བལ་ཡུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་བརྡབ་སྐྱོན་བྱུང་སྟེ་མི་གྲངས་ ༢༣ རྐྱེན་འདས་སུ་ཕྱིན་ཡོད་འདུག
ཁ་སང་བལ་ཡུལ་སྤོག་ར་ནས་ཇོམ་སོམ་ཞེས་པའི་གྲོང་རྡལ་དུ་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཆུང་ཆུང་ཞིག བལ་ཡུལ་ནུབ་ཁུལ་དུ་ཡོད་པའི་མ་ཡཱ་ཌི་ (Myagdi )རྫོང་དཱ་ནཱ་ཟེར་བའི་གྲོང་རྡལ་གྱི་ཉེ་འགྲམ་ཞིག་ཏུ་བརྡབ་སྐྱོན་བྱུང་སྟེ། གནམ་གྲུ་དེའི་ནང་ཞབས་ཞུ་ལས་བྱེད་གསུམ་དང་འགྲུལ་བ་ ༢༠ བཅས་མི་གྲངས་ ༢༣ ཡོད་པ་ཚང་མ་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། རྐྱེན་འདས་ཕྱིན་པའི་འགྲུལ་བ་ཚོའི་ནང་རྒྱ་ནག་གི་ཡུལ་སྐོར་བ་གཅིག་དང་ཨེ་ཤ་ཡའི་ཤར་དབུས་ཁུལ་གྱི་རྒྱལ་ཁབ་ཁོ་ཝི་ཊིའི་འགྲུལ་བ་གཅིག་ཡོད་པ་ལས་གཞན་ཚང་མ་བལ་ཡུལ་གྱི་མི་ཡིན་འདུག
བལ་ཡུལ་གཞུང་ཕྱོགས་ནས་འགྲུལ་སྐྱེལ་གནམ་གྲུ་དེ་སྤོག་ར་ནས་འཕུར་མགོ་བརྩམས་ནས་སྐར་མ་ ༡༠ ཙམ་ལས་མ་འགོར་བར་བོར་བརླག་ཏུ་ཕྱིན་ཡོད་པ་དང་། གནམ་གཤིས་ཡག་པོ་མེད་པ་དང་། ས་བབ་ཆགས་ཚུལ་རྙོག་ཟིང་ཆེ་བའི་རྐྱེན་ཀྱིས་གནམ་གྲུ་འཚོལ་ཞིབ་བྱེད་པར་དཀའ་ངལ་འཕྲད་ཡོད་པ་དང་། གནམ་གྲུའི་བརྡབ་སྐྱོན་ལ་འབྲེལ་ཡོད་ཞིབ་འཇུག་པས་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་བརྗོད་འདུག
ཕྱི་ལོ་ ༡༩༤༩ ལོར་བལ་ཡུལ་ནང་ཐེངས་དང་པོར་གནམ་གྲུ་འཕུར་སྐྱོད་བྱེད་མགོ་བརྩམས་པ་ནས་བཟུང་ད་ལྟའི་བར་གནམ་གྲུ་ཆེན་པོ་དང་ཐད་འཕུར་གནམ་གྲུ་ ༧༠ ལྷག་ལ་བརྡབ་སྐྱོན་བྱུང་ཡོད་པ་དང་། ཁྱོན་མི་གྲངས་ ༧༠༠ བརྒལ་བ་རྐྱེན་འདས་སུ་ཕྱིན་ཡོད་འདུག གནམ་གྲུ་བརྡབ་སྐྱོན་གྱི་ཞིབ་འཇུག་སྙན་ཐོ་ལྟར་ན། ཕྱི་ལོ་ ༡༩༤༥ ནས་ད་ལྟའི་བར་འཛམ་གླིང་ཐོག་གནམ་གྲུ་བརྡབ་སྐྱོན་བྱུང་བ་མང་ཤོས་ཀྱི་རྒྱལ་ཁབ་ཨ་རིའི་ནང་བརྡབ་སྐྱོན་གྱི་དོན་རྐྱེན་ ༧༨༨ བྱུང་སྟེ། མི་གྲངས་ ༡༠༦༢༥ རྐྱེན་འདས་སུ་ཕྱིན་ཡོད་པ་དང་། དེ་བཞིན་ཨུ་རུ་སུའི་ནང་བརྡབ་སྐྱོན་ ༣༦༠ བྱུང་ནས་མི་གྲངས་ ༧༢༩༨ རྐྱེན་འདས། བྷར་ཟིལ་ནང་བརྡབ་སྐྱོན་དོན་རྐྱེན་ ༡༨༥ བྱུང་བའི་ཁྲོད་མི་ ༢༧༢༥ རྐྱེན་འདས་སུ་ཕྱིན་ཡོད་འདུག
གསར་འགོད་པ། པདྨ་མཚོ།