱེད་པའི་དྲག་པོའི་སྲིད་བྱུས་ལ་ཆེས་མི་རངས་བའི་ངོ་རྒོལ་བྱས་ཡོད། འཛམ་གླིང་མི་མང་གིས་བློ་ལ་བརྟན་པོར་ངེས་དགོས་པ་ཞིག་ནི། རང་ལུས་མེར་སྲེག་གནང་མཁན་གང་ཟག་སུ་རུང་ཞིག་གིས་རྒྱ་ནག་གི་མིའམ་རྒྱ་མི་རིགས་སུ་གཅིག་ལའང་འཚེ་བ་སྤུ་ཙམ་ཡང་བྱས་མེད། ཕྱི་ལོ་ ༢༠༡༢ ལོ་ནི་རང་ལུས་མེར་སྲེག་གནང་མཁན་མི་གྲངས་མང་ཤོས་ཀྱི་ལོ་ཞིག་ཡིན། ལོ་འཁོར་གཅིག་པུ་དེའི་ནང་བོད་ས་ཡོངས་ནས་ཁྱོན་བོད་མི་གྲངས་ ༨༤ ཡིས་རང་གི་གཅེས་པའི་ཚེ་སྲོག་བློས་གཏོང་གནང་ཡོད། རྒྱུ་རྐྱེན་དེ་ལ་བརྟེན་ནས་རང་ལུས་མེར་སྲེག་གི་དོན་རྐྱེན་ཐད། རྒྱ་ནག་སྐམ་ས་གཙོས་པའི་འཛམ་གླིང་གང་སར་གནས་པའི་རྒྱ་མི་རིགས་ཀྱིས་བོད་མིར་དོ་སྣང་དང་སེམས་ཁུར་ཐོབ་ཡོད་པ་མ་ཟད། ཐ་ན་གདུང་སེམས་མཉམ་སྐྱེ་མང་ཤོས་ཐོབ་པའི་ལོ་ཞིག་ཡིན། ལོ་འཁོར་དེའི་ནང་རང་ངོས་ནས་མཐོང་བའི་རྒྱ་ཡིག་རྩོམ་ཡིག་གྲངས་ ༦༠ ལྷག་སྤེལ་ཡོད་ཅིང་། རང་ངོས་ནས་མ་མཐོང་བའི་རྩོམ་ཡིག་གཞན་ད་དུང་ལྷགས་ཡོད་སྲིད། ཆ་སྙོམས་ལ་ཟླ་རེར་རྩོམ་ཡིག་གྲངས་ ༥ རེ་སྤེལ་ཡོད། རྩོམ་ཡིག་དེ་དག་གི་རྩོམ་པ་པོ་ཚང་མ་རྒྱ་མི་རིགས་ཡིན་པ་མ་ཟད། བརྗོད་བྱ་བོད་མིའི་རང་ལུས་མེ་སྲེག་གི་ནང་དོན་ཁོ་ན་ཡིན། དེས་རྒྱུ་དག་ཡོད་པའི་རྒྱ་མི་རིགས་ཚོས་མུ་མཐུད་ཁ་མི་གྲགས་པར་མི་སྡོད་པ་དང་། མུ་མཐུད་སྦས་སྐུང་བྱས་ནས་མི་སྡོད་པར། རྒྱ་རིགས་ཆེན་པོའི་རིང་ལུགས་ཀྱི་བསམ་བློ་དོར་ནས། བདེན་དོན་ལ་ངར་སྒྲ་སྒྲོག་པ་དང་། དོན་རྐྱེན་ལ་རྩོད་སྒྲུབ་བྱས་ཏེ། སྙོམས་ཆུང་མི་རིགས་ལ་ལག་གདང་སྦྲེལ་ནས་རོགས་སྐྱོར་བྱེད་པ་མཚོན།

 

བློ་ཡིད་ཕམ་དགོས་པ་ལ་ཞིག་ལ། རྒྱ་ནག་གཞུང་གི་དཔོན་རིགས་ཚོ་ད་དུང་རྨོངས་གཉིད་ལས་མ་བསད་པར། དེ་ལས་ལྡོག་སྟེ་ནོར་འཁྲུལ་ཤོར་བའི་སྲིད་བྱུས་མུ་མཐུད་ལག་བསྟར་དང་། ལྷག་པར་དུ་ཉེ་ཆར་(༢༠༡༥།༤།༡༥)རྒྱ་ནག་གཞུང་གིས་བོད་ཐོག་སྤེལ་བའི་རྒྱབ་ཤ་དཀར་པོ་ཟེར་བ་དེབ་གྲངས་ཐེངས་བཅུ་གསུམ་པ་སྟེ་ “བོད་ལྗོངས་འཕེལ་རྒྱས་བགྲོད་ལམ་གྱི་ལོ་རྒྱུས་ཀྱི་གདམ་ག་” ཟེར་བའི་གཞུང་འབྲེལ་ཡིག་ཆ་དེ་ཚོའི་ནང་། དུས་ད་ལྟ་བར་བདེན་མིན་རྫུན་སྒྲིག་ཁོ་ན་བྱས་ཏེ་བོད་མིའི་རང་ལུས་མེར་སྲེག་གི་རྐྱེན་རྩའི་མདུང་རྩེ་ཕྱི་རོལ་དུ་ཡོད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་མགོ་ཞྭ་ནག་པོ་གཡོག་པ་དང་། ཤིན་ཏུ་ནས་དགོད་བྲོ་བ་ཞིག་ལ། རྐྱེན་རྩའི་མདུང་རྩེ་ཐད་ཀར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་དེད་དཔོན་ཆེན་པོ། བྱམས་དང་སྙིང་རྗེ་བརྒྱུད་སྤེལ་མཛད་མཁན་ཆོས་ཕྱོགས་ཀྱི་སློབ་དཔོན། གྷན་དྷིའི་འཚེ་མེད་ཞི་བ་རྒྱུད་འཛིན་གནང་མཁན། འཛམ་གླིང་མི་མང་གིས་ཆེས་དད་གུས་ཞུ་སའི་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྨྱོན་འཛུགས་དང་། ཁོང་ཉིད་གདོན་འདྲེའི་གཟུགས་སུ་སྒྲོ་སྐུར་བྱས་ཡོད། རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་རྫུན་གཏམ་ཁོ་ནས་རྒྱལ་སྤྱི་དང་རང་གི་སྤྱི་མང་མགོ་སྐོར་བཏང་སྟེ། ཏཱ་ལའི་རུ་ཚོགས་ཀྱིས་འཆར་གཞི་ལྡན་པའི་ཇུས་འགོད་བྱས་པ་དང་། རང་ལུས་མེར་སྲེག་གཏོང་མཁན་ཚོར་དངུལ་འབོར་མཁོ་སྤྲོད་བྱེད་པ་སོགས་ཁུངས་མེད་རྟོགས་བཟོ་བྱས་པ་ཚང་མ་དོན་དངོས་དང་རྒྱབ་འགལ་ཆགས་ཡོད།

 

དེར་བརྟེན། རང་ངོས་ནས་བོད་ནང་གི་ཤེས་ཡོན་ཅན་དང་། ས་གནས་བོད་མི་རང་གིས་བརྗོད་པའི་རྩོམ་ཡིག་གཞི་ལ་བཅོལ་ཏེ། བོད་མིའི་རང་ལུས་མེར་སྲེག་ངོ་རྒོལ་གྱི་རྐྱེན་རྩ་ལ་དཔྱད་ཞིབ་བྱ་རྒྱུ་ཡིན།

 

སྔོན་ལ་བོད་ནང་རང་ལུས་མེར་སྲེག་གནང་མཁན་གྱི་ས་ཁུལ་སྐོར་རོབ་ཙམ་ངོ་སྤྲོད་ཞུ་རྒྱུར། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་༢༧ ཉིན། ད་ལྟའི་རྒྱ་ནག་གཞུང་གི་ས་ཁུལ་དབྱེ་སྟངས་ལྟར་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་རང་སྐྱོང་ཁུལ་ཀིརྟི་དགོན་པའི་གྲྭ་བཀྲ་བྷེ་ཞུ་བས་ཐོག་མར་རང་ལུས་མེར་སྲེག་གནང་བ་ནས་བཟུང་། དུས་ད་ལྟ་(༢༠༡༥།༤།༡༧)བར། བོད་མི་གྲངས་ ༡༣༧ གྱིས་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་ཚུད་པའི་བོད་མི་ཚོས་རང་ལུས་མེར་སྲེག་གནང་ཡོད། བོད་ཀྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལགས་ཀྱི་གྲངས་འབོར་ལ་གཞི་བཅོལ་ཏེ་རྒྱ་ནག་གཞུང་གི་འཛིན་སྐྱོང་ས་ཁུལ་དབྱེ་སྟངས་ལྟར་ཕྱོགས་སྒྲིག་ཞུས་ཡོད།

 

༡༽       སི་ཁྲོན་ཞིང་ཆེན་ཁོངས་ཀྱི་བོད་མིའི་ས་ཁུལ་ནས་མི་གྲངས་ ༧༠ སྟེ། རྔ་པ་རྫོང་ནས་ ༤༠ ཛམ་ཐང་ནས་ ༦ འབར་ཁམས་ནས་ ༣ མཛོད་དགེ་ནས་ ༩ རྐ་ཁོག་ནས་ ༡ དཀར་མཛེས་རྫོང་ནས་ ༡ རྟའུ་ནས་ ༥ དར་རྩེ་མདོ་ནས་ ༢ གསེར་རྟ་ནས་ ༡ འབའ་ནས་ ༡ བྲག་མགོ་ནས་ ༡

 

༢༽       ཀན་སུ་ཞིང་ཆེན་ཁོངས་བོད་མིའི་ས་ཁུལ་ནས་མི་གྲངས་ ༣༠ སྟེ། རྨ་ཆུ་ནས་ ༡ བསང་ཆུ་ནས་ ༡༦ གཙོས་ནས་ ༧ ཀླུ་ཆུ་ནས་ ༦

 

༣༽       མཚོ་སྔོན་ཞིང་ཆེན་ཁོངས་ནས་མི་གྲངས་ ༢༩ སྟེ། དགའ་བདེ་ནས་ ༢ པདྨ་ནས་ ༢ སྒ་ཁྲི་འདུ་ནས་ ༢ སྐྱེ་རྒུ་མདོ་ནས་ ༡ ཆུ་དམར་ལེབ་ནས་ ༡ མཚོ་བྱང་ཐེམ་ཆེན་ནས་ ༡ རེབ་གོང་ནས་ ༡༡ གཅན་ཚ་ནས་ ༡ རྩེ་ཁོག་ནས་ ༦ ཡ་རྩེ་ནས་ ༡ དཔའ་ལུང་ནས་ ༡

 

༤༽      བོད་རང་སྐྱོང་ལྗོངས་ཁོངས་ནས་མི་གྲངས་ ༨ དེ། ཆབ་མདོ་རྫོང་ནས་ ༢ གཞིས་ཀ་རྩེ་གཉའ་ནང་ནས་ ༡ ལྷ་ས་འདམ་གཞུང་ནས་ ༡ ནག་ཆུ་འབྲི་རུ་ནས་ ༤ བཅས།

 

རྒྱ་ནག་གཞུང་གི་འཛིན་སྐྱོང་ས་ཁུལ་དབྱེ་སྟངས་བོད་རང་སྐྱོང་ས་ཁུལ་ཞེས་པ་གཞིར་བཞག་ལྟར། རྔ་པ་བོད་རིགས་རང་སྐྱོང་ཁུལ་ནི་རང་ལུས་མེར་སྲེག་གི་མི་འབོར་མང་ཤོས་དེ་ཆགས་ཡོད། ཁྱོན་མི་གྲངས་ ༥༩ ཡིས་རང་ལུས་བློས་གཏོང་གནང་ཡོད། (རྔ་པ་རྫོང་ནས་མི་གྲངས་ ༤༠ མཛོད་དགེ་ནས་ ༩ རྐ་ཁོག་ནས་ ༡ འཛམ་ཐང་ ༦ འབར་ཁམས་ནས་ ༣ ) རྒྱུ་རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་རྔ་པ་ཁུལ་གྱི་མི་མང་གིས་རང་ལུས་མེར་སྲེག་བཏང་བ་ཡིན་ནམ། དེ་ནི་རང་ངོས་ནས་དེ་རིང་རྩོམ་ཡིག་འབྲི་བའི་བརྗོད་དོན་གཙོ་བོ་དེ་ཡིན།

 

རྔ་པ་བོད་རིགས་རང་སྐྱོང་ས་ཁུལ་ནི་རྒྱ་ནག་སི་ཁྲོན་ཞིང་ཆེན་ཁོངས་སུ་བཅུག་ཡོད་པ་དང་། བོད་མིའི་སྲོལ་རྒྱུན་ལྟར་ན་མདོ་སྨད་ཨ་མདོའི་ཁོངས་སུ་ཡིན། ས་གནས་དེའི་ནང་ཆགས་པའི་ཀིརྟི་དགོན་པ་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། གྲྭ་བཙུན་ཁོངས་ནས་རང་ལུས་མེར་སྲེག་གནང་མཁན་མང་ཤོས་དེ་ཀིརྟི་དགོན་པ་དེ་ཡིན། ཀིརྟི་དགོན་པ་ནི་ཕྱི་ལོ་ ༡༩༥༨ ལོའི་སྔ་རྗེས་ཙམ་ལ་རྒྱ་ནག་གུང་བྲན་ཏང་གིས་གཏོར་བཤིག་བཏང་སྟེ་དགོན་པ་ཤུལ་མེད་རྩ་ཐོར་དུ་སོང་། ༡༩༨༠ ལོ་ལ་གཞི་ནས་ཉམས་གསོ་བྱུང་། ༢༠༠༨ ལོ་ནས་བཟུང་རྒྱ་ནག་གཞུང་གིས་ཀིརྟི་དགོན་པར་དྲག་པོའི་དམ་བསྒྲགས་བྱས་པ་དང་། དགོན་པའི་ནང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་སྤེལ་ནས། དགེ་འདུན་ཚོར་རང་གི་རྩ་བའི་བླ་མར་སྐྱོན་བརྗོད་བྱ་དགོས་པ་སོགས་བོད་མིའི་རྩ་བའི་ཡུལ་སྲོལ་གོམས་གཤིས་ལ་རྩིས་མེད་རྡོག་རོལ་དང་། དུས་མཚུངས་དབང་ཡོད་ཀྱིས་དྲག་པོའི་སྲིད་བྱུས་ལག་བསྟར་བྱས་པས། ས་གནས་བོད་མི་རྣམས་བཟོད་བསྲན་བྱ་ཐབས་བྲལ་བའི་གནས་སུ་གྱར་སྟབས། རྒྱ་ནག་གཞུང་གི་སྲིད་བྱུས་ལ་ཡིད་རངས་མེད་པའི་རྣམ་འགྱུར་སྟོན་ཆེད། ས་གནས་བོད་མིས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ། ཞི་བའི་ངོ་རྒོལ་དེར་རྒྱ་ནག་གཞུང་གིས་དྲག་གནོན་དང་། རྔ་པ་ཡོངས་ལ་དྲག་པོའི་བཀག་རྒྱ་བདམས་ཏེ། དགོན་པ་ཕྱི་རོལ་དང་འབྲེལ་བ་རྦད་དེ་བཅད་ནས། དགོན་པའི་ནང་ཟ་འབྲུ་ཆད་པ་དང་། ཆུ་དང་གློག་བཀག་པ་སོགས་བྱས་པའི་རྐྱེན་གྱིས་ “རྔ་པའི་ ༣།༡༦ དོན་རྐྱེན་” དང་། རང་ལུས་མེར་སྲེག་གི་དོན་རྐྱེན་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་ལོ་རྒྱུས་ཐོག་བྱུང་མྱོང་མེད་པའི་རྔ་པའི་དུས་ཟིང་དེ་དག་བྱུང་།

 

གཤམ་དུ་བོད་རྔ་པ་ཁུལ་ལ་རང་ལུས་མེར་སྲེག་དོན་རྐྱེན་གྱི་རྐྱེན་རྩ་གང་ནས་བྱུང་བ་དེ་གསལ་བཤད་བྱ་རྒྱུ་ཡིན་པས། རང་ངོས་བོད་ས་གནས་ས་ཐོག་ཏུ་བསྐྱོད་དེ་ཞིབ་འཇུག་བྱ་ཐབས་བྲལ་ཡང་། ས་གནས་བོད་མིས་སྤེལ་བའི་རྩོམ་ཡིག་ལ་གཞི་བཅོལ་ཏེ་རྔ་པའི་རང་ལུས་མེར་སྲེག་དོན་རྐྱེན་གྱི་འབྱུང་རྩ་ཐེར་འདོན་བྱ་རྒྱུ་ཡིན། ས་གནས་རྔ་པ་ཁུལ་གྱི་རྩོམ་པ་པོ་གསང་མིང་ལ་ཨ་ཁན་ཞེས་འབོད་པས་རྒྱ་ཡིག་ཐོག་སྤེལ་བའི་རྩོམ་ཡིག་གཅིག་དང་། གསང་མིང་ལ་ཨན་གཟབ་འབོད་པས་ཀིརྟི་དགོན་པའི་དགེ་འདུན་བཞི་ལ་བཅར་འདྲི་བྱས་པའི་རྩོམ་ཡིག་ཁག་གཉིས་ཀྱི་ནང་དོན་གཞིར་བཞག་སྟེ་བོད་མིས་རང་ལུས་མེར་སྲེག་གཏོང་དགོས་བྱུང་བའི་རྒྱུ་རྐྱེན་ངོ་སྤྲོད་ཞུ་རྒྱུ། (རྒྱ་ཡིག་ཐོག་བྲིས་པའི་གསང་མིང་ཚང་མ་སྒྲ་སྒྱུར་ཡིན།)

 

གཅིག

གསང་མིང་ལ་ཨ་ཁན་ཞེས་འབོད་པའི་རྩོམ་པ་པོ་ཞིག་གིས་མགོ་བརྗོད་དུ་ “བོད་ཀྱི་དོན་རྐྱེན། ཨ་མདོ་ཨ་རྔ་པ་རྫོང་གི་ ༣།༡༦ དོན་རྐྱེན་གྱི་འབྱུང་རྐྱེན་” ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད། ཕྱི་ལོ་ ༢༠༠༨ ལོར་ལྷ་སའི་ “༣།༡༤ དོན་རྐྱེན་” ཟེར་བའི་ཞི་རྒོལ་འདི་བོད་ས་ཁྱོན་ཡོངས་ལ་ཁྱབ་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དེ་ནི་ཏཱ་ལའི་རུ་ཚོགས་ཀྱིས་ཞིབ་ཚགས་ཀྱི་སྒོ་ནས་ལྐོག་གཡོའི་ངན་བྱུས་བཤམས་པ་ཞིག་ཡིན་པར་སྐྱོན་བརྗོད་བྱེད་ཀྱི་ཡོད་ཀྱང་། འདིར་ས་གནས་བོད་མི་ཞིག་གིས་རྔ་པའི་ངོ་རྒོལ་དོན་རྐྱེན་གྱི་འབྱུང་རྐྱེན་སྐོར་ལ་བྲིས་པའི་རྩོམ་ཡིག་དེའི་ནང་དོན་ཐོག་ནས་དཔྱད་ཞིབ་ཞུ་རྒྱུ་ཡིན།

 

རྩོམ་པ་པོས་རྩོམ་ཡིག་ནང་ངོ་སྤྲོད་གནང་དོན། “རྔ་པ་རྫོང་དུ་འཚོ་བ་སྐྱེལ་བཞིན་པའི་བོད་མི་དང་རྒྱ་རིགས་གཉིས་རྒྱུན་དུ་ཕན་ཚུན་མཐུན་པོའི་ངང་མཉམ་གནས་ཡོད་པ་ལས། དབུས་གཙང་ཁུལ་གྱི་བོད་རྒྱ་མི་རིགས་གཉིས་དབར་ཡོད་པའི་འགལ་ཟླ་ལྟ་བུ་མེད། ་་་་་་རྫོང་འདིའི་དུས་ཡུན་རིང་པོའི་འགལ་ཟླ་གཙོ་བོ་ནི་མི་རིགས་བར་གྱི་འགལ་ཟླ་མིན་ཞིང་། མི་རིགས་སོ་སོའི་སྤྱི་དམངས་དང་། གཞུང་གི་དཔོན་རིགས་དང་ཉེན་རྟོག་མི་སྣའི་བར་གྱི་འགལ་ཟླ་ཡིན། དེ་ནི་རྒྱ་ནག་གི་རྫོང་ཁག་ཆུང་ཆུང་གཞན་ཁག་ནང་རྒྱུན་དུ་ལྷགས་པའི་གནད་དོན་དང་གཅིག་མཚུངས་རེད།” ཅེས་དང་། རྩོམ་པ་པོས་མུ་མཐུད་ངོ་སྤྲོད་གནང་དོན། “ཕྱི་ཟླ་ ༣ ཚེས་ ༡༡ ཉིན་མོར། རྫོང་ཨུ་ཡོན་ལྷན་ཁང་དང་རྫོང་སྲིད་གཞུང་གི་དཔོན་རིགས་ཚོས་ས་གནས་དགོན་པ་ཁག་ལ་བརྡ་ཁྱབ་ཅིག་སྤེལ་བ་སྟེ། དགོན་པ་ཚང་མའི་ལྷ་ཁང་གི་ཡང་སྟེང་དུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་དགོས་པ་དང་། དུས་མཉམ་དགོན་པ་ཚང་མར་རྒྱལ་དར་བཀྲམས། རྫོང་འདིའི་དགོན་པ་གཅིག་གི་དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་ཞིག་གིས་ཐད་ཀར་ཁས་ལེན་མ་བྱས་པ་དང་བསྒྲགས་བཤད་དོན། ཡང་ན། དོ་བདག་ད་ལྟ་རང་རྩ་དགོངས་གཏོང་རོགས་དང་། དེ་མིན་ན་རྫོང་གི་དཔོན་རིགས་ཚོས་རྒྱལ་དར་ད་ལྟ་རང་ཕྱིར་འཁྱེར་རོགས། གང་ལྟར་ཁོང་གིས་རྒྱལ་དར་རྩ་བ་ཉིད་ནས་བསྒྲེངས་འཛུགས་བྱ་རྒྱུ་མིན་པ་བརྗོད། ཟླ་བ་གཅིག་ཙམ་གོང་རྫོང་གི་ལས་དོན་མི་སྣ་དགོན་པའི་ནང་གནས་སྡོད་བྱ་རྒྱུ་བརྗོད་ཡོད་ཀྱང་། དགོན་པ་བདག་གཉེར་འགན་ཁུར་བས་མཐའ་གཅིག་ཏུ་ངོས་ལེན་གནང་མེད་ཅིང་། ཐེངས་འདིར་ལྟ་བ་མཁྲེགས་པོའི་ངང་ནས་ངོས་ལེན་མ་བྱས། ཕྱི་དྲོར་རྒྱལ་དར་རྫོང་སྲིད་གཞུང་ལ་སྐྱེལ་བར་ཕྱིན། ཡིན་ཡང་གཞུང་གི་དཔོན་རིགས་ཀྱིས་གསལ་བསྒྲགས་ནན་པོ་སྤེལ་དོན། ཕྱི་ཟླ་ ༣ ཚེས་ ༡༣ གོང་རྒྱལ་དར་ངེས་པར་དུ་བསྒྲེངས་འཛུགས་དགོས་པ་དང་། དེ་མ་ཐུབ་ན་མཇུག་འབྲས་ངན་པ་ཡོང་རྒྱུར་བཤད། དགོན་པ་བདག་གཉེར་འགན་ཁུར་བས་བཤད་དོན། མཇུག་འབྲས་གང་ཡིན་དོ་བདག་མི་གཅིག་གིས་འགན་ཁུར་བླངས་རྒྱུ་ཞེས་བརྗོད་ཡོད་པ་རེད།” རྩོམ་པ་པོས་མུ་མཐུད་ངོ་སྤྲོད་བྱེད་དོན། “དེ་ནས་ཉིན་གྲངས་གཉིས་ཀྱི་དུས་ཡུན་ནང་། དགོན་པ་ཁག་ཚང་མས་ཕན་ཚུན་བལྟ་རེས་བྱེད་ཅིང་། དགོན་པ་གང་ཞིག་གིས་ཀྱང་རྒྱལ་དར་བསྒྲེངས་འཛུགས་བྱས་མེད། ཚེས་ ༡༣ སླེབས་པའི་ཉིན་མོར་དགོན་པ་གཅིག་ནས་ཀྱང་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱ་མཁན་མེད་ལ། སྔོན་དུ་སྲིད་གཞུང་གིས་བརྗོད་པ་ལྟར་མཇུག་འབྲས་ངན་པ་གང་ཡང་མཐོང་རྒྱུ་མེད། དེ་ནི་སྲིད་གཞུང་གིས་དགོན་པ་མང་པོ་ཞིག་དང་ཕན་ཚུན་གདོང་གཏུག་གི་འཁྲུག་ཟིང་མི་ཡོང་ཆེད་ཡིན་སྲིད། འོན་ཀྱང་། དུས་ཡུན་དེའི་རིང་རྫོང་ནང་དམག་སྡོད་མི་གྲངས་མང་དུ་ཕྱིན་པ་དང་། རྫོང་གི་སྲང་ལམ་ཐོག་སྲུང་དམག་བཀོད་སྒྲིག་བྱས་ཡོད།”

 

རྩོམ་པ་པོས་བཤད་དོན་ལ། “ཕྱི་ཟླ་ ༣ ཚེས་ ༡༤ ཉིན་ལྷ་སར་དྲག་པོའི་འཐབ་རྩོད་ལངས་པ་དང་། གནས་ཚུལ་དེ་མ་ཐག་ཏུ་བོད་ཀྱི་ས་ཁུལ་ཡོངས་ལ་ཁྱབ། རྔ་པ་རྫོང་ས་ཁུལ་གཞན་དང་བསྡུར་ན་ཅུང་ཞི་འཇགས་རེད། དེ་ནི་ཧ་ལས་དགོས་དོན་མེད། ལོ་བཅུ་གྲངས་རིང་རྔ་པའི་མི་མང་གིས་ཆབ་སྲིད་ཐོག་དེ་ཙམ་ཐེ་བྱུས་བྱེད་ཀྱི་མེད། ཕྱི་ཟླ་ ༣ ཚེས་ ༡༥ ཉིན་མོར། ཕལ་ཆེར་གོང་རིམ་ནས་ལམ་སྟོན་ནན་པོ་ཕབ་པ་ཡིན་སྲིད། དེར་བརྟེན་རྔ་པ་རྫོང་སྲིད་གཞུང་གིས་སླར་ཡང་དགོན་པའི་ཡང་སྟེང་དུ་རྒྱལ་དར་བསྒྲེངས་འཛུགས་དགོས་པའི་བཀའ་རྒྱ་བཏང་། ཚེས་ ༡༥ ཞོགས་པར་རྫོང་སྲིད་གཞུང་དང་འཐབ་ཕྱོགས་གཅིག་གྱུར་ཁང་གི་དཔོན་རིགས་རྫོང་གྲོང་ཁྱེར་ལྟེ་བའི་ས་ཆ་ནས་འགྱངས་ཐག་སྤྱི་ལེ་བཅུ་ཙམ་ཕྱོགས་སུ་ཡོད་པའི་སྒོ་མང་དགོན་པར་འབྱོར་ནས། དགོན་པ་བདག་གཉེར་ཨུ་ཡོན་ལྷན་ཁང་གི་འགན་འཛིན་ལ་བཙན་བཀའ་བཏང་སྟེ་རྒྱལ་དར་བསྒྲེངས་འཛུགས་བྱེད་བཅུག དགོན་པའི་དགེ་འདུན་ཚོས་རྒྱལ་དར་འཛུགས་རྒྱུའི་གནས་ཚུལ་དེ་ཡལ་བ་རེད་བསམ་ཡང་། བསམ་ཡུལ་ལས་འདས་པར་ད་ཐེངས་རྒྱལ་དར་བསྒྲེངས་འཛུགས་ཀྱི་བཙན་བཀའ་བཏང་ནས་དགོན་པའི་ཡང་སྟེང་དུ་བསྒྲེངས་འཛུགས་བྱས་པ་དེ་ནི་ཆོས་ལུགས་ཀྱི་དམའ་མཐའི་ཚད་གཞི་ལ་ཕོག་ཐུག་བཏང་བས། ཁོང་ཁྲོ་རབ་ཏུ་འབར་བའི་དགེ་འདུན་པ་འགའ་ཞིག་གིས་བཙུགས་མ་ཐག་གི་རྒྱལ་དར་དེ་མར་ཕབ་པས། སྐབས་དེར་སྲིད་གཞུང་དང་འཐབ་ཕྱོགས་གཅིག་གྱུར་གྱི་དཔོན་རིགས་དང་དགེ་འདུན་དབར་འགལ་ཟླ་བྱུང་། ཁོང་ཁྲོ་ལངས་བའི་དགེ་འདུན་པ་ཚོས་དཔོན་རིགས་ཚོའི་སྣུམ་འཁོར་གཏོར་བཅག་དང་། དེ་རྗེས་དགེ་འདུན་མང་པོ་ཞིག་གིས་༸གོང་ས་མཆོག་གི་སྐུ་པར་མཐོན་པོར་བསྒྲེངས་ཏེ་རྫོང་གྲོང་ཁྱེར་ནང་བསྐྱོད་ནས་རྔམ་སྟོན་ཁྲོམ་སྐོར་གྱི་ངོ་རྒོལ་བྱས། དུས་མཚུངས་དགོན་པའི་ཕྱི་ལ་ཡོད་པའི་སྒོ་མང་གྲོང་ཁུལ་གྱི་ཡུལ་མི་མང་པོས་ཀྱང་རྔམ་སྟོན་ཁྲོམ་སྐོར་ནང་མཉམ་ཞུགས་བྱས། ཐེངས་འདིའི་ཁྲོམ་སྐོར་ནི་ཞི་བའི་ངོ་རྒོལ་ཡིན་པ་དང་། སེར་སྐྱ་མི་མང་གིས་རྫོང་ནང་སྐོར་བ་ཐེངས་གཅིག་བརྒྱབ་རྗེས་དགོན་པར་ཕྱིར་ལོག་བྱས་པས། དམག་མི་དང་ཉེན་རྟོག་མི་སྣ་དབར་ཕན་ཚུན་འཁྲུག་རྩོད་གང་ཡང་བྱུང་མེད།”

 

རྩོམ་པ་པོས་རྔ་པའི་ ༣།༡༦ དོན་རྐྱེན་སྐོར་ངོ་སྤྲོད་གནང་དོན། “ཕྱི་ཟླ་ ༣ ཚེས་ ༡༦ ཉིན་མོ་དེར། རྫོང་གྲོང་ཁྱེར་གྱི་དབུས་སུ་ཆགས་པའི་ཀིརྟི་དགོན་པའི་ནང་ཆོས་ཕྱོགས་ཀྱི་ལས་འགུལ་སྤེལ་བའི་སྐབས། ཀིརྟི་དགོན་པའི་ཉེ་འགྲམ་དུ་རྟེན་གཞི་བྱས་པའི་དམག་སྒར་ནང་སྐད་ཤུགས་ཆེས་དྲག་པོ་བསྒྲགས་ཏེ་དམག་སྦྱོང་བྱས་པ་དེས། ཟང་ཟིང་བྲལ་བའི་དབེན་གནས་ཆོས་ཕྱོགས་ཀྱི་བྱེད་སྒོར་ཚབས་ཆེའི་སུན་གཙེར་བཟོས་པའི་ཐོག ཉིན་ཤས་ནང་ཁོང་ཁྲོའི་མེ་ལྕེ་རབ་ཏུ་འབར་བ་སེམས་ནང་མནན་པའི་སེར་སྐྱ་མི་མང་རྣམས་མུ་མཐུད་བཟོད་བསྲན་བྱ་ཐབས་བྲལ་བར་གྱུར། ་་་་་་རྫོང་སྲིད་གཞུང་དང་འཁྲུག་ཟིང་བྱུང་བའི་སྐབས། ཉེན་རྟོག་དམག་གིས་བོད་མི་ཚོར་མེ་མདའ་བརྒྱབ་ཅིང་། དགེ་འདུན་པ་འགའ་ཤས་ཀྱིས་ལག་ཏུ་༸གོང་ས་མཆོག་གི་སྐུ་པར་ཐོགས་ཏེ་རྫོང་སྲིད་གཞུང་གཞུང་ལས་ཁང་ཕྱོགས་སུ་ངོ་རྒོལ་བྱེད་པར་བསྐྱོད་པས། ཉེན་རྟོག་དམག་གིས་༸གོང་ས་མཆོག་གི་སྐུ་པར་འཁྱེར་མཁན་གྱི་དགེ་འདུན་ལ་མེ་མདའ་བརྒྱབ། མེ་མདའི་མདེའུ་ཕོག་པའི་དགེ་འདུན་དེ་ས་ལ་མ་འགྱེལ་བར་མུ་མཐུད་སྐུ་པར་མཐོན་པོར་བསྒྲེངས་ཏེ་མདུན་བསྐྱོད་བྱས་པས། ཉེན་རྟོག་དམག་གིས་མུ་མཐུད་མེ་མདའ་འཕངས་པས་མཐའ་མ་དགེ་འདུན་པ་དེ་ས་ལ་འགྱེལ། ཁོང་ཉིད་སྲོག་གི་དབུགས་མ་ཆད་བར་ལག་ཏུ་བཟུང་བའི་༸གོང་ས་མཆོག་གི་སྐུ་པར་མཐོན་པོར་བསྒྲེངས།” གོང་གསལ་རྩོམ་ཡིག་ནང་དོན་གནད་བསྡུས་ཞུས་པ་དེ་དག་ཐོག་ནས་གསལ་པོ་ར་སྤྲོད་བྱེད་ཐུབ་པ་ཞིག་ནི། རྔ་པའི་མི་མང་རྣམས་བཟོད་ཐབས་བྲལ་བའི་གནས་སྟངས་འོག དུས་དེ་ནས་བཟུང་རྒྱ་ནག་གཞུང་ལ་ཆེས་མི་འདོད་པའི་རྣམ་པ་སྟོན་ཆེད་ངོ་རྒོལ་གྱི་ལས་འགུལ་འགོ་བརྩམས་ཡོད་པ་རེད།

 

གཉིས།

གཞན་ཡང་། གསང་མིང་ལ་ཨན་གཟབ་ཅེས་འབོད་པའི་བོད་མི་རྩོམ་པ་པོ་ཞིག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༡ ནས་ཚེས་༡༥ བར། རྔ་པ་དགོན་ཀྱི་དགེ་འདུན་བཞི་ལ་བཅར་འདྲི་ཞུས་པའི་ནང་དོན་སྙིང་བསྡུས་རེ་ཟུར་འདོན་ཞུ་རྒྱུར། བཅར་འདྲི་ཞུ་ཡུལ་གྱི་གང་ཟག་རྣམས་རྔ་པ་ས་ཁུལ་དུ་ཡོད་པས། རྩོམ་པ་པོས་གསང་མིང་བཀོལ་སྤྱོད་གནང་འདུག

 

༡༽       གསང་མིང་ལ་ངག་གཟབ་ཁ་བ་འབོད་པའི་དགེ་འདུན་གྱིས་ལན་འདེབས་གནང་དོན། “ང་ཚོ་དྲག་པོའི་བརྙས་བཅོས་འོག་འཚོ་བ་སྐྱེལ་བཞིན་ཡོད། དྲང་པོ་ཞུས་ན་བཟོད་སྒོམ་བྱ་ཐབས་བྲལ་བའི་གནས་ལ་གྱར། འོན་ཀྱང་དེ་རིང་ཁྱེད་ཉིད་ལ་སེམས་ནང་གི་སྐད་ཆ་བཤད་རྒྱུ་བྱུང་བར་སེམས་ལྷོད་པོ་བྱུང་།”

 

༢༽       གསང་མིང་ངག་གཟབ་དགའ་བ་ཞུ་བས་བཤད་དོན། “བདེན་པ་རེད། དེང་སང་ང་ཚོ་ཀིརྟི་དགོན་པའི་དཔའ་བོ་མང་པོ་ཞིག་གིས་བོད་ཀྱི་ཆོས་སྲིད་བྱ་གཞག་ཆེད་དུ་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་ཡོད། ང་ཚོས་འཇིག་རྟེན་འདིའི་ཐོག་སེམས་ཀྱི་དཀའ་སྡུག་དང་གོད་ཆགས་མྱོང་བཞིན་ཡོད་པ་དེ་དག་རེ་བར་འཛམ་གླིང་མི་མང་ལ་ཤོད་རོགས་གནང་། ང་ཚོ་ཀིརྟི་དགོན་པའི་མ་དགོན་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་དགུན་ཆོས་ཀྱི་ཆོས་གྲྭར་སླེབས་ཡོད་རུང་། ཡིན་ནའི་ང་ཚོ་དགེ་འདུན་པ་མི་རེ་ངོ་རེའི་རྒྱབ་ལ་རྒྱ་མིའི་ལས་བྱེད་དང་དམག་མིས་གསོ་མྱུལ་བྱེད་བཞིན་ཡོད། ང་ཚོའི་ཁ་པར་ཚང་མ་རྒྱ་ནག་གཞུང་གིས་ལྐོག་ཉན་བྱེད་ཀྱི་ཡོད།”

 

༣༽       དེ་བཞིན་གསང་མིང་ངག་གཟབ་ངག་དབང་འབོད་པས་བཤད་དོན། “ཐོག་མའི་འཆར་གཞི་ནི་ང་ཚོ་ཀིརྟི་དགོན་པའི་དགེ་འདུན་པ་ཆིག་སྟོང་ཙམ་དགུན་ཆོས་ལ་མཉམ་ཞུགས་བྱ་རྩིས་ཡོད་རུང་། ཡིན་ནའི་དགེ་འདུན་པ་མང་པོ་ཞིག་གི་བསམ་བློའི་ནང་རྒྱ་ནག་གཞུང་གིས་ང་ཚོར་བལྟ་ཞིབ་དང་། གནས་བཟོད་མི་བདེ་བ་བཟོ་བ། དྲག་གནོན་ཁོ་ན་བྱེད་པའི་འོག་ལ། དགུན་ཆོས་སུ་བསྐྱོད་པ་ལས་མ་བསྐྱོད་པ་དགའ་བར་སྙམ་ནས་མང་པོ་ཞིག་སླེབས་མེད། ད་ཆ་ང་ཚོ་ཀིརྟི་དགོན་པའི་དགེ་འདུན་དང་། དགོན་པའི་གཡས་གཡོན་ལ་ཤིན་ཏུ་ཛ་དྲག་གི་གནས་སྟངས་ཆགས་ཡོད། རང་ལུས་མེར་སྲེག་གནང་མཁན་གྱི་གྲྭ་ཤག་ནང་རྒྱུན་དུ་ལས་བྱེད་པ་བསྡད་ཡོད་པ་དང་། འཇབ་རྒོལ་བཀག་འགོག་ཆེད་སྒོ་དང་སྒེའུ་ཁུང་ཚང་མར་ལྕགས་དྲ་བཙུགས་ཡོད། ང་ཚོ་དང་རྒྱ་ནག་གཞུང་གི་དཔོན་རིགས་དབར་གྱི་འགལ་ཟླ་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བ་དང་། བཟང་ཕྱོགས་ཀྱི་འབྲེལ་བ་དང་ཕན་ཚུན་ཡིད་ཆེས་སླེབས་ཐབས་ནི་རྩ་བ་ནས་རེ་བ་མེད་པར་གྱུར།”

 

༤༽      གསང་མིང་ངག་གཟབ་སྒ་བ་འབོད་པས་ལན་འདེབས་གནང་དོན། “བློ་བཟང་ཕུན་ཚོགས་འཚོ་ཞུགས་རིང་རྟག་ཏུ་བོད་མི་རིགས་ཀྱི་གནས་སྟངས་སྐོར་གླེང་བ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་མོར། རྒྱ་ནག་གཞུང་གིས་རྔ་པའི་མི་མང་དམར་གསོད་བཏང་བའི་ཁྲག་དྲི་བྲོ་བའི་དོན་རྐྱེན་སྐོར་རྒྱུན་དུ་གླེང་བ་དང་། ཁོང་པས་རྒྱུན་དུ་སྡུག་བསྔལ་ཆེན་པོའི་ངང་ནས་བརྗོད་དོན། ༢༠༠༨ ལོ་ནས་བཟུང་། རྔ་པའི་མི་མང་ལ་གཞན་ལ་མེད་པའི་སྡུག་བསྔལ་གསར་པ་ཞིག་ཡོད་པ་ནི། དམར་གསོད་ཆེན་མོ་དེ་ནི་བཟོད་ཐབས་བྲལ་བ་ཞིག་རེད།”

 

རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ཁྱབ་བསྒྲགས་བྱེད་དོན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བོད་ལ་བསྐྱོད་ནས། ཞིང་བྲན་ཁྲི་ཚོ་བརྒྱ་བཅིངས་བཀྲོལ་བཏང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གསར་པའི་འོག་བོད་མི་དམངས་ཀྱི་འཚོ་བ་གནམ་ས་བླ་འོག་གི་འགྱུར་ལྡོག་ཕྱིན་ཡོད་པ་དང་། བདེ་སྐྱིད་ཕུན་སུམ་ཚོགས་པའི་མི་ཚེ་སྐྱེལ་བཞིན་ཡོད་པ་རེད་སོགས་བརྗོད་ཀྱི་ཡོད། འོན་ཀྱང་། དོན་དངོས་སུ་དེ་ལས་ལྡོག་སྟེ། བོད་ནང་གི་བོད་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་མི་འདོད་པའི་རྣམ་པ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་བསམ་བློ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་པ་མི་འདྲ་བ་མང་པོའི་ཁྲོད་ནས་རང་ལུས་མེར་སྲེག་གི་ངོ་རྒོལ་ནི་ཆེས་དྲག་པོ་དང་། ཆེས་ཡ་ང་ཡིད་སྐྱོ་ཡིན་པ་མ་ཟད། དེ་བས་འ་ཆད་འུ་ཐུག་ཅིག་ཀྱང་ཡིན། གོང་གསལ་བོད་ནང་ནས་སྤེལ་བའི་རྩོམ་ཡིག་གི་ནང་དོན་ལས་གསལ་པོ་ར་སྤྲོད་བྱེད་ཐུབ་པ་ཞིག་ནི། བོད་ནང་གཏན་ལྷིང་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་བྱུས་དེ་དག་དོན་དངོས་དང་མི་མཐུན་པའི་ནོར་འཁྲུལ་གྱི་ལམ་ཕྱོགས་ཤིག་རེད།

 

ངོས་རང་གསང་མིང་ངག་གཟབ་ངག་དབང་འབོད་པས་བཤད་པའི་སྐད་ཆའི་ནང་དོན་ལ་མཐའ་གཅིག་ཏུ་ངོས་ལེན་དང་སྦྲགས། ངོས་རང་གི་རྩོམ་ཡིག་འདི་མཇུག་མ་སྒྲིལ་གོང་། ཁོང་གི་སེམས་ནང་གི་སྐད་ཆའི་ནང་དོན་དེ་དག་གིས་རྒྱ་ནག་གཞུང་ལ་དྲན་སྐུལ་དང་འབྲེལ་བོད་མིའི་སེམས་གཏིང་གི་སྐད་ཆ་ཉན་རོགས་ཞུ་རྒྱུ་ཡིན།

 

“ཁོང་ཚོའི་(རྒྱ་ནག་གཞུང་)བསམ་པར་ང་ཚོ་མཚོན་ཆས་དྲག་གནོན་བྱེད་པར་སྐྲག་གི་ཡོད་རེད་སྙམ་སྲིད། ཁོང་ཚོ་དངོས་གནས་ནོར་འཁྲུལ་རེད། རྒྱ་ནག་གཞུང་གིས་ ༢༠༠༨ ལོ་ནས་བཟུང་ད་བར་ང་ཚོར་ཆེས་དྲག་པོའི་དབང་བསྒྱུར་དང་། གཞི་རྒྱ་ཆེ་ཆུང་མི་འདྲ་བའི་ཞི་བའི་ཞུ་འབོད་ཅི་འདྲ་ཞིག་ཡིན་རུང་། ཡོངས་རྫོགས་མཚོན་ཆས་དྲག་གནོན་བྱས་ཡོད། ཡིན་ན་ཡང་། ང་ཚོ་ནི་རྒྱ་ནག་གཞུང་གི་དེ་འདྲའི་དྲག་སྤྱོད་དེར་སྐྲག་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ང་ཚོའི་སྙིང་སྟོབས་དང་། ཡིད་ཆེས། དེ་བཞིན་རྒྱ་ནག་གཞུང་ལ་འཁོན་འཛིན་སྔར་ལས་ཤུགས་ཆེ་རུ་འགྲོ་རྒྱུ་རེད། བོད་མི་སུ་འདྲ་ཞིག་འཇིགས་སྣང་ལ་བརྟེན་ནས་ངོ་རྒོལ་མཚམས་འཇོག་གམ་འདོར་རྒྱུའི་བསམ་བློ་ནམ་ཡང་ཡོད་མི་སྲིད་པ་རེད། རྒྱ་ནག་གཞུང་གི་ནོར་འཁྲུལ་ཆེ་ཤོས་ནི། དོན་ངོ་མར་རྒྱུས་ལོན་མི་བྱེད་པ་དང་། དེ་བས་བོད་ལ་འཛིན་པའི་དྲག་པོའི་སྲིད་བྱུས་འགྱུར་བ་མི་གཏོང་བ་དེ་རེད། ང་ཚོར་ཡག་པོ་བྱས་ན། ང་ཚོ་ཡང་མི་རེད། ང་ཚོས་བསམ་གཞིགས་བྱེད་ཐུབ། ཡིན་ཡང། ང་ཚོར་དྲག་གནོན་ལག་བསྟར་བྱས་པས། ང་ཚོས་ངོ་རྒོལ་བྱེད་རྒྱུ་ཡིན་ཡིན་པ་རེད། གལ་སྲིད་གཞུང་གིས་ང་ཚོར་བསམ་ཤེས་ཐུབ་པའི་སྲིད་བྱུས་ཤིག་མེད་པ་དང་། དམག་དཔུང་ཀིརྟི་དགོན་པ་ནས་ཕྱིར་འཐེན་མ་བྱས་ཚེ། ངོ་རྒོལ་གྱི་ལས་འགུལ་ནམ་ཡང་མཚམས་འཇོག་བྱ་རྒྱུ་མིན་པ་དང་། ང་ཚོ་ཀིརྟི་དགོན་པའི་ན་གཞོན་དགེ་འདུན་ཚོ། རྒྱ་ནག་གཞུང་ལ་འཛིན་པའི་དགྲ་ཁ་གཏད་ཀྱི་བསམ་བློ་ད་དུང་ཡང་འདོར་མེད། གྲྭ་ཕྲུག་ཆུང་ཆུང་ཚོས་རྒྱུན་དུ་རྩེད་མོ་རྩེད་པའི་སྐབས་སུ་ཡང་། རང་ལུས་མེར་སྲེག་གི་བྱ་སྤྱོད་ཐོག་ནས་ངོ་རྒོལ་གྱི་རྣམ་པ་སྟོན་གྱི་ཡོད།”

 

ཟུར་མཆན།

(བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་རྒྱ་ཡིག་སྡེ་ཚན་གྱི་འགན་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ ༢༠༡༥ ཟླ་ ༤ ཚེས་ ༢༧ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ “མི་རིགས་གཞོན་སྐྱེས་མགོ་ཁྲིད་སྦྱོང་བརྡར་ཚོགས་འདུ་”ཞེས་པའི་ཚོགས་ཆེན་ཐོག་རྒྱ་ཡིག་ཐོག་སྤེལ་བའི་རྩོམ་ཡིག་ཉེ་ལམ་ཁོང་གིས་བོད་བསྒྱུར་ཞུས།)

འབྲེལ་ཡོད་གསར་འགྱུར།

Mobile App

དགེ་ལུགས་སྤྱི་འཐུས་རྣམ་གཉིས་ཀྱིས་འགྱོད་བཤགས་དང་ཁས་ལེན་དམ་བཅའ་གནང་འདུག 

ཆུ་ཚོད་ ༦ སྔོན་ལ།
Mobile App

མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

སྐབས་བཅོ་བརྒྱད་པའི་མདོ་སྟོད་སྤྱི་འཐུས་འོས་མི་བེ་རུ་བཀྲ་ཤིས་དོན་འགྲུབ།

ཆུ་ཚོད་ ༩ སྔོན་ལ།
University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo
Mobile App

འདས་ལོར་བོད་པའི་སློབ་མ་ཁྲི་གཅིག་ལྷག་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་བཏང་འདུག

༢༠༢༦/༠༡/༡༩
སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦

མཆན། 1

  1. ཨ་མདོའི་ཕོ་རྒོད། says:
    ལོ་ 10 སྔོན།

    ད་ལས་འགུལ་འདི་ཡང་སྐྱར་མ་གླེང་ན་དགའ། ལས་འགུལ་འདིས་བོད་མི་དམངས་ལ་ཁྱེར་ཡོང་བ་ནི་འཇགས་སྐྲག་དང་སྡུག་བསྔལ། ཞེ་འཁོན་དང་ཁོང་ཁྲོ་མ་གཏོགས་ཅི་ཡང་མེད། མི་མང་པོ་ཞིག་”མེར་སྲེག་སྟོང་ཁར་ལོངས་ན་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རིས་རོགས་སྐྱོར་ག་གེ་མོ་བྱེད་རྒྱུ་རེད”་ཟེར་བའི་དཀྲོགས་གཏམ་ལ་མགོ་འཁོར་ནས་དལ་འབྱོར་མི་ལུས་ཆུད་ཟོས་སུ་བཏང་བ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese