ཐའེ་ཝན་ས་ཡོམ་ཁྲོད་རྡིབ་སྐྱོན་བྱུང་སྟེ་མི་མང་པོ་འདས་སུ་རྐྱེན་བཏང་བའི་ཝེ་ཀན་ཅིན་ལུང་ཁང་རྩེག་ཆེན་མོའི་སྤྱིན་བདག་གིས་མིང་ཐེངས་གསུམ་ལ་བརྗེས་འདུག་ཟེར།
ཐའེ་ཝན་དབུས་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པའི་ཆུ་ཚོད་ ༩ བར་དུ་ཐའེ་ཝན་གྱི་ས་ཡོམ་ཁྲོད་ཁྱོན་མི་གྲངས་ ༣༦ རྐྱེན་འདས་དང་། མི་གྲངས་ ༡༡༣ གར་སོང་ཆ་མེད་དུ་གྱུར་ཡོད་ལ། རྐྱེན་འདས་སུ་ཕྱིན་པ་མང་ཆེ་བ་ཐོག་རྩེག་ ༡༧ ཅན་གྱི་ཝེ་ཀན་ཅིན་ལུང་ཁང་རྩེག་ཆེན་མོའི་རྡིབ་སྐྱོན་ཁྲོད་བྱུང་ཡོད་སྟབས། ཐའེ་ཝན་གཞུང་གིས་ཁང་རྩེག་ཆེན་མོ་དེའི་འཛུགས་སྐྲུན་སྤུས་ཚད་ལ་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
ས་གནས་ཀྱི་ཡུལ་མི་ཚོས་ཁང་རྩེག་ཆེན་མོ་དེའི་ནང་ཁྱིམ་ཚང་ ༢༦༠ ཙམ་བསྡད་ཡོད་པ་དང་། མང་ཆེ་བ་ཁང་གླ་བྱས་ཏེ་བསྡད་ཡོད་པའི་སློབ་ཕྲུག་ཡིན་ལ། ཁོ་ཚོས་དཔྱིད་གསར་དུས་ཆེན་གྱི་དགའ་འཛོམས་ཆེད་གྲོགས་པོ་གྲོགས་མོ་མང་པོ་མགྲོན་དུ་བོས་ཡོད་སྟབས། ས་ཡོམ་བྱུང་སྐབས་ཁང་རྩེག་དེའི་ནང་མི་གྲངས་ ༣༠༠ བརྒལ་བ་ཡོད་སྐོར་བརྗོད་འདུག་ལ། ཁ་སང་དགོང་མོའི་བར་ཁང་རྩེག་དེའི་རྡིབ་སྐྱོན་འོག་ནས་མི་ ༣༡༠ ཡི་སྲོག་བསྐྱབས་ཡོད་ཅིང་། དེའི་ཁྲོད་ནས་མི་ ༡༠༠ སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཁང་རྩེག་རྡིབ་སྐྱོན་ཁྲོད་ཉེ་འཁོར་གྱི་འགྲུལ་པ་སོགས་མི་གྲངས་ ༥༠༠ ཡས་མས་ལ་རྨས་སྐྱོན་བཟོས་ཡོད་འདུག
ཝེ་ཀན་ཅིན་ལུང་ཁང་རྩེག་ཆེན་མོ་ཟེར་བ་དེ་ཝེ་ཀན་འཛུགས་སྐྲུན་ཚད་ཡོད་ཚོང་གཉེར་ཁང་གིས་ཕྱི་ལོ་ ༡༩༩༢ ལོར་གསར་དུ་བརྒྱབ་ཡོད་པ་དང་། མི་མང་གིས་ཚོང་གཉེར་ཁང་དེའི་སྤྱིན་བདག་ལིན་མེན་ཧེ་ཟེར་བ་འཕྲལ་དུ་འཛིན་བཟུང་བྱས་ཏེ། ཁང་རྩེག་གི་འཛུགས་སྐྲུན་ཐད་གནད་དོན་ག་རེ་ཡོད་མེད་གསལ་བཤད་དང་འབྲེལ། ཤི་རྨས་གོད་ཆག་ཚབས་ཆེན་བྱུང་བར་འགན་འཁུར་དུ་འཇུག་དགོས་པའི་རེ་བ་ཆེན་པོ་འདོན་ཀྱི་ཡོད་ཀྱང་། དྲ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ལིན་མེན་ཧེ་ཟེར་བའི་སྤྱིན་བདག་དེས་ཁོ་རང་གི་མིང་ལིན་མེན་ཧེ་ནས་ལིན་ཅཱ་ཞི་དང་ལིན་ཆིན་ཞང་། ལིན་ཞན་ཏོ་བཅས་ཐེངས་གསུམ་ལ་བརྗེས་ཡོད་པ་དང་། ལིན་མེན་ཧེ་ཟེར་བའི་མིང་དེ་ཐའེ་ཝན་ནང་ཧ་ཅང་ཁྱབ་ཆེན་པོ་ཡིན་པས་མིང་དེ་བཏགས་པའི་ཁེ་ལས་པ་མང་པོ་ཡོད་འདུག ཡིན་ནའང་། ལིན་མེན་ཧེ་ཟེར་བ་དེས་སྔོན་ཆད་ཀྱི་ཁྲིམས་དང་འབྲེལ་བའི་ཡིག་ཆ་ཁག་ཏུ་ལིན་མེན་ཧེ་དང་ཡང་ན་ལིན་ཅཱ་ཞི་ཞེས་ཐོ་འགོད་བྱས་ཡོད་པ་མ་ཟད། ད་ལན་རྡིབ་སྐྱོན་བྱུང་བའི་ཁང་རྩེག་དེ་ཚུད་པའི་ས་ཁང་གི་ཐོ་མིང་ནང་རང་མིང་གི་ཐོག་ལ་ལུང་ཟེར་བའི་ཚིག་ཀྱང་བསྣན་ཡོད་སྟབས། རང་མིང་ལ་བརྗེ་བསྒྱུར་མང་པོ་བྱས་ཡོད་ཀྱང་ཁྲིམས་འབྲེལ་གྱི་ཡིག་ཆ་ཁག་དང་ཞིབ་བསྡུར་བྱས་ཚེ། ཝེ་ཀན་འཛུགས་སྐྲུན་ཚད་ཡོད་ཚོང་གཉེར་ཁང་གི་སྤྱིན་བདག་དེ་སུ་ཡིན་རྩད་གཅོད་ཐུབ་རྒྱུ་ཡིན་སྐོར་རྗོད་ཀྱི་འདུག
གསར་འགོད་པ། པདྨ་མཚོ།