ཉེ་ཆར་བྱང་ཀོ་རི་ཡའི་པདྨ་རོལ་དབྱངས་ཚོགས་པ་པེ་ཅིན་དུ་འཁྲབ་སྟོན་བསྐྱོད་ཀྱང་། འཁྲབ་སྟོན་མ་བྱས་པར་ཕྱིར་ལོག་པའི་གནས་ཚུལ་ཐད། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨང་གིས་རྒྱ་ནག་ལ་དགོངས་སེལ་ཞུས་པའི་གནས་ཚུལ་ཐོན་འདུག
བྱང་ཀོ་རི་ཡ་སྙན་གྲགས་ཡོད་པའི་པདྨ་རོལ་དབྱངས་ཚོགས་པ་ཟླ་འདིའི་ཚེས་ ༡༠ ཉིན་པེ་ཅིན་དུ་འཁྲབ་སྟོན་བྱེད་པར་འབྱོར་ཏེ། ཕྱི་ཚེས་༡༢ནས་ ༡༤ བར་ཀྱི་འཁྲབ་སྟོན་བྱ་རྒྱུ་བྱས་ཡོད་ཀྱང་། ཚེས་༡༢ཉིན་གྱི་ཕྱི་དྲོར་རོལ་དབྱངས་ཚོགས་དེ་གློ་བུར་དུ་ཕྱིར་བྱང་ཀོ་རི་ཡར་ལོག་པ་དེའི་ཐད། རྒྱལ་ཁབ་གཉིས་ངོས་ནས་ཁ་གསལ་བའི་འགྲེལ་བཤད་གང་ཡང་བརྒྱབ་མེད་ཀྱང་། ཁ་སང་ཉི་ཧོང་གི་དཔལ་འབྱོར་གསར་འགྱུར་གྱིས་གནས་ཚུལ་སྤེལ་པའི་ནང་། རྒྱ་ནག་དང་བྱང་ཀོ་རི་ཡའི་མཐུན་འབྲེལ་ཡར་རྒྱས་གཏོང་ཆེད་བྱང་ཀོ་རི་ཡའི་པདྨ་རོལ་དབྱངས་ཚགས་པ་རྒྱ་ནག་ཏུ་འཁྲབ་སྟོན་བྱ་རྒྱུ་བྱས་ཡོད་ཀྱང་། འཁྲབ་སྟོན་དངོས་གཞིར་ཆུ་ཚོད་ཁ་ཤས་ལས་མེད་པའི་མཚམས་སུ་གློ་བུར་དུ་འཁྲབ་སྟོན་རུ་ཁག་དེ་ཕྱིར་ལོག་ཡོད་པ་དེར་རྒྱལ་ཁབ་གཉིས་ལ་ཁ་སྐྱེངས་པོ་བཟོས་ཡོད་སྟབས། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨང་གིས་ཁོའི་བློན་ཆེན་ཞིག་པེ་ཅིན་ལ་ཆེད་དུ་མངགས་ཏེ།རོལ་དབྱངས་ཚོགས་པ་ཕྱིར་ལོག་པ་དེར་དགོངས་སེལ་ཞུ་རུ་བཅུག་ཡོད་པ་རེད་ཅེས་བཀོད་འདུག
བྱང་ཀོ་རི་ཡིའི་པདྨ་རོལ་དབྱངས་ཚོགས་པ་གློ་བར་དུ་ཕྱི་ལོག་པ་དེའི་ཐད་བརྒྱུད་ལམ་ཁག་ཏུ་གླེང་སློང་སྣ་ཚོགས་བྱེད་ཀྱིན་ཡོད་ཅིང་། ཀེམ་ཇོན་ཨང་གིས་བྱང་ཀོ་རི་ཡ་ལ་མེ་ཤུགས་འཕུར་མདའ་ཡོད་པ་མ་ཟད། རྫས་འགྱུར་འབར་རྫས་མཚོན་ཆའང་ཡོད་པ་སོགས་ཁྱབ་བསྒྲགས་བྱས་པའི་རྒྱུ་མཚན་ལ་བརྟེན་ཏེ། འཁྲབ་སྟོན་དངོས་གཞིའི་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་མཉམ་ཞུགས་བྱ་འཆར་མེད་པ་དེར་ཕེ་ཡོན་ཡཱང་ (Pyongyang) སྲིད་གཞུང་གིས་ཤེས་རྟོགས་བྱུང་ཞིང་འདོད་པ་མ་ཁེངས་པའི་རྣམ་འགྱུར་གྱིས་རོལ་དབྱངས་ཚོགས་པ་ཕྱིར་འཐེན་བྱས་པ་རེད་ཟེར་མཁན་ཡང་བྱུང་ཡོད་འདུག ཡང་ཁག་ཅིག་གིས་པདྨ་རོལ་དབྱངས་ཚོགས་པའི་འཁྲབ་སྟོན་ནང་ཆབ་སྲིད་ཀྱི་གཞས་ཚིག་ནང་ཨ་རི་ལ་རྒོལ་རྡུང་དང་རྡུལ་ཕྲན་མཚོན་ཆ་སོགས་ཀྱི་ནང་དོན་ཡོད་པ་དེ་རྒྱ་གཞུང་གིས་བཀག་འགོག་བྱས་པར་བརྟེན། འཁྲབ་སྟོན་མ་བྱས་པ་རེད་ཟེར་མཁན་ཡང་བྱུང་ཡོད་པ་རེད།
རེས་གཟའ་མིག་དམར་ཉིན་ནེའུ་ཡོག་དུས་བབ་རྒྱ་ཡིག་སྡེ་ཚན་གྱིས་གནས་ཚུལ་སྤེལ་བའི་ནང་། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨང་ནི་ཧོད་རྒྱུག་བྱེད་མཁན་དང་བློ་གཏད་མེད་པའི་མི་ཞིག་ཡིན་སྟབས་རྒྱ་ནག་དང་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་འགྲོ་བཞིན་ཡོད་ཀྱང་། ཟླ་ཤས་སྔོན་ནས་རྒྱ་ནག་གིས་ཞི་འཇམ་དང་བློ་འཚབ་ཀྱི་རྣམ་པས་འབྲེལ་བ་མགོ་བཙུགས་བྱས་ཡོད་པའི་སྐོར་ལ། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བྱང་ཀོ་རི་ཡའི་གནད་དོན་ཆེད་མཁས་ཟུར་བ་ཨེ་ཝེ་སི་ (Evans J. R. Revere) ཡིས། སྔོན་ཆད་ལོ་ན་གཞོན་པའི་ཀེམ་ཇོན་ཨང་གི་སྲིད་དབང་རྒྱུན་རིང་མི་བརྟན་པའི་ཚོད་དཔག་བྱས་ཡོད་ཀྱང་། ད་ལྟ་ཁོ་རང་གིས་སྲིད་དབང་རྒྱུན་རིང་བསྐྱོང་རྒྱུ་ཡིན་པ་ཤེས་རྟོགས་བྱུང་རྗེས།རྒྱ་ནག་གཞུང་གིས་ལྟ་སྟངས་ལ་འགྱུར་བ་བྱུང་ནས་མི་རབས་གསར་བའི་མགོ་ཁྲིད་ལ་འབྲེལ་བ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་གཏོང་ཐབས་ལ་འབད་བརྩོན་བྱེད་བཞིན་ཡོད་པ་རེད། ཅེས་བརྗོད་འདུག
ཁ་སང་ཉི་ཧོང་གི་དཔལ་འབྱོར་གསར་འགྱུར་གྱིས་གནས་ཚུལ་སྤེལ་པའི་ནང་། ཕེ་ཡོན་ཡཱང་ཕྱོགས་ནས་འཆར་གཞི་ལ་ལོ་རྗེས་མའི་བྱང་ཀོ་རི་ཡའི་ངལ་རྩོད་ཚོགས་པའི་ཚོགས་ཆེན་༧མ་བསྐོང་སྔོན་ལ། བསྐྱར་དུ་པདྨ་རོལ་དབྱངས་ཚོགས་པ་རྒྱ་ནག་ན་སོང་སྟེ་འཁྲབ་སྟོན་བྱ་རྒྱུ་ཡིན་ཞིང་། གོ་སྐབས་དེ་བརྒྱུད་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨང་ཡང་རྒྱ་ནག་ལ་སྐོར་སྐྱོད་དང་སྲིད་འཛིན་ཞི་ཅིན་ཕིན་ལ་ཐུག་འཕྲད་བྱ་སྲིད་པ་རེད། ཅེས་དང་།
གཞན། པདྨ་རོལ་དབྱངས་ཚོགས་པ་ཕྱིར་བྱང་ཀོ་རི་ཡར་ལོག་རྗེས་ཉིན་ཤས་རིང་ཁོ་ཚོ་བྲེལ་ཚབས་ཆེན་པོ་བྱས་ཏེ། བྱང་ཀོ་རི་ཡའི་བརྙན་འཕྲིན་ནང་ད་ལྟའི་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨང་དང་ཁོའི་ཨ་ཕ་ཀེམ་ཇོན་ཨེ་གཉིས་ལ་བསྟོད་བསྔགས་ཀྱི་གླུ་གཞས་ཤིག་འཁྲབ་སྟོན་བྱེད་བཞིན་ཡོད་པ་སོགས་བཀོད་ཡོད་འདུག
གསར་འགོད་པ། འཇིགས་མེད་རྒྱ་མཚོ།