མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་གསར་བརྗེ། ༼ ༡ ༽

ཆུང་ཚེ་རིང་།
༢༠༡༥/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ལེའུ་དང་པོ། གསར་བརྗེའི་གོང་ལ།

རྩོམ་པ་པོ། ཆུང་ཚེ་རིང་།
སྤེལ་ས། བོད་ཀྱི་དུས་བབ།
སྤེལ་དུས། ༢༠༡༥ ཟླ་བ་ ༡༢ ཚེས་ ༢༣ ལྷག་དཀར་ཉིན།

༄༅།། ཕྱི་ལོ་ ༡༧༥༤ ལོ་སྟེ། ཨ་མི་རི་ཀའི་གསར་བརྗེ་མ་བྱུང་གོང་གི་ལོ་ཉི་ཤུ་རྩ་གཅིག་གི་སྔོན་དུ། ཨ་རིའི་གནད་ཡོད་མི་སྣ་བྷན་ཇི་མན་ ཧྥེ་རན་ཀི་ལིང་(Benjamin Franklin)ཞེས་པས། ཁོང་གི་

བྷན་ཇི་མན་ ཧྥེ་རན་ཀི་ལིང་ (Benjamin Franklin)
བྷན་ཇི་མན་ ཧྥེ་རན་ཀི་ལིང་།

གསར་ཤོག་ Pennsylvania Gazette ཞེས་པའི་ཐོག་ཨ་རིའི་མི་སེར་སྤེལ་ཡུལ་བཅུ་གསུམ་གྱི་འདྲ་རིས་བཀོད་པ་དང་ལྷན་དུ། དུམ་བུ་ཁ་ཤས་སུ་གཏུབས་པའི་སྦྲུལ་གྱི་གཟུགས་རིས་ཤིག་བཀོད་ནས་དེའི་གཤམ་དུ་“བསྒྲིལ་ལམ་ཤི་”(join or die)ཞེས་བྲིས་ཏེ་སྤེལ་བ་རེད། འདྲ་རིས་དང་ཚིག་བརྗོད་ཐུང་ངུ་དེས། ཨ་རི་བ་ཚོར། ཆིག་སྒྲིལ་བྱས་ཏེ་གསོན་པའམ། ཁ་འཐོར་ངང་འཆི་བ་གཉིས་ལས་ལམ་གཞན་མེད་ཚུལ་སྟོན་པ་རེད། སྐབས་དེ་དུས་ཨ་རི་ནི་རང་བཙན་གྱི་རྒྱལ་ཁབ་མིན་པར། དབྱིན་ཡུལ་གྱི་དབང་བསྒྱུར་འོག་མི་སེར་སྤེལ་ཡུལ་གྱི་ཡུལ་ལུང་མང་པོར་བགོས་ཏེ་གནས་ཡོད་ཅིང་། མི་སེར་སྤེལ་ཡུལ་སོ་སོའི་ནང་གི་ཨ་རི་བ་ཚོ་ནི་རང་རང་གི་བདེ་ཐབས་ལ་བརྩོན་པ་ལས། ཚང་མ་རྡོག་རྩ་གཅིག་སྒྲིལ་གྱིས་དབྱིན་ཇིའི་ཁ་གཏད་དུ་ལངས་དགོས་པ་ཞིག་སྐབས་དེར་རྩ་བ་ནས་དྲན་གྱི་མེད།
འོན་ཀྱང་ཕྱི་ལོ་ ༡༧༧༥ ལོར་གནས་སྟངས་དེ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་སོང་སྟེ། མི་སེར་སྤེལ་ཡུལ་རྣམས་སྤུན་ཟླ་ལྟར་གཅིག་ཏུ་བསྒྲིལ་ནས་ཁོང་ཚོའི་མེས་རྒྱལ་ཏེ་དབྱིན་ཡུལ་གྱི་ཁ་གཏད་དུ་ལངས། དུས་ཚོད་ཐུང་ཐུང་དེ་འདྲ་ཞིག་གི་ནང་དུ་ཨ་རི་བའི་བསམ་བློར་འགྱུར་བ་ཆེན་པོ་དེ་འདྲ་ཞིག་བྱུང་སྟེ། འཛམ་གླིང་ཡོངས་ལ་སྐད་གྲགས་དང་ཤུགས་རྐྱེན་ཐེབས་པའི་རང་བཙན་དོན་གཉེར་གྱི་གསར་བརྗེ་ཆེན་པོ་ཞིག་བྱུང་བ་དེར་ང་རང་ཡ་མཚན་སྐྱེ་མྱོང་། རྩོམ་ཡིག་འདིའི་ནང་ཨ་རིའི་རང་བཙན་དོན་གཉེར་གྱི་གསར་བརྗེ་ཆེན་པོ་དེའི་སྐོར་གོ་བདེའི་ལམ་ནས་འགོད་པར་བྱ་ཞིང་། དེ་ཡང་མ་རྩོམ་ལས་ཀྱང་རིང་བའི་ཞབས་མཆན་དང་གསལ་བཤད་རིང་པོ་ཁུངས་ལུང་དང་བཅས་འབྲི་བ་དང་། དོན་གནད་རེར་དཔྱད་ཞིབ་ཞིབ་ཚགས་བྱེད་པ། ལམ་ལུགས་དང་རིང་ལུགས་སྐོར་རྒྱས་

 བསྒྲིལ་ལམ་ཤི།
བསྒྲིལ་ལམ་ཤི།

བཤད་བྱེད་པ་སོགས་ཀྱི་སྤྲོས་པ་དོར་ཏེ། བོད་མི་དཀྱུས་མས་གོ་བདེ་རྟོགས་བདེའི་ལུགས་སུ་འབྲི་བར་བྱའོ།།

 

དུས་རབས་བཅུ་བདུན་པའི་ནང་དུ། དབྱིན་ཇི་བ་ཚོས་གཞིས་ཆགས་སའི་ས་ཆ་གསར་པ་བཙལ་མཐར་ཨ་རི་བརྙེད་ཅིང་། དེ་ལ་“འཛམ་གླིང་གསར་པ་”ཞེས་བཏགས་ཏེ་སྐྱེ་བོ་མང་པོ་ཞིག་དེར་གཞིས་ཆགས་འགོ་ཚུགས། རྗེས་སུ་འཇར་མན་དང་། ཌ་ཆི། སེ་པན། ཧྥ་རན་སི་སོགས་ཡོ་རོབ་ཀྱི་ཡུལ་ལུང་གཞན་གྱི་མི་ཡང་ཨ་རིར་གནས་སྤོས་ཏེ་གཞིས་ཆགས། ཕྱི་ལོ་ ༡༧༥༠ ལོར་སླེབས་སྐབས་ཡུ་རོབ་ཀྱི་མི་ཁྱོན་ས་ཡ་གཉིས་ལྷག་ཨ་རིའི་ཡུལ་དུ་གཞིས་ཆགས་ཤིང་། མི་སེར་སྤེལ་ཡུལ་གྱི་ཡུལ་སྡེ་ཁག་བཅུ་གསུམ་དུ་བགོས་ནས་མཆིས།

 

སྐྱེ་བོ་དེ་དག་ཡུ་རོབ་ནས་ཨ་རིར་ཇི་ལྟར་ཡོང་བ་ཡིན་སྙམ་ན། ཁོང་ཅག་གི་འགྲུལ་བཞུད་ནི་དཀའ་ཚེགས་དང་ཉེན་ཁ་ཧ་ཅང་ཆེ་བ་ཞིག་སྟེ། རླུང་གི་རྒྱུ་ཕྱོགས་བཟང་པོ་དང་འཕྲད་ན། ཡུ་རོབ་ནས་རྒྱ་མཚོའི་ཐོག་གྲུ་གཟིངས་ནང་ཉིན་ཞག་ ༤༩ ཙམ་དང་། ཁྱོན་སྤྱི་ལེ་(ཀི་ལི་མི་ཊར་)ལྔ་སྟོང་ལྷག་བགྲོད་ན་སླེབས་ཐུབ་ཅིང་། རླུང་གི་རྒྱུ་ཕྱོགས་མི་བཟང་བ་དང་། ལམ་བར་དུ་མཚོ་རླབས་ཆེན་པོ་སོགས་ཀྱི་བར་ཆད་དང་འཕྲད་ན་དེ་ལས་མང་བ་འགོར་ངེས་པ་མ་ཟད། སྲོག་ཀྱང་ཤོར་སྲིད་པ་ཞིག་སྟེ། ༡༧༥༠ ལོར་ཨ་རིར་མཚོ་ལམ་བརྒྱུད་སྐྱོད་མཁན་འཇར་མན་གྱི་སྐྱེ་བོ་རྒོ་ཏ་ལིབ་ མི་ཐལ་རྦེར་རྒེར་ (Gottlieb Mittelberger) གྱིས་བྲིས་པའི་ཉིན་ཐོའི་

རླུང་འཚུབ་ཁྲོད་གྲུ་གཟིངས་ནང་ཡོང་བཞིན་པ།
རླུང་འཚུབ་ཁྲོད་གྲུ་གཟིངས་ནང་ཡོང་བཞིན་པ།

ནང་། ཁོང་དང་ཁོང་གི་ལམ་གྲོགས་རྣམས་མཚོ་ཐོག་ཏུ་བཀྲེས་སྐོམ་གྱིས་ཚད་མེད་པར་མནར་བ་དང་། གྲུ་གཟིངས་ནང་མི་མང་བས་འཚང་ཁ་ཆེ་བ། ཉལ་བའི་སྐབས་སུའང་གྲུ་གཟིངས་ཀྱི་ཞལ་བའི་ཐོག་གུ་དོག་པོའི་ངང་ཉལ་དགོས་པ། འགྲུལ་རོགས་གཅིག་ལ་ནད་ཕོག་ཚེ་གཞན་ལ་འགོས་སླ་བས་ལམ་བར་དུ་ཕྲུ་གུ་སུམ་ཅུ་སོ་གཉིས་གྲོངས་པ་སོགས་བྲིས་འདུག ལྷག་པར་དུའང་མཚོ་རླབས་ལྡང་བའི་སྐབས་སུ་ཤིན་ཏུ་ཉེན་ཆེ་བ་སྟེ། ཁོང་གི་ཉིན་ཐོའི་ནང་། མཚོ་རླབས་ཆེན་པོ་རི་བོ་དང་འདྲ་བ་དག་གཅིག་མཇུག་གཉིས་མཐུད་དུ་ཉིན་གཉིས་གསུམ་སྦྲེལ་ནས་ལྡང་སྟེ། གྲུ་གཟིངས་མཐོར་འདེགས་པ་དང་འཁྲུག་པར་འགུལ་བ་སོགས་བྱས་ཏེ། སྐྱེ་བོ་རྣམས་འཇིགས་སྐྲག་གིས་ཕན་ཚུན་འོ་དོད་འབོད་པ་དང་། རྐང་པ་དང་ལག་པ་ཆག་སྟེ་ཆོ་ངེ་འདོན་པ། འགའ་ཞིག་ནི་མཚོ་རླབས་ཀྱིས་དེད་དེ་གར་སོང་ཆ་མེད་དུ་གྱུར་མཐར། ཁོང་ཅག་ཤི་མིན་རོ་མིན་དུ་ཨ་རིར་འབྱོར་སྐབས་དགའ་སྤྲོས་མིག་ཆུ་ཤོར་ཚུལ་བྲིས་འདུག

 

ཨ་རིར་སླེབས་རྗེས་ཡུལ་གསར་པ་དེའི་ནང་། གྲང་ངད་དང་ལྷག་རླུང་དྲག་པོ། སྔར་མ་འདྲིས་པའི་ནད་སོགས་ཀྱིས་དཀའ་ངལ་མང་པོ་འཕྲད་ཅིང་། ལྷག་པར་ཡུལ་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་ཡུལ་མི་རྒྱ་གར་བ་དམར་པོ་ཞེས་འབོད་པ་དག་གིས་ཀྱང་ཁོང་ཅག་ལ་མཐུན་ལམ་མི་བྱེད་པ་སོགས་དཀའ་ངལ་མང་པོ་ཞིག་འཕྲད་རབས་བྲིས་སྣང་།

 

དབྱིན་ཇི་བས་མཚོན་པའི་ཡུ་རོབ་པ་མང་པོས་ཉེན་ཁ་དེ་ཙམ་ལ་མ་འཛེམས་པར། ཨ་རིར་གཞིས་ཆགས་དོན་ནི། མ་གཞི་སྐབས་དེའི་ཨ་རི་ནི་ཡུ་རོབ་ལས་གནས་སྟངས་ཞན་ཞིང་ཉེན་ཁ་ཆེ་ཡང་། ཡུ་རོབ་ནང་ས་རྒྱ་ཆུང་ཞིང་རྒྱལ་ཁབ་མང་། མི་འབོར་ཆེ་བས་ཕྱུག་པོ་ཆགས་པའི་གོ་སྐབས་དཀོན། འོན་ཀྱང་གསར་དུ་བརྙེད་པའི་ཨ་རིའི་ནང་། ས་རྒྱུ་གཤིན་པའི་ས་རྒོད་མང་པོ་ཡོད་པ་རྣམས་ཉོས་ན་རིན་གོང་ཆུང་། རང་གིས་དཀའ་ལས་བརྒྱབ་ན་ཕྱུགས་པོ་ཆགས་རྒྱུའི་གོ་སྐབས་ཧ་ཅང་མང་བས་རེད། གོང་དུ་སྦྲུལ་གཟུགས་དུམ་བུ་མང་པོར་གཏུབས་པའི་རི་མོ་འབྲི་མཁན་ བྷན་ཇི་མན་ ཧྥེ་རན་ཀི་ལིང་ནི་དཔེ་མཚོན་ཡག་པོ་ཞིག་རེད། ཁོང་གི་ཕ་ནི་དབྱིན་ཡུལ་ནས་ཨ་རིར་ཡོང་བའི་ཡང་ལཱ་བཟོ་མཁན་ཞིག་རེད། ཕ་དེར་ཕྲུ་གུ་ ༡༧ བྱུང་བའི་ཁོངས་སུ། བྷན་ཇི་མན་ཕྱི་ལོ་ ༡༧༠༦ ལོར་འཁྲུངས་ཤིང་། ལོ་བཅུར་སོན་སྐབས་འཚོ་བའི་དཀའ་ངལ་དབང་གིས་སློབ་གྲྭ་བཞག་སྟེ་ལས་ཀར་འགྲོ་དགོས་བྱུང་། འོན་ཀྱང་རང་སྦྱོང་རྒྱུན་དུ་བྱས་ཤིང་དཔེ་དེབ་ཐོབ་ཚད་བཀླགས། དགུང་ལོ་བཅུ་བདུན་ལ་སོན་སྐབས་རང་ཁྱིམ་བཞག་སྟེ་ཧྥེ་ལ་རྡ་ཕི་ཡར་(Philadelphia)དངུལ་

ཧྥེ་ལ་རྡ་ཕི་ཡ། ་(Philadelphia)
ཧྥེ་ལ་རྡ་ཕི་ཡ། ་(Philadelphia)

དང་ལས་ཀ་གང་ཡང་མེད་པར་སོང་། འོན་ཀྱང་དགུང་ལོ་ཉེར་གསུམ་ལ་སོན་སྐབས་ཁོང་ཚོང་པ་ཆེན་པོར་གྱུར་ཟིན་པ་མ་ཟད། སྐབས་དེའི་གལ་ཆེའི་གསར་ཤོག་ Pennsylvania Gazette ཞེས་པའི་བདག་པོར་གྱུར། ཁོང་གིས་གསར་ཤོག་དེའི་ནང་རྩོམ་ཡིག་བྲིས་པ་དག་ཨ་རིའི་ནང་གི་མི་སེར་སྤེལ་ཡུལ་གྱི་ཡུལ་སྡེ་ཀུན་གྱིས་ཀློག་གི་ཡོད། ཁོང་གིས་གྲོང་ཁྱེར་ཧྥེ་ལ་རྡ་ཕི་ཡ་ཡར་རྒྱས་ཡོང་ཐབས་སུ་ལས་ཀ་མང་པོ་བྱས་པ་དཔེར་ན། ཕྱི་ལོ་ ༡༧༣༡ ལོར་ཁོང་གིས་གྲོང་ཁྱེར་དེའི་ནང་དཔེ་མཛོད་ཅིག་འཛུགས་རོགས་བྱས་པ་རེད། ཕྱིས་སུ་ཁོང་ཨ་རིའི་གསར་བརྗེའི་འགོ་ཁྲིད་གནད་ཡོད་ཅིག་ཆགས་པ་རེད།

 

ས་གོང་དམའ་བའི་རྒྱུ་མཚན་གྱིས། ཨ་རིར་གཞིས་ཆགས་སུ་ཡོང་བ་ཕལ་མོ་ཆེས་ས་ཆ་ཉོས་ཏེ། དེའི་ཐོག་གི་ནགས་ཚལ་རྣམས་བཅད། རྡོ་ཆེན་དག་སྤོས། ས་འཁོད་སྙོམ་པར་བརྡལ་ཅིང་བསློགས་ཏེ་ས་རྒྱུན་ཧ་ཅང་གཤིན་པའི་ཞིང་སར་བསྒྱུར། ཚལ་གྱི་རིགས་འདྲ་མིན་དང་། ཤིང་ཏོག རྡོ་ཐ་སོགས་འདེབས་འཛུགས་བྱས། སྐབས་དེར་ཡུ་རོབ་ཏུ་ས་ཞིང་ཡོངས་རྫོགས་འབྱོར་ལྡན་འགའ་ཞིག་ལ་དབང་བས་མི་སེར་དཀྱུས་མས་ས་ཆ་ཉོས་ཏེ་གཞི་རྒྱ་ཆེ་བའི་ཞིང་ལས་གཉེར་བ་འདི་ལྟ་བུ་ཡོང་མི་སྲིད་པའི་ཚད་ཡིན།

 

འོན་ཀྱང་དེ་འདྲའི་སྐལ་བཟང་གི་གོ་སྐབས་ནི་ཨ་རིར་གནས་པའི་སྐྱེ་བོ་ཀུན་ལ་ཆ་མཉམ་དུ་ཡོད་པ་ཞིག་མིན་ཏེ། གཞིས་ཆགས་སུ་ཡོང་བའི་མི་རིགས་དཀར་པོའི་མི་འབོར་མང་དུ་འཕར་བ་དང་བསྟུན་ཏེ། དེ་ཚོས་ས་ཞིང་གི་ཆེད་དུ་ནགས་ཚལ་མང་པོ་གཅོད་བྲེག་བྱས། དེ་ལ་བརྟེན་ནས་གདོད་མ་ནས་ཡུལ་དེར་གཞིས་ཆགས་པའི་རྒྱ་གར་བ་དམར་པོ་ཞེས་འབོད་པའི་མི་དག་གི་ཤར་ཁུལ་གྱི་གནས་གཞི་བརླག་སྟེ་རིམ་པས་ལྷོ་ནས་ལྷོ་རུ་སྤོ་དགོས་པར་གྱུར། དེ་བཞིན་མི་རིགས་དཀར་པོ་དག་གིས་ཨ་ཧྥི་རི་ཀ་ནས་ཉོས་ཏེ་འཁྲིད་ཡོང་བའི་བྲན་གཡོག་མི་རིགས་ནག་པོ་དག་གི་གནས་སྟངས་ནི་ཧ་ཅང་ཡ་ང་དགོས་པར་མཆིས། ཁོང་ཅག་ཨ་རིར་ཡོང་བའི་ལམ་བར་གྱི་དཀའ་ཚེགས་ནི་གོང་དུ་མི་དཀར་ཡོང་སྟངས་འགྲེལ་བརྗོད་བྱས་པ་ལས་ལྡབ་འགྱུར་གྱིས་ཆེ་ཞིང་། ཡོང་བའི་འབོར་གྲངས་ཀྱི་ཆ་ནས་བཤད་ན། ཨ་རིར་གསར་དུ་ཡོང་བའི་ཆ་སྙོམ་མི་ལྔའི་ནང་གི་གཅིག་བྲན་གཡོག་ཡིན་ཞིང་། དེའི་ཁོངས་ཀྱི་མང་པོ་ཞིག་ནི་བྱིས་པ་རེད། ཁོང་ཚོ་གཙོ་བོ་ཨ་རིའི་ལྷོ་ཁུལ་གྱི་མི་སེར་སྤེལ་ཡུལ་གྱི་རྡོ་ཐའི་ཞིང་ཁ་ཚ་དྲོད་ཆེན་པོ་དག་གི་ནང་དུ། ཉིན་གང་པོར་ངལ་གསོ་ཧ་ལམ་མེད་པར་ངལ་རྩོལ་བྱེད་དགོས་ཤིང་། དེ་ཚོའི་འཚོ་གོས་ཀྱི་གནས་སྟངས་ཤིན་ཏུ་ཞན་ལ་འགྲོ་སྐྱོད་ཀྱི་རང་དབང་མེད་པ་སྒོ་ཟོག་སེམས་ཅན་གྱི་རྩི་མཐོང་ལྟ་བུ་ལས་མེད།

 

སྐབས་དེའི་གནས་སྟངས་ཀྱི་དབང་དུ་བྱས་ན། དབྱིན་ཇིའི་རྒྱལ་ཁབ་ནི་དུས་རབས་བཅུ་བདུན་བཅོ་བརྒྱད་པའི་ནང་དུ། འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་ནང་ནས་སྟོབས་དང་འབྱོར་བ་གཉིས་ཀ་ཆེ་ཤོས་དེ་ཡིན་པས། ཤར་ཕྱོགས་རྒྱ་གར་ནས་ནུབ་ཕྱོགས་ཨ་རིའི་མི་སི་སི་ཕི་(Mississippi River)གཙང་པོ་ལ་ཐུག་གི་བར་དུ་དབང་བསྒྱུར། དབྱིན་ཇིའི་རྒྱལ་དར་ལ་ཉི་འོད་མ་འཕྲོ་བའི་དུས་མེད་ཅེས་གྲགས་པའང་དོན་ལ་གནས། ཡུལ་ལུང་མང་པོར་ས་ཞིབ་པ་དང་མྱུལ་མ་མངགས་ཏེ། ཆབ་སྲིད་དང་དཔལ་འབྱོར་གྱི་ཐད་ནས་ཁེ་འབབ་ཡོང་ས་ཞིག་ཡིན་ན། ཞི་དྲག་གི་ཐབས་འཕྲུལ་གང་དགོས་སྤྱད་དེ། མི་སེར་སྤེལ་ཡུལ་དུ་བསྒྱུར། དབྱིན་ཡུལ་ནས་ཨ་རི་དང་ཨོ་སི་ཊོ་ལི་སོགས་སུ་གཞིས་ཆགས་སམ། མི་སེར་སྤེལ་བར་སོང་བའི་མི་དག་གིས་ཀྱང་། དབྱིན་ཇི་རང་གི་རྒྱལ་ཁབ་ཏུ་བརྩིས་ཏེ་གོང་དུ་བཀུར། གཞིས་ཆགས་སུ་ཡོང་བ་དག་གི་ནང་དུ། སྤྱིར་བཏང་གི་མི་སེར་དཀྱུས་མ་ཙམ་མ་ཟད། དབྱིན་ཡུལ་གྱི་འཛིན་སྐྱོང་སྒྲོམ་གཞི་ཡང་ལྷན་དུ་སྤོས་ཡོང་བས། སྔོན་ཆད་དབྱིན་ཇིའི་མི་སེར་སྤེལ་ཡུལ་དུ་གྱུར་པའི་ཡུལ་ལུང་ཕལ་མོ་ཆེའི་འཛིན་སྐྱོང་གི་འགྲོ་སྟངས་དེ་ལ། ཞིབ་ཆ་དང་ལས་ཕྱོད་གཉིས་ཐད་ནས་དམིགས་བསལ་ཁྱད་ཆོས་ཡོད་པ་ཞིག་རེད།

 

གཞིས་ཆགས་སུ་ཡོང་བ་ཚོས་ཀྱང་། ཡུལ་ལུང་གསར་པའི་ནང་དཀའ་ངལ་ལ་མ་འཛེམས་པར་བློ་རྒྱ་ཆེན་པོས་ལས་ཀ་མང་དུ་བྱས། ཨ་རིར་ཐོག་མར་གཞིས་ཆགས་པར་ཡོང་བ་དག་གི་ཁང་པ་ནི། ས་དྲུས་ཏེ་འོག་ཁང་ཁང་མིག་གཉིས་ཅན་ཞིག་དང་། དེའི་སྒང་དུ་ཁང་མིག་གཉིས་བཅས་ཁྱོན་ཁང་མིག་བཞི། མེ་སྲོ་ས་ཡོད་པའི་ཐབ་ཚང་ཆེན་པོ་གཅིག་ཡོད་པ་ཤས་ཆེ། སྐྱེས་པ་ཚོས་ས་ཞིང་འདེབས་པ་དང་། མེ་ཤིང་གཅོད་པ། ཉ་འཛིན་པ་སོགས་ཤུགས་ལས་ཀྱི་རིགས་བྱེད་པ་དང་། བུད་མེད་ཚོས་གོས་འཁྲུ་བ་དང་། ཟ་མ་བཟོ་བ། ལྡུམ་ར་དང་ཕྲུ་གུར་གཅེས་སྐྱོང་བྱེད་པ། རང་མཁོའི་གྱོན་གོས་འཚེམས་པ་སོགས་ཀྱི་ལས་བྱེད། བྱིས་པ་ཚོས་ཀྱང་ཤིང་ཏོག་འཐུ་བ་དང་། འཐུང་ཆུ་ལེན་པ། ཐབ་གཡོག་རྒྱུག་པ། རྟ་དང་བ་གླང་། བྱ་དེ་སོགས་ལ་བདག་སྐྱོང་བྱེད། མི་དཀར་ཚོ་བྱིས་པ་ཚོའི་སློབ་སྦྱོང་ལ་དེ་དུས་ནས་དོ་སྣང་ཆེ་བས། བྱིས་པ་ཚོས་སློབ་སྦྱོང་ཀྱང་བྱེད་དགོས།
ཨ་རིར་གསར་བརྗེ་མ་བྱུང་གོང་ལ། མི་ཚོ་སྤྱིར་བཏང་སྤྱི་ལེ་ལྔ་བཅུ་ལས་མང་བའི་སར་མི་འགྲོ། ལམ་ཡང་ཤིན་ཏུ་རྩུབ། ཕྱི་ལོ་ ༡༧༥༠ ལོའི་གཡས་གཡོན་དུ་ཨ་རིའི་ནང་གི་ལམ་ཡག་ཤོས་སུ་བརྩི་བ་ཁ་ཤས་ཤིག་ཡོད་པ་དག་ནི་ལམ་མཐིལ་ལ་རྡོ་གཅལ་བཏིང་པ་ཙམ་རེད། ཆར་པ་དང་གངས་བབས་པའི་སྐབས་སུ་ལམ་མང་ཆེ་བར་འགྲོ་མི་ཐུབ། དེང་སང་སྣུམ་འཁོར་ནང་སོང་ན་ཆུ་ཚོད་དྲུག་ལས་མི་འགོར་བའི་གྲོང་ཁྱེར་བྷོ་སེ་ཊོན་དང་ཧྥེ་ལ་རྡ་ཕི་ཡའི་བར་དུ། དུས་དེར་འགྲུལ་ལམ་ལ་གཟའ་འཁོར་གཉིས་ཙམ་འགོར་བར་བཤད་པས། དུས་དེའི་འགྲིམས་འགྲུལ་གྱི་གནས་སྟངས་རོབ་ཙམ་རྟོགས་ནུས།
ཧྥེ་ལ་རྡ་ཕི་ཡ་ནི་སྐབས་དེར་ཨ་རིའི་ནང་གི་གྲོང་བརྡལ་ཆེ་ཤོས་དེ་ཡིན་པས། དེར་ཁང་བརྩེགས་མཐོན་པོ་དང་། རྒྱ་ཆེ་ཞིང་ཀྱག་ཀྱོག་མེད་པའི་ལམ་ཆེན་ཡོད་པའི་ནང་དུ་མི་ཚོགས་ཀྱང་ཆེ། སྲང་ལམ་དག་གི་ནང་དུ་དེབ་འཚོང་མཁན་དང་། ཡང་ལཱ་བཟོ་མཁན། ལྷམ་བཟོ་མཁན། དངུལ་སྡེར་བཟོ་མཁན་སོགས་ཀྱང་མཆིས། ཡིན་ནའང་། ཡུ་རོབ་ཀྱི་གྲོང་ཁྱེར་ཆེན་པོ་ལོན་ཌོན་དང་པེ་རི་སི་དང་བསྡུར་ན། ཧྥེ་ལ་རྡ་ཕི་ཡ་ནི་གྲོང་བརྡལ་ཧ་ཅང་སྤྱིར་བཏང་ཞིག་སྟེ། སྐྱེ་བོ་ཚོས་བ་གླང་རྣམས་རང་གི་ཁང་པའི་རྒྱབ་ཏུ་འདོགས་པ་དང་། གཟུགས་པོ་ཁང་པའི་ཕྱི་ལ་བཀྲུ། ཁོང་ཅག་གིས་ད་དུང་དབྱིན་ཡུལ་ནི་དཔེ་དེབ་དང་གྱོན་གོས། ཐོན་ཟོག་རྩེ་ཕུད་དག་གི་འབྱུང་ཁུངས་སུ་བལྟ་བ་མ་ཟད། དབྱིན་ཡུལ་གྱི་བསམ་བློའི་གནས་ཚད་ཀྱང་ཚད་མཐོན་པོར་བརྩི། དབྱིན་ཇིའི་རྒྱལ་ཁབ་དང་། དེའི་རྒྱལ་པོ་འཇོར་ཇི་གསུམ་པར་(King George III)གོང་བཀུར་ཞུ་བཞིན་ཡོད་ཀྱང་། དབྱིན་ཡུལ་དང་ཐ་དད་པའི་འཛམ་གླིང་གསར་པར་གྲགས་པའི་ཨ་རིའི་ནང་། དཀའ་ངལ་གསར་པར་གདོང་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་རིམ་པས་ཨ་རི་བ་ཚོར་ལས་ཐབས་གསར་པ་དང་བསམ་ཕྱོགས་གསར་པ་མང་པོ་བྱུང་མཐར་རང་བཙན་བྱ་འདོད་ཀྱི་འདུན་པ་བརྟས་པ་བཅས་གསར་བརྗེ་མ་བྱུང་གོང་གི་སྤྱི་བཤད་ཀྱི་ལེའུ་དང་པོ་རྫོགས་སོ།།

 

ཨ་རིའི་རང་བཙན་འཐབ་རྩོད་དང་གསར་བརྗེའི་ལས་འགུལ་གྱི་མེ་ལྕེ་དེ། རྐྱེན་གང་འདྲ་ཞིག་ལ་བརྟེན་ནས་འབར་བ་ཡིན་མིན་མཁྱེན་འདོད་ཡོད་ཚེ། ལེའུ་གཉིས་པ། དྲང་བདེན་མིན་པའི་དཔྱ་ཁྲལ་ཞེས་པ་དེ་ལྷག་དཀར་རྗེས་མའི་ཉིན་སྤེལ་རྒྱུ་ཡིན་པས། དུས་ཐོག་ཏུ་གཟིགས་པར་ཞུ།

 

རྩོམ་ཡིག་འདིའི་ཚིག་དང་དོན་གང་ཐད་ལ་ལེགས་བཅོས་ཀྱི་དགོངས་འཆར་དང་། རྩོམ་ཡིག་བཀླགས་རྗེས་བྱུང་བའི་བསམ་ཚུལ་དང་མྱོང་ཚོར་གཤམ་དུ་མཆན་གྱི་ཚུལ་དུ་བཀོད་ན་དགའ་བསུ་ཞུ།

 

གྲོང་ཁྱེར་ནིའུ་ཡོག ཕྱི་ལོ་ ༡༧༥༧
གྲོང་ཁྱེར་ནིའུ་ཡོག ཕྱི་ལོ་ ༡༧༥༧

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༥༠ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 14

  1. རྫ་ཚེ་རིང་བཀྲ་ཤིས། says:
    ལོ་ 9 སྔོན།

    ལེའུ་དང་པོ་དང་ཐ་མ་གཉིས་བཀླགས་ཟིན། བཀའ་དྲིན་ཆེ། མུ་མཐུད་ཆ་ཚང་ཀློག་ངེས་ཡིན།

    Reply
  2. གཡུ་བརྕེ་དོན་གྲུབ་ says:
    ལོ་ 9 སྔོན།

    ལིའུ་རིམ་པས་བཀླགས་ཟིན་པ་ཡིན་། བཀའ་དྲིན་ཆེ་ཞུ་བ་དང་མ་མཐུད་སྒུག་བསྡད་ཡོད།

    Reply
  3. གཡུ་བརྕེ་དོན་གྲུབ་ says:
    ལོ་ 9 སྔོན།

    ལིའུ་རིམ་བཞིན་བཀླགས་ཟིན་པ་ཡིན་། བཀའ་དྲིན་ཆེ་ཞུ་རྒྱུ་དང་མ་མཐུད་ནས་སྒུག་བསྡད་ཡོད།

    Reply
  4. tenzitselha says:
    ལོ་ 9 སྔོན།

    ཧ་ཅང་སྙན་པོ་བྱུང་སོང་། བསམ་ཚུལ་བཤད་པའི་སྤོབས་པ་བྱུང་མ་སོང་། མུ་མཐུད་དུ་ལེའུ་གཉིས་པ་༼དྲང་བདེན་མིན་པའི་དཔྱ་ཁྲལ།༽ཀློག་རྒྱུར་རེ་སྒུག་བྱས་ཡོད། བསམ་ཚུལ་ཏོག་ཙམ་ཡོད་པ་ནི། མགོ་ནས་ཨ་རིའི་ལོ་རྒྱུས་སྤྱི་སྡོམ་ལྟ་བུའི་ཐུང་ཙམ་བཤད་ན་ཀློག་པ་པོ་ཚང་མར་སྐྱ་ཐིག་ལྟ་བུ་ཞིག་ཡོད་སྟབས་དོ་སྣང་བྱེད་སའི་གཞི་རྩ་ཞིག་ཡོད་པ་རེད། དེ་མ་གཏོགས་མི་མང་པོ་ཞིག་གིས་ལེའུ་གསུམ་བཞི་ཞིག་ལ་མུ་མཐུད་ནས་མ་བལྟས་པ་ཡིན་ན་ཐོག་མར་གོ་མ་ཐུབ་པའི་སྐྱོན་ཞིག་ཨ་ཡོང་བསམ་གྱི་འདུག བཀྲ་ཤིས་བདེ་ལེགས། མུ་མཐུད་ནས་སྒུག་བསྡད་ཡོད།

    Reply
    • ཆུང་ཚེ་རིང་ says:
      ལོ་ 9 སྔོན།

      ཐུགས་སྣང་གནང་བར་ཐུགས་རྗེ་ཆེ། ལྷག་པར་དུ་དགོངས་འཆར་གནང་བར་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་གསུངས་པ་བཞིན་ལེའུ་དང་པོ་འདི་ག་རང་། ཨ་རིའི་གསར་བརྗེ་མ་བྱུང་གོང་གི་ལོ་རྒྱུས་སྤྱི་སྡོམ་ལྟ་བུ་ཞིག་ཡིན། འདི་ལས་རྒྱས་པ་བྲིས་ན། ཡིག་ཚོགས་ཆེ་ཞིང་། སྤྱིར་བཏང་གི་ཀློག་པ་པོ་ཚོ་མགོ་བོ་རྨོངས་ཉེན་འདུག་སྟབས་དེ་ཙམ་གྱིས་འཐུས་པ་བྱས་ཁུལ་ལགས།

      Reply
  5. བསོད་ནམས། says:
    ལོ་ 9 སྔོན།

    བཀྲ་ཤིས་བདེ་ཞུ།

    Reply
  6. བྱང་ཐང་ཕོ་ཉ། says:
    ལོ་ 9 སྔོན།

    བཀའ་དྲིན་ཆེ་ཁྱེད་ཀྱི་རྩོམ་དེ་བཀླགས་པ་ཡིན࿉

    Reply
  7. འགྱུར་མེད། says:
    ལོ་ 9 སྔོན།

    ལོ་ཙཱ་བ་ཆུང་ཚེ་རིང་གིས་ཟིན་བྲིས་བརྩམས་ཆོས་(ཨ་རིའི་གསར་བརྗེ། ༼༡ ༽ ) ཞེས་པ་དེ་བཀླགས་ཚར་སོང་། འདྲ་འདྲའི་ནང་གི་མི་འདྲ་བའི་ཁྱད་ཆོས་མངོན་གསལ་དོད་པོ་འདུག ཐུགས་རྗེ་ཆེ། ད་ལྟ་ལེའུ་གཉིས་པ་དེ་གང་འདྲ་ཞིག་ཡོད་དམ་སྙམ་ནས་བསྒུགས་ནས་ཡོད།

    Reply
  8. རྨ་དུག་ལྕེ། says:
    ལོ་ 9 སྔོན།

    བཀླགས་ཟིན། བཀའ་དྲིན་ཆེ། འདི་ལྟ་བུའི་སྒྱུར་རྩོམ་གཅིག་ནི་བོད་ཀྱི་དེང་དུས་ཀྱི་སྙན་ངག་འབུམ་ལས་རིན་ཐང་ཆེ།

    Reply
  9. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    ལོ་ 9 སྔོན།

    བཀུར་འོས་ལོ་ཙཱ་བ་ཆུང་ཚེ་རིང་ལགས། ཐོག་མར་སྐུ་ཉིད་ལ་བཀའ་དྲིན་ཆེ་ཞུ། འགྱུར་རྩོམ་འདི་བཀླགས་རྒྱུ་བྱུང་བར་ཧ་ཅང་སྤྲོ་བ་བྱུང་། འབྱུང་འགྱུར་ཡང་འགྱུར་རྩོམ་ཕྱི་མ་དག་རིམ་གྱིས་མཇལ་འདོད་ཡོད། མཐའ་དོན་སྐུ་ཉིད་ཀྱིས་བོད་དང་བོད་ཀྱི་རིག་གཞུང་། ཁྱད་པར་དུ་གཞན་གྱི་གནས་ཚུལ་ནང་འདྲེན་དང་འབྲེལ་བའི་བགྱི་བ་བཟང་པོ་འདི་རིགས་ཇི་སྲིད་བར་གནང་རྒྱུའི་རེ་བསྐུལ་ཞུ་རྒྱུ་ཡིན།

    Reply
    • ཆུང་ཚེ་རིང་ says:
      ལོ་ 9 སྔོན།

      ཨ་འདུས་སྐལ་བཟང་རྒྱ་མཚོ་ལགས། རྩོམ་ཡིག་འདིར་ཐུགས་སྣང་དང་གདེང་འཇོག བསྐུལ་མ་བཅས་གནང་བར་ཐུགས་རྗེ་ཆེ་ཞུ། ཞོར་དུ་ཞུ་རྒྱུར་རྩོམ་ཡིག་འདི་ཕྲན་གྱིས་བྲིས་པ་ཞིག་ཡིན། བསྒྱུར་བ་ཞིག་མིན། ངའི་སེམས་སུ། ཕྱི་མི་མང་པོས་བོད་ཀྱི་ལོ་རྒྱུས་སོགས་འབྲི་ཐུབ་སར། བོད་པ་ཚོས་ཀྱང་ཕྱིའི་ལོ་རྒྱུས་སོགས་ལ་དོ་སྣང་གིས་འབྲི་དགོས་པ་དེ་གལ་ཆེན་པོ་རེད་སྙམ།

      Reply
  10. ཡར་འཕེལ། says:
    ལོ་ 9 སྔོན།

    བཀླགས་པ་ཡིན་ཡག་མདོག་ཁ་བོ་འདུག ཁྱེད་ཅག་འདོན་ལྟར་ཀློག་འདུན་ཆེ་པོ་ཡོད། འདིར་སྒྱུར་བ་པོ་དང་འགྲེམ་བཀོད་པ་བོད་ཀྱི་དུས་བབ་ཚང་བཅས་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་།

    Reply
    • ཆུང་ཚེ་རིང་ says:
      ལོ་ 9 སྔོན།

      དོ་སྣང་གནང་བར་ཐུགས་རྗེ་ཆེ། གསལ་བཤད་ཞུ་རྒྱུར་འདི་བསྒྱུར་བ་མ་རེད། ཕྲན་གྱིས་བརྩམས་པ་ལགས།

      Reply
      • མཁྱེན་རབ། says:
        ལོ་ 9 སྔོན།

        བཀའ་དྲིན་ཆེ། བཀླགས་ཚར་བ་ཡིན།

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese