གཅན་སྣང་བ་ཚེ་རིང་བཀྲ་ཤིས།
(དབུས་ཡུ་རོབ་གཙུག་ལག་སློབ་གྲྭ་ཆེན་མོའི་ཆབ་སྲིད་ཚན་རིག་སྡེ་ཚན།)
དེ་ཡང་༧གོང་ས་མཆོག་གི་སྣེ་ཁྲིད་འོག་ཏུ་སྐྱེད་སྲིང་བྱས་པའི་བཙན་བྱོལ་བོད་མིའི་དམངས་གཙོ་འདི་ད་ཆ་ཁ་ཐུར་ནས་ཐུར་དུ་འགྲོ་བཞིན་འདུག་པ་དབང་ཤེས་ཀྱི་མ་ལག་ཚང་བའི་བོད་པ་ཞིག་ཡིན་ཚེ་ཚང་མས་དོ་སྣང་དང་ཤེས་རྟོགས་བྱུང་ཡོད་ངེས། ང་རང་ལ་ཆ་མཚོན་ན། བོད་དང་བོད་ཀྱི་མ་འོངས་པར་བསམ་བློ་གཏོང་མཁན་ཞིག་ཡིན་པའི་ཆ་ནས་འདིར་ལྷག་བསམ་རྣམ་དག་གི་སྒོ་ནས་སྐད་ཆ་ཁ་ཤས་ཤིག་མི་བཤད་ཐུ་མེད་བྱུང་།
བོད་པའི་དབུ་ཁྲིད།
འཛམ་གླིང་གི་དམངས་གཙོའི་ལུང་པ་ཚང་མའི་འོས་བསྡུའི་སྒྲིག་གཞིའི་ནང་གསལ་པོ་བཀོད་ཡོད་པ་ཞིག་ནི། འོས་བསྡུའི་སྐབས་སུ་སྲིད་འཛིན་ནམ་སྲིད་བློན་ལས་ཐོག་གང་རུང་གིས་གཞུང་གི་སྡིངས་ཆ་སོ་སོའི་འོས་ཐོབ་ཀྱི་ཆེད་དུ་བཀོལ་སྤྱོད་བྱེད་མི་ཆོག་པ་དེ་རེད། དེ་ལྟར་གཏན་འབེབས་གནང་དགོས་པའི་རྒྱུ་མཚན་ཡང་མདོར་དེད་ན། སྲིད་འཛིན་ལས་ཐོག་འོས་མི་དེས་སྲིད་འཛིན་ཀྱི་མིང་འཁུར་ཡོད་པས་ཁོ་ལ་རང་བཞིན་གྱི་ཁེ་བཟང་མང་པོ་ཞིག་ཡོད་ལ། ད་དུང་དེའི་སྒང་ལ་གཞུང་གི་སྡིངས་ཆ་བེད་སྤྱོད་བཏང་ན་གཅིག་ནས་ཆབ་སྲིད་ཚན་རིག་པ་ཚོས་ཁ་གཅིག་གྲགས་ཀྱིས་བཤད་བཞིན་པའི་༼འོས་བསྡུའི་བརྒྱུད་རིམ་དེ་འགྲན་རྩོད་ཅན་ཡིན་པ་གང་ཞིག་ལ་རང་དབང་དང་དྲང་པོ་དྲང་བཞག་ཡིན་དགོས་༽ཟེར་བ་དེ་དང་འགལ་བ་མ་ཟད། ཕྱོགས་གཞན་ནས་དེ་འདྲའི་འོས་བསྡུའི་ཁྲོད་དུ་ཁ་གཏད་འོས་མི་ཕམ་ངེས་པ་སྔ་ས་ནས་གཏན་འཁེལ་བས། དེ་དམངས་གཙོའི་གཞུང་ལུགས་ནང་གསུངས་པའི་༼གལ་ཏེ་དམངས་གཙོ་ཡིན་ན་འོས་བསྡུའི་རྒྱལ་ཁ་སུ་ལ་ཐོབ་མིན་ངེས་གཏན་མེད་པ་ཞིག་ཡིན་དགོས་༽ཟེར་བ་དེ་དང་ཡང་འགལ་བ་རེད།
དཔེར་ན། རྒྱ་གར་གྱི་སྲིད་བློན་ཟུར་བ་ཨིན་རྡི་ར་གྷ་དྷེ་ ༡༩༧༥ ལོར་གཞུང་གི་སྡིངས་ཆ་མོའི་འོས་ཐོབ་ཀྱི་ཆེད་དུ་བེད་སྤྱོད་བཏང་བས། མོ་རང་འོས་བསྡུའི་ཁྲོད་ནས་མཐའ་མའི་རྒྱལ་ཁ་ཐོབ་ཀྱང་ཁྲིམས་ཀྱི་འགྲོ་ལུགས་ཀྱི་ཐོག་ནས་ལོ་དེའི་ཟླ་ ༦ པའི་ཚེས་ ༡༢ ཉིན་རྒྱ་གར་ཨ་ལ་བྷ་ཏི་འབྲིང་རིམ་ཁྲིམས་ཁང་གིས་མོའི་འོས་བསྡུའི་སྐབས་ཀྱི་ཁྲིམས་འགལ་གྱི་བྱ་སྤྱོད་དག་ཐེར་འདོན་དང་བདེན་དཔང་བྱས་ཏེ། མཐའ་མ་མོ་རང་སྲིད་བློན་གྱི་ལས་ཐོག་ནས་རྒྱང་འཕུད་བཏང་བ་རེད། དེའི་རྗེས་སུ་མོས་ལམ་སེང་རང་གི་སྲིད་བློན་གྱི་དབང་ཆ་བེད་སྤྱོད་ལོག་པར་བཏང་ནས་རྒྱ་གར་མི་སེར་ཚོའི་དམངས་གཙོའི་ཐོབ་ཐང་ཡོད་ཚད་རྡོག་རོལ་བཏང་སྟེ། ལུང་པའི་ནང་རྙོག་ཟིང་གི་འཁོར་ལོ་བསྐོར་བ་རེད། མོའི་བྱེད་སྟངས་དེས་རྒྱ་གར་གྱི་དམངས་གཙོའི་ལོ་རྒྱུས་ནང་ནག་ཐིག་ཕབས་པ་མ་ཟད། ལོ་རབས་ ༨༠ ནང་གི་ཆབ་སྲིད་དབྱེ་ཞིབ་པ་ཁག་ཅིག་གིས་དམངས་གཙོའི་རྒྱལ་ཁབ་དབྱེ་ཞིབ་ཀྱི་ཁོངས་ནས་རྒྱ་གར་རྒྱལ་ཁབ་དེ་ཕྱིར་འཕུད་ཀྱང་བཏང་ཡོད།
ཆབ་སྲིད་ཚན་རིག་གི་གཞུང་ལུགས་ངོས་ནས་གླེང་ན་དམངས་གཙོའི་ཚད་གཞི་དང་ངོ་བོ་འདྲ་མིན་ལ་བལྟས་ཏེ་འགྲེལ་བཤད་མང་པོ་ཞེ་དྲགས་རྒྱག་སྲོལ་ཡོད། ཡིན་ཡང་ཆབ་སྲིད་ཚན་རིག་པ་ཚོས་གཅིག་མཐུན་དུ་ཁས་ལེན་པ་ཞིག་ནི་དམངས་གཙོའི་ཚད་གཞི་ཆེས་དམའ་ཤོས་ཀྱི་ཆ་རྐྱེན་དེ་རང་དབང་དང་དྲང་པོ་དྲང་བཞག་གི་འོས་བསྡུ་དེ་རེད། དེ་ལ (milimalistic democracy) དང་། ཡང་ན་ (electoral democracy)ཟེར། ང་ཚོ་བོད་པའི་དམངས་གཙོ་ལ་གཞི་རྩའི་ཆེས་དམའ་བའི་ཚད་གཞི་དེ་ཡང་ལོངས་མི་འདུག གང་ཡིན་ཞེ་ན་བོད་པའི་སྲིད་སྐྱོང་འོས་མི་ཚོས་འོས་བསྡུའི་སྒྲིག་གཞི་རྡོག་རྫིས་གཏོང་གི་འདུག ངས་དུས་རྒྱུན་དུ་རང་དབང་དོན་དུ་གཉེར་བའི་ཆབ་སྲིད་འཐབ་རྩོད་པ་ཚོ་ཆབ་སྲིད་པ་ཆགས་ཉིན་ནས། སྐབས་འཚོལ་བ་དང་ཁྲམ་པ། དཔལ་འབྱོར་འཚོལ་སྙེག་པ་སོགས་ལུ་གུ་རྒྱུད་ཀྱི་ཚུལ་དུ་རུ་སྒྲིག་ནས་ཡོང་ལ། དེ་དུས་སྒལ་ཚིགས་ཅན་གྱི་མི་བུ་བྱེ་མའི་ཀློང་ནས་གསེར་འཚོལ་བ་དང་གཅིག་མཚུངས་ཡིན་ཞེས་བཤད་གི་ཡོད་ལ། ད་ཆ་ང་ཚོའི་མགོ་ཁྲིད་ཚོ་ཡང་དེ་འདྲ་ཆགས་གྲབས་བྱེད་ཀྱི་འདུག
དཔེར་ན། འོས་མི་རེ་ཟུང་གི་བྱེད་སྟངས་ལ་འུ་ཐུག་ནས་འོས་བསྡུ་ལས་ཁུངས་ཀྱིས་འོས་བསྡུའི་སྐབས་སུ་གཞུང་གི་སྡིངས་ཆ་སྒེར་གྱིས་བེད་སྤྱོད་བྱེད་མི་ཆོག་པ་དང་། ༧གོང་ས་མཆོག་དང་བོད་པའི་རྒྱལ་རྟགས། རྒྱལ་དར་སོགས་ཀྱང་བེད་སྤྱོད་བྱེད་མི་ཆོག་པའི་བཀའ་ཁྱབ་བཏང་ཡོད། ཡིན་ཡང་༼གང་ཟག་གི་དབང་སྒྱུར་ཆེ་ས་ན་ཁྲིམས་ཀྱི་དབང་སྒྱུར་ཉམ་ཆུང་ཡིན་༽ཟེར་བ་བཞིན་འོས་ཤོག་གི་ཆེད་དུ་༧གོང་ས་མཆོག་གི་མཚན་དང་བཀའ་སློབ་སོགས་རྩམ་པ་ཟ་ཟ་བྱེད་ཀྱི་འདུག་པ་མིག་མཐོང་ལག་ཟིན་ཡིན། ད་དུང་འོས་མི་རེ་ཟུང་གིས་རྩོད་རྙོག་ཅན་གྱི་དྲི་བ་ཁ་ཤས་ལ་ལན་འདེབས་གནང་དུས། རང་ཉིད་ཀྱི་ངོས་ནས་རྒྱུ་མཚན་ཡང་དག་རྟགས་སུ་བཀོད་ནས་གནད་དོན་ཁ་གསལ་མི་བཟོ་བར་༧གོང་ས་མཆོག་གི་བཀའ་སློབ་ཚན་པ་ཞིག་གཅོད་འབྲེག་བྱས་ཏེ། དྲི་བ་གཏོང་མཁན་དང་འོས་མི་ཕ་རོལ་བ་གཉིས་ཀྱི་སྨྲ་ལྕེ་ལ་སྒོ་ལྕགས་རྒྱག་པར་བརྩོན་གྱི་འདུག
༧གོང་ས་མཆོག་ཁ་ལ་འཁྱེར་ནས་རང་ཉིད་བདེན་དཔང་བྱས་པ་ཡིན་ན། དེ་དུས་སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་ལས་ལྷག་པའི་ཨ་མའི་བུ་བློ་སྤོབས་ཅན་ཞིག་མདུན་ལ་ཐོན་ཡོང་ནས་གདོང་ལེན་བྱེད་དགོས་པ་རེད། ཡིན་ཡང་བཙན་བྱོལ་སྤྱི་ཚོགས་ནང་ཀླུ་མཁར་བྱམས་གཅིག་མ་གཏོགས་གཉིས་མེད་པས། འོས་མི་གང་དེས་༧གོང་ས་མཆོག་རང་ཉིད་ཀྱི་རྒྱབ་རིར་བཟོས་པའི་དུས་དེ་ནས་སྤྱིར་བཏང་གི་བོད་མི་མི་བུ་ཕལ་བ་ཞིག་གི་རྒྱུ་མཚན་གྱི་དབུགས་རྒྱུན་འགག་འགྲོ་གི་རེད། སྤྱིར་༧གོང་ས་མཆོག་གི་བཀའ་སློབ་གང་ཡིན་ཡང་དེ་ཡུལ་དང་དུས། གནས་བབ་གསུམ་ལ་གཞིགས་ནས་གོ་བ་ལེན་དགོས་ལ། སྐབས་བབ་ཀྱི་འོས་བསྡུའི་དུས་སྐབས་སུ་བཀའ་སློབ་ཚན་པ་གང་རུང་ཞིག་གཅོད་འབྲེག་བྱས་ཏེ་རང་ཉིད་ཀྱི་དགོས་མཁོ་སྐོང་ཐབས་བྱེད་པ་ནི་ཆོས་ཁྲིམས་གཉིས་ཀར་འགལ་ཡོད།
དེ་ལས་ཀྱང་ཆེས་བློ་ཕམ་པ་ཞིག་ནི་བོད་ནང་གི་གཞིས་བཞུགས་བོད་མི་ཚོ་ཡང་འོས་ཐོབ་ཀྱི་ལག་ཆར་བེད་སྤྱོད་བཏང་ཡོང་གི་འདུག བོད་ནང་གི་བོད་མི་ཚོ་དང་བྱེ་བྲག་བོད་ནང་གི་གླུ་གཞས་སྒྱུ་རྩལ་པ་ཁ་ཤས་ཀྱིས་སྲིད་སྐྱོང་ལ་ཆེ་བསྟོད་ཀྱི་གླུ་གཞས་བཏང་ཡོད་པ་དེ་ཚོས་ཁྱབ་ཆེ་ས་ནས་བོད་ཕྱི་ནང་གཉིས་ཀྱི་དམ་ཟབ་ཀྱི་འབྲེལ་བ་དང་ཁྱབ་ཆུང་ས་ནས་བོད་ནང་གི་བོད་མི་ཚོས་བཙན་བྱོལ་ནང་གི་དབུ་ཁྲིད་ལ་ཡིད་ཆེས་བློ་འགེལ་ག་ཚོད་བྱེད་ཀྱི་ཡོད་མེད་མཚོན་གྱི་ཡོད།
བོད་ནང་གི་བོད་མི་ཚོས་བཙན་བྱོལ་བོད་གཞུང་དང་གཞུང་གི་ལས་ཀྱི་སྣེ་མོ་བ་ཚོ་ལ་ཡིད་ཆེས་དང་རེ་ལྟོས་བྱེད་ཀྱི་ཡོད་པའི་དངོས་ཡོད་གནས་ཚུལ་དེ་ཚོ། རྒྱ་ནག་དང་མཉམ་དུ་རྒྱལ་སྤྱིའི་སྒང་ནས་བོད་མིའི་ངོ་ཚབ་ཏུ་མཚོན་མིན་ལ་སོགས་པའི་རྩོད་རྙོག་ཐད་ལ་བགྲོ་གླེང་བྱེད་པའི་སྐབས་རྒྱུ་མཚན་གཤའ་མ་རུ་བགྲངས་དགོས་པ་ལས། བོད་པ་ནང་ཁུལ་ལ་གླུ་གཞས་ཀྱི་བརྙན་དེ་ཚོ་ས་བསྒྲགས་གནམ་བསྒྲགས་བྱེད་པ་དེ་༼མི་ངན་པས་རང་བསྟོད། བྱ་ཁ་ཏྭས་སྒྲོ་བསྟོད།༽ཟེར་བའི་ཅོལ་ཆུང་གི་བྱེད་སྟངས་ཉག་གཅིག་ཏུ་མཐོང་།
དེར་བརྟེན། ངས་ཞུ་འདོད་པ་ནི་གཏན་འབེབས་གནང་ཟིན་པའི་འོས་བསྡུའི་སྒྲིག་གཞི་ལ་འགལ་བའི་སྲིད་སྐྱོང་འོས་མི་ཡིན་ཚེ། ཆུ་མ་ཡོང་གི་རགས་ཞེས་པའི་དཔེ་ལྟར། ངེས་པར་དུ་སྔོན་འགོག་དང་ཁྲིམས་ཀྱི་འགྲོ་ལུགས་ཀྱི་ཐོག་ནས་ཉེས་ཆད་གཅོད་དགོས། དེ་མ་གཏོགས་ཁྲིམས་ཀྱི་དབང་སྒྱུར་ནས་གང་ཟག་གི་དབང་སྒྱུར་དེ་བོད་པའི་སྤྱི་ཚོགས་ནང་སྤྱིར་བཏང་གི་འགྲོ་ལུགས་ཤིག་ཆགས་པའི་ཉེན་ཁ་འདུག
བོད་པའི་མང་ཚོགས།
དུས་རབས་བཅུ་དགུ་པའི་ཨིན་ཇིའི་བསམ་བློ་སྨྲ་བ་ཇོན་སཀྲོརཀྲི་མིལ་གྱི་དཔེ་དེབ་སྐད་གྲགས་ཆེ་ཤོས་༼རང་དབང་༽ཟེར་བ་དེའི་ནང་། ཁོས་༼མི་མཐུན་པའི་ལྟ་ཚུལ་ལ་ག་དུས་ཡིན་ཡང་དཀྱེལ་ཡངས་ཐོག་ནས་གོ་བསྡུར་བྱེད་པ་ནི་རང་ཉིད་ཀྱི་ལྟ་ཚུལ་ཡང་དག་ཡིན་མིན་ར་སྤྲོད་བྱེད་པའི་དུས་སྐབས་གཅིག་རང་དེ་ཡིན།༽ཞེས་གསུངས་བ་བཞིན།༼དམངས་གཙོའི་ལམ་ལུགས་སྲ་བརྟན་ཡོང་བ་ལ་ཆབ་སྲིད་སྒྲིག་འཛུགས་ཁག་དགོས་གལ་ཆེ་བ་མ་ཟད། གུ་ཡངས་དང་བཟོད་སྒོམ་བྱེད་ཐུབ་པའི་མི་སེར་ཡང་དགོས། གལ་ཏེ་མི་སེར་ཚོས་ཕན་ཚུན་གྱི་བསམ་ཚུལ་ལ་གུས་བརྩི་བྱེད་མ་ཐུབ་ན། འཕེལ་རྒྱས་རང་བཞིན་གྱི་བསམ་བློའི་འཆར་སྒོ་འགག་འགྲོ་ཡི་ཡོད། ༽ལ། དེ་འདྲའི་གནས་སྟངས་འོག་ཏུ་༼གྲངས་མང་དབང་སྒྱུར་༽གྱིས་གྲངས་ཉུང་ཐོབ་ཐང་རྡོག་རོལ་གཏོང་བའི་ལས་འགུལ་རྩོམ་གི་རེད།
ཆབ་སྲིད་ཚན་རིག་པ་ཚོས་འོག་ནས་ཡར་རྩོད་ལེན་བྱས་པ་མ་ཡིན་པར་གོང་ནས་མར་བསྩལ་བའི་དམངས་གཙོའི་ལུང་པ་དེ་ཚོ་ཕྱི་ལོགས་ནས་འདྲ་ཆགས་པོ་ཡོད་རུང་། ལུང་པ་དེ་དག་གི་ནང་དུ་དམངས་གཙོའི་ལམ་སྲོལ་ལ་མཁོ་གལ་ཆེ་བའི་ཆབ་སྲིད་རིག་གཞུང་དེ་མེད་པས། དོན་དངོས་སུ་ལུང་པ་དེ་དག་གི་ནང་དུ་དམངས་གཙོ་མ་ཡིན་པའི་ལྐོག་གྱུར་གྱི་བྱེད་སྟངས་མང་པོ་ཡོད་ཅེས་གསུངས་བ་བཞིན། བོད་པ་ཚོས་ཁ་ནས་བོད་པ་དམངས་གཙོ་ཞེ་དྲགས་ཡོད་རབས་བཤད་ཀྱང་། གནད་འགག་ལ་ཐུག་དུས་རང་ཉིད་དགའ་སའི་འོས་མི་ཡིན་ན་བདེ་བ་ཅན་གྱི་ཞིང་ཁམས་ལ་བསྐྱལ་གྲབས་བྱེད་ལ། རང་ཉིད་མི་དགའ་སའི་འོས་མི་དེ་དམྱལ་བར་བརྫངས་ཐབས་བྱེད།
དཔེར་ན། ཉེ་ལམ་ནེའུ་ཡོག་ཏུ་བོད་པ་ཞིག་གིས་སྲིད་སྐྱོང་ལ་དྲི་བ་འདྲི་དུས། ཚོགས་ཁང་དེར་ཡོད་པའི་བོད་པ་མང་དག་ཅིག་གིས་དྲི་བ་འདྲི་མཁན་གྱི་གང་ཟག་དེ་ལ་དྲི་བ་འདྲི་རུ་མ་བཅུག་པར། མ་འདོད་མདོག་མདོག་གི་རྣམ་འགྱུར་བསྟན་ཏེ་ཧ་ཅང་ཁྱད་མཚར་བའི་སྐད་ཅོར་རྒྱག་པ་དེ་རེད། དྲི་བ་འདྲི་མཁན་གྱི་མི་དེའི་རྒྱབ་ལྗོངས་གང་འདྲ་ཡིན་མིན་གང་ལྟར་ཀྱང་། གཏམ་བཤད་མཁན་ལ་དྲི་བ་འདྲི་ཆོག་པ་དེ་མི་ཞིག་གི་གཞི་རྩའི་ཐོབ་ཐང་རེད། བསྟོད་པ་རྐྱང་རྐྱང་མ་གཏོགས་སྐྱོན་བརྗོད་བྱེད་མ་ཆོག་ན་ང་ཚོ་རྒྱ་ནག་དམར་ཤོག་པ་ཚོ་དང་ཁྱད་པར་ག་རེ་འདུག ཨ་རི་དམངས་གཙོའི་ལུང་པའི་ནང་དུ་ཡོད་པའི་བོད་པ་དེ་ཚོས་གཞན་གྱི་དམངས་གཙོའི་ཐོབ་ཐང་ལ་བརྩི་བཀུར་བྱེད་མི་ཤེས་པའི་གནས་སྟངས་དེ་མཐོང་དུས། ངས་ནེའུ་ཡོག་ནང་གི་བོད་པ་དེ་ཚོས་སྨྱོ་ཟ་སྨྱོ་ཆུ་བཏུང་ནས་སྨྱོ་ཚད་ཟིན་གྱི་མི་འདུག་བསམས་པའི་ཚོར་བ་ཤུགས་ཆེན་བྱུང་། ད་དུང་དེ་ལས་ཀྱང་ཡིད་སྐྱོ་བ་ཞིག་ནི་དྲ་ལམ་ནས་བོད་པ་མང་དག་ཅིག་གིས་རྒྱུ་མཚན་དང་ལུང་རིགས་བེད་སྤྱད་དེ་དགག་བཞག་རྩོད་སྒྲུབ་བྱེད་པ་མ་ཡིན་པར། བཟང་སྤྱོད་དང་འགལ་བའི་བརྙན་དང་པར་རིས་ཚད་ལས་བརྒལ་བ་དེ་འདྲ་བཟོས་ཏེ་སྤྱི་ཚོགས་ཧྲིལ་པོར་བརྡབ་གསིག་གཏོང་གི་འདུག
གལ་ཏེ་བཙན་བྱོལ་ནང་གི་མགོ་ཁྲིད་དང་མི་དམངས་ཚང་མས་ད་ལྟའི་བྱེད་སྟངས་དག་ལ་ཕྱིར་རྟོག་བྱས་ཏེ་འགྱུར་བ་མ་བཏང་ཚེ། རྒྱ་ནག་གི་མཁྲེགས་འཛིན་ཅན་གྱི་མགོ་ཁྲིད་ཚོས་བཤད་པ་ལྟར། ཕལ་ཆེར་དེ་རིང་ནས་བརྩིས་པའི་ལོ་ངོ་ ༥༠ རྗེས་སུ་བོད་ཀྱི་གནད་དོན་དེ་འཛམ་གླིང་ནང་འཇའ་ཡལ་བ་བཞིན་ཡལ་ངེས་ལ། སྐབས་དེར་༧གོང་ས་མཆོག་ང་ཚོ་དང་མཉམ་དུ་ཡོད་མི་སྲིད་ལ། བཙན་བྱོལ་བོད་མི་ཚོ་གཞི་གཅིག་ཏུ་སྦྲེལ་བྱེད་ཀྱི་དམངས་གཙོའི་སྒྲིག་འཛུགས་དེ་ཡང་ཁ་འཐོར་དགུ་འཐོར་དུ་ཕྱིན་ཡོད་ངེས།
དཔྱད་གཞིའི་ཡིག་ཆ།
1.) Dalton, R., Sin, T. and Jou, W. (2007). Understanding Democracy: Data from
2.) Unlikely Places. Journal of Democracy, [online] 18(4), pp.142-156.
Available at:
3.) http://muse.jhu.edu/journals/journal_of_democracy/v018/18.4dalton.html
[Accessed 19 Feb. 2016].
4.) Tibet.net, (2015). Election Commission Explain Penalties for Violation of
5.) Electoral Regulations | Central Tibetan Administration. [online] Available
at:
6.) http://tibet.net/2015/09/election-commission-explains-penalties-for-violation-of-electoral-regulations/
[Accessed 19 Feb. 2016].
7.) Council on Foreign Relations, (2015). A Conversation With Francis Fukuyama.
[online] Available at:
8.) http://www.cfr.org/global/conversation-francis-fukuyama/p36973 [Accessed 19
Feb. 2016].
9.) YouTube, (2016). Sikyong Lobsang Sangay Answering Public Questions in NYC
(Feb 14, 2016). [online] Available at:
10.) https://www.youtube.com/watch?v=UTU9BMaM2vA [Accessed 19 Feb. 2016].
11.) YouTube, (2015). Sikyong 2016 Lobsang Sangay ( part-1). [online] Available
12.) at: https://www.youtube.com/watch?v=cQWrcgq-Ezk [Accessed 19 Feb. 2016].
13.) YouTube, (2016). ༢༠༡༦ ཟླ་ ༢ ཚེས་ ༥ བོད་ཀྱི་བརྙན་འཕྲིན་གསར་འགྱུར།. [online]
14.) Available at: https://www.youtube.com/watch?v=RNrmA0PICkI [Accessed 19 Feb.
2016].
15.) Mill, J. (n.d.). On liberty. Raleigh, N.C.: Alex Catalogue.
བོད་མིའི་སྤྱི་ཚོགས་སྤར་བ་གང་བོ་འདིའི་ནང་། དངོས་ནས་བོད་མི་རིགས་ཀྱི་རྩ་དོན་སྙིང་བོར་བཟུང་ནས་མ་འོངས་སྔོན་བསུ་བྱེད་མཁན་མེད་ཁར། དོན་མེད་ངང་འུར་སྒྲོག་གིས་གང་ཟག་ཅིག་གི་རྒྱབ་རྩར་ལངས་ནས། ཕ་རོལ་བོའི་ཁ་གཏད་དང་རྒྱབ་སྐྱོར་བ་ཅི་རིགས་ཀྱི་མི་སྒེར་ལ་མིག་བཙུམས་ནས་དམའ་འབེབས་་་་་་་ངན་ཟེར་བ་དང་ར་བཟི་ཟེར་་་་་་བྱེད་པ་འདིས། ཁྱེད་རང་མི་བཟང་ཞིག་ཡིན་པ་གནས་ལུགས་གང་གིས་བསྒྲུབ་ཐུབ་བམ། དེའི་ཕྱིར་གནས་ལུགས་རྒྱུ་མཚན་དུ་མི་འགྲོ་བའི་གང་ཟག་ལ་རྩོད་གླེང་བྱེད་པ་ལས། རང་གི་མགོ་བོ་རྡོ་ལ་གཞུས་ན་ན་ཚ་ཉུང་བ་ཡོད་ངེས་རེད།
དཔྱད་རྩོམ་འདི་རྩམ་གཟན་བོད་རིགས་ཡོངས་ལ་ཁྱབ་དགོས་གལ་ཆེ་བ་ཞིག་རེད་འདུག།
ཚང་མས་བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ། རྒྱུ་མཚན་དང་གནས་ལུགས་ཡོད་པའི་ལེགས་ཉེས་གང་རུང་གི་བསམ་ཚུལ་ལ་དགའ་བསུ་ཡོད།དེ་མ་གཏོགས་རྒྱུ་མཚན་མེད་པར་རང་ཉིད་ཀྱི་ཚོར་བ་གཅིག་པུར་གཞི་བཅོལ་ནས་དོན་མེད་ཀྱི་ཅ་ཅོ་འབྱིན་པའི་རིགས་དང་མཉམ་དུ་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་འདོད་མི་འདུག
ཡག་པོ་བྲིས་འདུག ད་བར་དཔྱད་གཏམ་ཡིན་ཟེར་མཁན་མཐོང་ཚད་ཀྱི་ནང་དྲག་ཤོས་རེད་འདུག
ཚེ་རིང་བཀྲིས་ལགས་ཐུགས་རྗེ་དཔྱད་རྩོམ་སྤེལ་བ། ད་ལྟའི་སྐབས་སུ་དཔྱད་རྩོམ་དེ་འདྲ་་སྤེལ་ཐུབ་ན་མི་མང་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེ་བ་མཐོང་། དེང་དུས་བཙན་བྱོན་ནང་གི་རྩོམ་པ་པོ། ཞིབ་པ་ཕལ་མོ་ཆེ་རང་གི་མཚན་སྙན་གྲགས་ཁོ་ནར་འཐམ་ནས་སྤྱི་ཚོགས་ཀྱི་དངོས་ཡོད་ལ་ཞིབ་འཇུག་བྱས་ཏེ་དཔྱད་རྩོམ་སྤེལ་མཁན་ཉི་མོའི་སྐར་མ་ལྟ་བུ་མཚོན།
ཞིབ་འཇུག་རང་བཞིན་ཅན་གྱི་དཔྱད་རྩོམ་བྲིས་པར་ངོ་སོ་བསྟོད། ཐེངས་འདིའི་འགྲོ་བཞིན་པའི་འོས་བསྡུའི་ལས་རིམ་ནང་དུ་སྒྲིག་འགལ་དང་མང་གཙོ་ལོག་སྤྱོད་ཀྱི་བྱ་ལས་དག་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་སྒོ་ནས། མགོ་མཇུག་ཚང་མ་ནས་སྟོད་ཧྲེང་དང་སྨད་ཧྲེང་དུ་ཕུད་བཞིན་འདུག དེ་དག་ལ་འོས་བསྡུ་ལྷན་ཁང་ནས་བསྒྲགས་གཏམ་ཙམ་ལས་བྱ་སྤྱོད་དངོས་ཀྱི་སྟེང་ནས་གང་ཡང་གནང་ཐུབ་ཀྱི་མི་འདུག དཔེར་ན། སུད་སིར་སྲིད་སྐྱོངས་བློ་སེང་གི་རྒྱབ་སྐྱོར་བ་དག་གིས་བྲང་སྟེང་དུ་བཏགས་པའི་ཁྱབ་བསྒྲགས་རྟགས་མ་དེར། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་དང་སྲིད་སྐྱོངས་ལས་ཐོག་གི་པར་གཉིས་ལྷན་དུ་བཀོད་ཡོད་པ་དེ་རེད། མདོར་ན་བོད་ཀྱི་རྒྱལ་དར་ཇི་མི་སྙམ་པར་བེད་ལོག་ཏུ་བཀོལ་འདུག་པས། དེ་ནི་འོས་བསྡུའི་སྒྲིག་གཞི་རྐང་འོག་གི་རྡུལ་དུ་བརྩིས་པ་རང་རེད།
འོས་བསྡུས་འོས་བསྡུས་ ད་ང་ཚོས་སྤྱི་ཚོགས་ནང་ཁྱོད་དང་ང་ ངའི་འོས་མི་རྒྱལ་དགོས་པ་དང་ཁྱེད་རང་ཕམ་དགོས་པ་ལས་དོན་ངོས་ཀྱི་འོས་མིར་དཔྱད་པའི་ཐོག་ནས་འོས་འཕེན་རྒྱུ་ནི་ཤིན་དུ་ཁག་པོ་རེད་འདུག། གོང་གི་དཔྱད་རྩོམ་ལྟར་ང་ཚོས་ད་ལྟ་ཡག་པོ་མ་བྱེད་ན་མ་འོངས་མ་ལོ་༥༠་ནས་བོད་པ་ཞེས་པ་དེ་དྲི་མ་ཙམ་ཡང་མེད་པ་འགྱུར་བའི་ཉེན་ཁ་མངོན་གསལ་རེད།
ད་འོས་འཕེན་པ་ལ་དགོས་བ་མིན་འདུག། ཡིད་ཐང་ཆད་སོང།
གཞན་རྣམས་ཨོ་ཙམ་བྲིས་འདུག ༼ཉེ་ལམ་ནེའུ་ཡོག་ཏུ་བོད་པ་ཞིག་གིས་སྲིད་སྐྱོང་ལ་དྲི་བ་འདྲི་དུས། ཚོགས་ཁང་དེར་ཡོད་པའི་བོད་པ་མང་དག་ཅིག་གིས་དྲི་བ་འདྲི་མཁན་གྱི་གང་ཟག་དེ་ལ་དྲི་བ་འདྲི་རུ་མ་བཅུག་པར། མ་འདོད་མདོག་མདོག་གི་རྣམ་འགྱུར་བསྟན་ཏེ་ཧ་ཅང་ཁྱད་མཚར་བའི་སྐད་ཅོར་རྒྱག་པ་དེ་རེད།༽ཟེར་བ་དེ་དང་། ༼ ངས་ནེའུ་ཡོག་ནང་གི་བོད་པ་དེ་ཚོས་སྨྱོ་ཟ་སྨྱོ་ཆུ་བཏུང་ནས་སྨྱོ་ཚད་ཟིན་གྱི་མི་འདུག་བསམས་པའི་ཚོར་བ་ཤུགས་ཆེན་བྱུང་། ༽ཟེར་བ་འདི་གཉིས་ཏག་ཏག་བསྡད་མི་འདུག སྨྱོ་ཆུ་བཏུང་མཁན་དེ་འཕྲིན་ལས་སྐལ་བཟང་ཡིན་པ་སྨོན་མེད་རེད། དེའི་ཞོར་དུ་ཁྱེད་རང་ཡང་ཏོག་ཙམ་སྦིར་འདུག མ་ཚད་ཁྱེད་རང་ཉིད་ཏོག་ཙམ་བཀྱག་པའི་ཁུལ་བྱས་འདུག སྐྱག་པའི་ལྐུག་བཀྱག་ན་ཁྱོ་ཡོད་མ་རེད། དཔྱད་གཏམ་དཔེ་ན་ཚང་པའི་ཐིག་བཏབ་པ་ལྟར་ཞིག་ཡོང་རྒྱུར་འབད་བརྩོན་བྱེད་དགོས། ཧ་ཨེ་གོ་ཐལ།
༡འཕྲིན་ལས་སྐལ་བཟང་ཟེར་བ་དེ་སྤེན་ཚེ་ལ་འབྲེལ་བ་ཡོད་པའི་དབང་དུ་བཏང་ཡང་།་ཚོགས་ཁང་ཆེན་པོ་དེའི་ནང་འཛོམས་པའི་མི་ཚོགས་མང་པོ་དེས་གཞན་གྱི་སྨྲ་བརྗོད་རང་དབང་ལ་གུས་བརྩི་བྱེད་མི་ཤེས་པ་དེ་སྨྱོ་ཟ་སྨྱོ་ཆུ་བཏུང་བའི་རྟགས་མིན་ན་ག་རེ་རེད།་་ང་དམངས་གཙོའི་གཞུང་ལུགས་སྦྱོང་མཁན་ཞིག་ཡིན།དེ་བས་ངས་དམངས་གཙོའི་གོ་རྟོགས་མེད་མཁན་ཚོར་གཞུང་ལུགས་རང་བཞིན་གྱི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་དེ་ངའི་ལས་འགན་རེད།་་་ཕ་རོལ་བོ་དེ་ལ་ཁྱེད་རང་ག་ཚོད་མ་དགའ་རུང་།་ཕ་རོལ་བའི་བསམ་ཚུལ་ག་ཚོད་ཁས་ལེན་བྱེད་མ་ཐུབ་རུང་།་ཕ་རོལ་བོའི་སྐད་ཆ་དང་བསམ་ཚུལ་བརྗོད་དུས་གུས་བརྩི་ཡོད་པའི་ཐོག་ནས་ཉན་ཤེས་དགོས་པ་བྱེད་དགོས།་་
༢༼་ཁྱེད་རང་ཉིད་ཏོག་ཙམ་བཀྱག་པའི་ཁུལ་བྱས་འདུག༽་་ཟེར་བ་དེའི་དོན་གང་ཡིན་མགོ་ཚོས་མ་སོང་་་་རྒྱུ་མཚན་གང་ཡང་བགྲངས་མི་འདུག་་་་རྒྱུ་མཚན་བགྲངས་རྒྱུ་ཡོད་ན་བགྲོ་གླེང་བྱེད་ཆོག
ཚེ་བཀྲ་ལགས། ཁྱེད་ཀྱི་དཔྱད་རྩོམ་ཐད་གང་ཡང་ཞུ་རྒྱུ་མེད། འོན་ཀྱང་ཉེ་ཆར་ཨ་རིར་མི་མང་གིས་སྐད་རྒྱག་པ་དེའི་ཐད་ནས་བསམ་ཚུལ་ཞིག་ཡོད། སྤྱིར་དྲི་བ་ག་རེ་བཀོད་ཀྱང་རང་དབང་ཡིན་མོད། འོན་ཀྱང་འཕྲིན་ལས་སྐལ་བཟང་ཟེར་བ་དེས་ཚུལ་མཐུན་གྱི་དྲི་བ་མ་བཀོད་པར། སྲིད་སྐྱོང་ལ་དོལ་རྒྱལ་ཚོགས་པས་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་སྲིད་སྐྱོང་དོལ་རྒྱལ་བ་དང་འབྲེལ་བ་ཡོད་པའི་དཀྲོག་གཏམ་སྤེལ་ཐབས་བྱས་སོང་བས་མི་མང་གིས་སྐད་རྒྱག་པར་ཁག་མི་འདུག་སྙམ།
རིག་པ་མི་གསལ་པའི་སྐུ་ཞབས་ལུང་ཁོ་ནར་རྟོགས་པའི་གྲོགས་པོ། ཁྱེད་ཀྱིས་བློ་སེང་ལ་དོལ་ཚོགས་ཀྱིས་ཡིག་ངག་གཉིས་ཐོག་ནས་བསྟོད་བསྔགས་བྱེད་ཀྱི་མེད་པའི་རྒྱུ་མཚན་ལྷ་ཡུལ་ནས་ཉོ་རྒྱུ་ཡིན་ནམ། གླུ་ཡུལ་ནས་རྐུ་རྒྱུ་ཡིན།
དྲང་བདེན་ལགས། ཁྱེད་ཀྱིས་ཁོག་སྟོང་བ་ནས་ཁ་སྤོབས་ཆེན་པོ་ཞིག་འཐེན་འདུག
གཞན་རྣམས་ཨོ་ཙམ་བྲིས་འདུག ཟེར་འགྲོས་ལ་ལྟོས་ན་ཁྱེད་ཀྱིས་དཔྱད་རྩོམ་འདི་ལས་ལེགས་པ་ཞིག་འབྲི་ཐུབ་ཁུལ་རེད། དེས་ན་ངས་ཁྱེད་ལ་བདུན་ཕྲག་ཅིག་གི་དུས་ཚོད་སྟེར། ཁྱེད་ཀྱིས་རྩོམ་སྤུས་གོང་གི་ཕྱེད་ཀར་ལོན་པ་ཞིག་འབྲི་སྤེལ་བྱོས་དང་། ཕྲན་གྱིས་ཁྱེད་ལ་རྩོམ་རིན་དུ་གཡག་ཅིག་སྟེར། གཡག་རིན་སྒོར་དུ་བརྩིས་ནས་ཕུལ་ནའང་ཆོག ངའི་རེ་བར་མུ་མཐུད་བརྡ་ལན་ཡོད་པར་ཞུ།
གཅན་སྣང་བ་ཚེ་རིང་བཀྲིས་ལགས། ཤེས་བྱ་ཡོད་ལ། ཡོན་ཏན་ཡང་ཡོད་པའི་མི་ཞིག་རེད་འདུག། ཤེས་བྱ་གང་ལྡན་འདུག་གམ་བཞེད་ན། མང་གཙོའི་ཤེས་བྱའི་གོ་རྟོགས་གཏིང་ཟབ་་ལྡན་འདུག། ང་ཚོ་བོད་པ་རྣམས་ལ་ཁྱེད་ལྟ་བུའི་ཤེས་ཡོན་ལྡན་ན་ཕྱོགས་རིགས་དང་ལུང་ཚན་གྱི་ཞེན་ཁོག་སྤང་ནས། ཕུགས་རྒྱང་རིང་པོའི་བོད་མིའི་ནུས་པ་གཅིག་འགྲིལ་གྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་ངེས་ཡིན།། མཆོད་མེ་སྤར་དགོན་པར་བསྐོར་བ་རྒྱབ་ནས་ཆོས་བྱེད་ཀྱི་ཡོད་ཟེར་བ་ལས། ཕྱོགས་ལྷུང་སྤང་ནས་རིག་གཞུང་སྲུང་སྐྱོབ་ལ་ཕན་པའི་ནུས་པ་སུས་འདོན་ཐུབ་ཀྱི་འདུག་གམ། དེར་བསམ་བློ་གཏང་ནས་སྲིད་སྐྱོང་འདེམས་དགོས།། གནང་སྣང་ལགས་ཐུགས་རྗེ་ཆེ།།