མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་འོངས་པར་བོད་པ་སྐྱབས་བཅོལ་ཞུ་མཁན་ཚོར་དཀའ་ངལ་ཆེ་རུ་འགྲོ་སྲིད་པ་རེད།

བོད་ཀྱི་དུས་བབ།
༢༠༡༦/༠༣/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་ཡུ་རོབ་ནང་གི་བོད་པ་སྐྱབས་བཅོལ་བའི་སྐོར་ལ་དྲི་བ་དྲིས་ལན་སྐབས་སྲིད་སྐྱོང་མཆོག་གིས་ད་སྔ་ཡིག་ཆ་ནག་པོ་ཆགས་ཡོད་པ་དག་ལ་དཀའ་ངལ་ཡོད་པ་དངོས་ཡོད་ཡིན་ནའང་། མ་འོངས་པར་གསར་དུ་བོད་པ་སྐྱབས་བཅོལ་ཞུ་མཁན་ཚོའི་ཐོག་དེ་ལས་ལྷག་གི་དཀའ་ངལ་འཕྲད་སྲིད་སྐྱོར་གསུངས་སོང་།

1223དེ་རིང་སྔ་དྲོར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་ཕྱི་དྲིལ་ལས་ཁུངས་ཀྱི་སྔོན་རྩིས་གཏན་འབེབས་དང་འབྲེལ་ཏེ། སྤྱི་འཐུས་ཁག་ཅིག་གིས་ཡུ་རོབ་ནང་གི་བོད་པ་སྐྱབས་བཅོལ་བའི་དཀའ་ངལ་སེལ་ཕྱོགས་སྐོར་དང་། སྔར་ལོའི་ཕྱི་ཟླ་ ༡༢ པའི་ནང་བོད་པ་སྐྱབས་བཅོལ་བ་སྐོར་ཞིག་ཊར་ཀའེ་(Turkey)ནང་འབྱོར་ཡོད་པ། དེ་བཞིན་སུད་སིའི་ནང་གི་བོད་པ་སྐྱབས་བཅོལ་བ་ཚོའི་སྐྱབས་བཅོལ་ལག་འཁྱེར་སྟེང་དེ་སྔོན་ཆད་བོད་ཞེས་བཀོད་ཡོད་ཀྱང་། སྔར་ལོའི་ལོ་མཇུག་ཙམ་ནས་ལག་འཁྱེར་དེ་དག་ཡར་བསྡུས་ཏེ་རྒྱ་ནག་(China)ཞེས་བཀོད་ཡོད་པ་བཅས་ཀྱི་སྐོར་བཀའ་ཤག་ལ་དྲི་བ་བཏོན་པར། སྲིད་སྐྱོང་མཆོག་གིས་ཊར་ཀའེ་དང་སུད་སིའི་ནང་གི་གནས་ཚུལ་དེ་གཉིས་ཐད་ལན་ཁ་གསལ་བསྐྱོན་མ་སོང་།

སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། ཡུ་རོབ་ནང་བོད་པ་སྐྱབས་བཅོལ་བ་ཚོར་སྐྱབས་བཅོལ་མ་རག་པའི་དཀའ་ངལ་འཕྲད་བཞིན་སྟབས། ཁོ་ཚོ་ཨོ་སི་ཊོ་ལི་ཡ་དང་ཁེ་ན་ཌ་སོགས་རྒྱལ་ཁབ་གཞན་ནང་གནས་སྤོ་སྐྱབས་བཅོལ་ཞུ་བའི་ཐབས་ལམ་ཡོད་མེད་དྲི་བ་བཏོན་པའི་ལན་དུ། སྲིད་སྐྱོང་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ནང་གི་བོད་པ་སྐྱབས་བཅོལ་མ་རག་པ་དེ་དག་ཁེ་ན་ཌ་དང་ཨོ་སི་ཊོ་ལི་ཡ་སོགས་རྒྱལ་ཁབ་གཞན་ནང་གཏོང་རྒྱུ་དེ་དཀའ་ལས་ཁག་པོ་ཡིན་པ་དང་། དེ་ནི་གཙོ་བོ་ཁེ་ན་ཌ་དང་ཨོ་སི་ཊོ་ལི་ཡའི་གཞུང་གི་སྲིད་བྱུས་ལངས་ཕྱོགས་ཐོག་ནས་ཐག་གཅོད་དགོས་པ་ཞིག་ཆགས་ཡོད་སྐོར་གསུངས་སོང་།

གོང་གསལ་དྲི་བའི་ལན་དང་འབྲེལ་ཏེ་སྲིད་སྐྱོང་མཆོག་གིས་ཡུ་རོབ་ནང་གི་བོད་པ་སྐྱབས་བཅོལ་བའི་སྤྱི་ཡོངས་གནས་སྟངས་སྐོར་གསུངས་དོན། “ ཡུ་རོབ་རྒྱལ་ཁབ་ཁ་ཤས་ནང་བོད་མི་ཚོར་ཡིག་ཆ་མ་རག་པའི་དཀའ་ངལ་ཡོད་པ་དངོས་ཡོད་གནས་ཚུལ་རེད། སྦེལ་རྗམ་དང་ནའེ་ཊར་ལན་ཌི་སོགས་ལ་དེ་སྔོན་ཡིན་ན་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་སོགས་བཀའ་བློན་རྣམ་པ་སུ་ཕེབས་ནའང་ཕྱི་སྲིད་ལས་ཁུངས་དང་གནད་ཡོད་མི་སྣ། གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ་སོགས་དང་མཇལ་ནས་ཞུས་པ་ཡིན། དེ་སྔ་སྲིད་སྐྱོང་དང་བཀའ་བློན་སུ་ཞིག་ཡུ་རོབ་ནང་ཕེབས་ཀྱང་རྒྱལ་ཁབ་སོ་སོའི་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་འཛིན་ལ་ཐུག་ཐབས་བྱས་ཏེ། བོད་པའི་གནས་སྟངས་མ་འདྲ་བ་ཡིན་པ་དང་བོད་ནང་གི་གནས་ཚུལ། བོད་མི་ཆབ་སྲིད་སྐྱབས་བཅོལ་བའི་གནས་སྟངས་སོགས་ཞིབ་ཕྲ་ཞུས་ཡོད། ཁོ་རང་ཚོས་བཤད་སྟངས་ལ་བོད་པ་བརྒྱ་ཆ་ ༩༠ ལ་དགའ་ངལ་ཡོད་པ་མ་རེད། བརྒྱ་ཆ་ ༡༠ ཙམ་ལ་སྐྱབས་བཅོལ་མ་རག་གི་ཡོད་པ་མ་རེད། རྒྱལ་ཁབ་གཞན་ནས་ཡོང་བའི་མི་རིགས་གཞན་པ་ཚོར་བརྒྱ་ཆ་ ༥༠ ལ་སྐྱབས་བཅོལ་རག་གི་ཡོད་པ་མ་རེད་གསུང་གི་འདུག” ཅེས་དང་། “ བོད་མི་བཞི་བརྒྱ་ལ་དཀའ་ངལ་འཕྲད་པ་དཀའ་ངལ་ཆེན་པོ་རེད། ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་རེད། གོ་སྐབས་འདི་བརྒྱུད་ནས་དེ་དག་སྤྱི་ཡོངས་ལ་ཞུ་རྒྱུ་ག་རེ་ཡོད་ཟེར་ན། མ་འོངས་པར་བོད་པ་སྐྱབས་བཅོལ་ཞུ་མཁན་ཚོར་ཁྱོན་ཡོངས་ནས་དཀའ་ངལ་ཆེ་རུ་འགྲོ་སྲིད་པ་རེད། ད་སྔ་ཕར་འབྱོར་བ་ཚོ་འབྱོར་ཚར་བ་རེད། ད་ལྟ་ཕར་འགྲོ་རྒྱུར་གྲ་སྒྲིག་གནང་བཞིན་པ་ཚོས་ངེས་པར་དུ་དགོངས་པ་བཞེས་རོགས་གནང་། གང་ཡིན་ཟེར་ན། སུད་སི་གཞུང་གིས་སྙན་ཐོ་ཞིག་བཏོན་ཡོད་པ་རེད། སྙན་ཐོ་དེའི་ནང་རྒྱ་གར་ནང་བོད་པ་ཚོར་ཐོབ་ཐང་མང་པོ་ཡོད་པ་དང་། ཁྲིམས་ཐོག་ནས་ཀྱང་སྲུང་སྐྱོབ་ཡོད་པ་སོགས་གསལ་བསྡད་ཡོད་པ་རེད། དེའི་ཐོག་ལ་ཡུ་རོབ་རྒྱལ་ཁབ་ཁ་ཤས་ཀྱི་མི་སྣ་ཕེབས་ཏེ་ཞིབ་འཇུག་བྱས་པ་རེད། སྐབས་དེར་ང་ཚོ་བཀའ་བློན་རྣམ་པ་ཚོས་གསལ་ཁ་བཏོད་གང་ཐུབ་ལ་འབད་བརྩོན་ཞུས་པ་ཡིན། ཁོ་རང་ཚོའི་སྙན་ཐོའི་ནང་དུའང་རྒྱ་གར་ནང་གི་བོད་པ་ཚོར་དམིགས་བསལ་གནས་སྟངས་ཡག་ཏུ་འགྲོ་བཞིན་ཡོད་པ་འཁོད་ཡོང་གི་འདུག དེའང་མ་རེད་ཟེར་ཐབས་ཡོད་པ་མ་རེད། རྒྱ་གར་གཞུང་གིས་མཐུན་རྐྱེན་མང་པོ་ཞིག་སྦྱར་ནས་ཡོང་གི་ཡོད་པ་རེད། བོད་པ་ཚོར་རྒྱ་གར་གཞུང་གིས་དམིགས་བསལ་ལྟ་སྐྱོང་སྲིད་བྱུས་(Tibetan Rehabilitation Policy 2014)ཞེས་ཁ་གསལ་བོར་བཏོན་ཡོད་སྟབས། རྒྱ་གར་ནས་ཕྱི་རྒྱལ་ཁག་ཏུ་འགྲོ་མཁན་བོད་པ་སྐྱབས་བཅོལ་བ་ཚོས་ང་ཚོར་རྒྱ་གར་ནང་དཀའ་ངལ་འདུག་ཟེར་ནས་བཤད་ཁག་པོ་ཆགས་ཡོད་པ་རེད། དེ་བཞིན། སྐྱབས་བཅོལ་ལག་དེབ་(R.C)ཡང་ལོ་ལྔ་ལ་འཕར་འགྱངས་ཞུ་དགོས་པ་བཟོས་ཡོད་སྟབས། ཛ་དྲག་གི་གནས་སྟངས་མེད་པར་རྒྱ་གར་ནང་ལོ་ལྔ་ལ་བསྡད་ཆོག་གི་ཡོད་པ་རེད། ཕྱི་རྒྱལ་ལུང་པ་གང་ཞིག་ཏུ་སྐྱབས་བཅོལ་ཞུས་ཀྱང་ཁྲིམས་ཐོག་ནས་སྐྱབས་བཅོལ་རག་ཁག་པོ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན། མ་འོངས་པར་ཕྱི་རྒྱལ་ཁག་ཏུ་བོད་པར་སྐྱབས་བཅོལ་རག་རྒྱུ་དཀའ་ལས་ཁག་ཏུ་ཁག་ཏུ་འགྲོ་རྒྱུ་ཡིན་པ་བསལ་བོ་རེད། ཡུ་རོབ་ཁག་ཏུ་མཚོན་ལ་མི་རིགས་གཞན་པའི་སྐྱབས་བཅོལ་བ་ས་ཡང་མང་པོ་ཡོང་གི་ཡོད་སྟབས། ཆབ་སྲིད་གནས་སྟངས་ཐོག་ནས་ཀྱང་སྐྱབས་བཅོལ་བའི་གནས་སྟངས་ཐོག་དམ་དྲགས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། རྒྱལ་ཁབ་སོ་སོའི་མང་ཚོགས་ནང་དུའང་ཕྱི་ལོགས་ཀྱི་སྐྱབས་བཅོལ་བའི་ཐོག་དགོངས་ཚུལ་སྣ་ཚོགས་ཡོང་གི་ཡོད་པ་རེད། དེར་བརྟེན། གྲོས་ཚོགས་ར་བ་འདི་བརྒྱུད་ནས་ད་ལྟའི་ཆར་སྐྱབས་བཅོལ་ཞུ་བའི་ཁོར་ཡུག་ཡག་པོ་མི་འདུག་ཅེས་བཀའ་ཤག་ལ་འགན་ཡོད་སྟབས་ཞུ་བཞིན་ཡོད།” ཅེས་གསུངས་སོང་།

ཁོང་གིས་མུ་མཐུད་དུ་ང་ཚོས་ཕར་འབྲེལ་བ་ཞུ་སྐབས་བོད་པ་སྐྱབས་བཅོལ་བའི་གནས་སྟངས་དབྱེ་བ་འགར་ཁག་པོ་འདུག གང་ཡིན་ཟེར་ན། དང་པོ་སྐྱབས་བཅོལ་ཞུ་སྐབས་བོད་པ་ཡིན། བོད་ནང་ཆབ་སྲིད་དཀའ་ངལ་འོག་ནས་སྐྱབས་བཅོལ་དུ་ཡོང་བ་ཡིན་ཞེས་ཞུས་ཡོད་ཀྱང་རྒྱལ་ཁབ་སོ་སོའི་མཐོ་གཞུང་ནང་དུ་རྒྱ་ནག་ཞེས་བཀོད་ཡོད་སྟབས་དབྱེ་བསྲེས་བྱེད་ཁག་པོ་ཆགས་བསྡད་ཡོད་པ་རེད། ང་ཚོར་ནང་གནས་ཤིག་རེག་པའི་ནང་གཟིགས་པ་ཡིན་ན། ༢༠༡༡ ལོ་ནས་ ༢༠༡༥ ལོའི་བར་དུ་བོད་པ་སྐྱབས་བཅོལ་ཞུ་མཁན་ཚོར་སྐྱབས་བཅོལ་ཡིག་ཆ་མ་རེག་མཁན་ལོ་རེ་ནས་ལོ་རེར་མང་དུ་ཕྱིན་འདུག དེ་ཐུག་ས་གཙོ་བོ་དེ་སྐྱབས་བཅོལ་དང་པོ་ཞུ་སའི་རྒྱལ་ཁབ་དེའི་ནང་སྐྱབས་བཅོལ་རག་ཡོད་མེད་དེ་རེད། ང་ཚོ་བོད་པ་ཚོ་སྐྱབས་བཅོལ་དང་པོ་ཞུ་ས་དེ་རྒྱ་གར་ཡིན་སྟབས། བོད་པ་ཚོར་རྒྱ་གར་ནང་བསྡད་ཆོག་པའི་སྐྱབས་བཅོལ་ཡིག་ཆ་རག་ཡོད་པའི་དབང་གིས་སྐྱབས་བཅོལ་གཉིས་པ་རག་གི་ཡོད་པ་མ་རེད་ཅེས་སོགས་གསུངས་སོང་།

image37སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། ཉེ་ལམ་ཊར་ཀེའེ་ནང་མཚོ་གྲུ་ཞིག་རླུང་གིས་དེད་ཡོང་བའི་ནང་བོད་མི་སྐྱབས་བཅོལ་བ་འགའ་ཡོད་པའི་གནས་ཚུལ་སྐོར་ལ་བཀའ་ཤག་གིས་གང་འདྲ་གནང་ཡོད་མེད་དྲིས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། “ བོད་པ་ཁ་ཤས་གྷི་རི་སི་ལ་ལྷག་པ་དང་། ཊར་ཀའེ་ནང་བསླེབས་པ། ཡུ་ཁི་རེན་ནང་བསླེབས་པ་སོགས་ཡོང་གི་ཡོད་ས་རེད། ང་ཚོས་ཤེས་པ་དང་མ་ཤེས་པ་གཉིས་ལ་མ་ཤེས་པ་མང་བ་ཡོང་གི་ཡོད་པའི་བཟོ་ལྟ་འདུག” ཅེས་དང་། “ཊར་ཀའེ་ནང་གི་གནས་ཚུལ་དེའི་ཐད་དོན་གཅོད་ལ་ཞིབ་འཇུག་གནང་རོགས་ཞེས་མངགས་ཡོད། དེ་སྔོན་ཡང་ཊར་ཀའེ་ནང་བོད་པ་ ༡༣ ཞིག་ལ་དཀའ་ངལ་འཕྲད་ཡོད་པ་རེད། དེ་དག་ཀྱང་བོད་མིའི་སྒྲིག་འཛུགས་མིན་ཡང་། རིམ་གྱིས་ལུང་པ་གཞན་དག་ནང་བསླེབས་ཐུབ་པ་བྱུང་ཡོད་པ་རེད།” ཅེས་ལན་འདེབས་གནང་བ་ལས་ཊར་ཀའེ་ནང་འབྱོར་བའི་བོད་མི་དེ་དག་གི་གནས་སྟངས་ཅི་ཆགས་ཁ་གསལ་གསུངས་མ་སོང་།

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས། ཁོང་རང་སི་པན་ནང་སྡོད་མཁན་ཞིག་ཡིན་པའི་ཆ་ནས་སི་པན་ནང་གི་བོད་པ་ཚང་མར་སྐྱབས་བཅོལ་སྤྲད་མེད་ཀྱང་། ལོ་ ༣ རིང་སི་པན་ནང་ནག་པོའི་ངོ་བོའི་ཐོག་ནས་བསྡད་པ་ཡིན་ན་མུ་མཐུད་སྡོད་ཆོག་པའི་ལག་འཁྱེར་སྤྲོད་བཞིན་ཡོད་པ་རེད། ཡིན་ནའང་དཀའ་ངལ་འཕར་མ་ཞིག་ག་རེ་ཡོད་པ་རེད་ཟེར་ན། སི་པན་ནང་རྒྱ་གར་ནས་འཁྱེར་ཡོང་བའི་ཕྱི་སྐྱོད་ལག་འཁྱེར་དེབ་ཟེར་པོ་(IC)དེ་བེད་སྤྱོད་ཡོད་པ་རེད། ཡིན་ནའང་དེབ་སེར་པོའི་དུས་ཚོད་རྫོགས་སྐབས་ངེས་པར་དུ་རྒྱ་གར་ནང་ཡོང་ནས་འཕར་འགྱངས་ཞུ་དགོས་ཀྱི་འདུག རྒྱ་གར་ནང་ཟླ་བ་གཉིས་གསུམ་རིང་དུས་ཚོད་འཕར་འགྱངས་ཞུ་ཐུབ་ཀྱི་མེད་སྟབས། ཕར་ནས་ལས་ཀ་ཤོར་བ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་བཞིན་ཡོད་སྟབས། མ་འོངས་པར་བྱུང་ན་སི་པན་ནང་གི་རྒྱ་གར་གཞུང་ཚབ་ནས་ཕྱི་སྐྱོད་ལག་འཁྱེར་གྱི་དུས་ཚོད་འཕར་འགྱངས་བྱེད་ཐུབ་པ་དང་། གལ་སྲིད་དེ་ལྟར་མ་བྱུང་ཡང་། ཚུར་རྒྱ་གར་ནང་ཡོང་ན་དུས་ཚོད་འཕར་འགྱངས་དང་དེབ་གསར་པ་ཞུ་རྒྱུ་སོགས་ཟླ་གཅིག་ནང་ཚུད་དུ་ཡོང་ཐུབ་ཐབས་ལ་བཀའ་ཤག་གིས་འབད་བརྩོན་གནང་རོགས། ཞེས་འབོད་སྐུལ་ཞུས་པའི་ལན་དུ་སྲིད་སྐྱོང་མཆོག་གིས། “ རྒྱ་གར་ནང་ཛ་དྲག་གནས་ཚུལ་མང་པོ་བྱུང་བར་བརྟེན་ཏེ་རྒྱ་གར་ཁྱོན་ཡོངས་ཀྱི་སྲིད་བྱུས་ལ་འགྱུར་བ་ཐེབས་ཏེ། རྒྱ་གར་མི་སེར་ཡིན་ན་ཕྱི་རྒྱལ་ལུང་པ་སོ་སོའི་རྒྱ་གར་གཞུང་ཚབ་ནས་ཕྱི་སྐྱོད་ལག་འཁྱེར་དུས་ཚོད་རྫོགས་རིགས་བསྐྱར་དུ་ཞུས་ཆོག་གི་ཡོད་པ་རེད། དེ་མ་ཡིན་པའི་བོད་པ་གཙོས་པའི་རྒྱ་གར་ནང་སྐྱབས་བཅོལ་ཞུས་ཡོད་མཁན་ཚང་མའི་ཕྱི་སྐྱོད་ལག་འཁྱེར་གྱི་དུས་ཡུན་ལོ་ ༡༠ དེ་རྫོགས་པ་ཡིན་ན། ཕྱིར་རྒྱ་གར་ནང་ཡོང་སྟེ་དུས་ཚོད་འཕར་འགྱངས་ཞུ་དགོས་ཀྱི་ཡོད་པ་རེད།” ཅེས་གསུངས་སོང་།

ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས། ང་རང་གི་གོ་སྟངས་བྱས་ན་ཡུ་རོབ་སྤྱི་ཡོངས་ནས་བོད་པ་སྐྱབས་བཅོལ་བའི་ཐོག་གཅིག་གྱུར་གྱི་སྲིད་བྱུས་ཤིག་གཏན་འབེབས་གནང་འཆར་ཡོད་པ་འདྲ། གཉིས་པ། ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་གར་དང་རྒྱ་ནག་མཉམ་དུ་སྐྱབས་བཅོལ་གནས་བབ་སྐོར་ལ་གྲོས་བསྡུར་ཞིག་འགྲོ་བཞིན་ཡོད་ས་རེད། དེ་དག་དང་འབྲེལ་བ་ཆགས་ཀྱི་ཡོད་མེད་མི་ཤེས་མོད། ཟླ་ཤས་སྔོན་ལ་སུད་སིའི་གཞུང་གིས་བོད་མི་སྐྱབས་བཅོལ་བ་ཚོའི་ཡིག་ཆ་ཡར་བསྡུས་ཏེ། སྔོན་ཆད་བོད་པ་སྐྱབས་བཅོལ་བ་ཚོའི་ཡིག་ཆའི་ནང་ (Tibet) ཞེས་བཀོད་ཡོད་པ་དེ་ད་ཆར་གཅིག་གྱུར་བཟོས་ཏེ་ ‘China’ ཞེས་པར་བསྒྱུར་འདུག ང་ཚོས་རྩད་གཅོད་བྱས་པ་ལྟར་ན། ཧྥ་རན་སི་དང་སྦེལ་ཇམ་ནང་ལག་བསྟར་བྱེད་སྟངས་ལ་འགྱུར་བ་ཕྲན་བུ་འདུག རྩ་བའི་ཡུ་རོབ་ནང་རྒྱ་ནག་གི་ནུས་པ་ཆེན་པོ་བསླེབས་ཡོད་སྟབས། སུད་སིར་ལས་དོན་དེ་ལམ་འགྲོ་བྱུང་བ་ཡིན་ན་རྒྱལ་ཁབ་གཞན་པའི་ནང་དུའང་དཀའ་ངལ་དེ་འཕྲད་རྒྱུ་ཡིན་པ་གསལ་བོ་རེད། དེའི་སྐོར་ལ་སྲིད་སྐྱོང་གིས་ཐུགས་སྣང་གང་འདྲ་གནང་ཡོད་མེད་དྲི་བ་དོན་པའི་ལན་དུ་སྲིད་སྐྱོང་མཆོག་གིས། “ང་ཚོར་རག་པའི་ནང་གནས་ནང་དུའང་བཀོད་འདུག བོད་པ་ཚོ་རྒྱ་རིགས་དང་མཉམ་དུ་བོད་ནས་ཡིན་ཞེས་བཀོད་ཡོད་སྟབས། རྒྱལ་ཁབ་ཀྱི་ཐོ་གཞུང་ནང་དུ་རྒྱ་ནག་ཞེས་བཀོད་ཡོང་སྐབས། སྦེལ་ཇམ་ནང་བོད་པ་སྐྱབས་བཅོལ་བ་ག་ཚོད་ཡོད་ལབ་ན་བཤད་ཐུབ་ཀྱི་མི་འདུག ཡིན་ནའང་རྒྱ་མི་ལས་བོད་པ་ཚོར་སྐྱབས་བཅོལ་མང་བ་སྤྲོད་ཀྱི་ཡོད་པ་རེད་ཟེར་ནས་ཚོད་དཔག་བྱེད་ཀྱིན་འདུག” ཅེས་གསུངས་ཏེ། སྤྱི་འཐུས་ཀྱི་དྲི་བར་ལན་གང་ཡང་བཏབས་མ་སོང་།

གསར་འགོད་པ། དོན་འགྲུབ་བཀྲ་ཤིས།

འབྲེལ་ཡོད་གསར་འགྱུར།

On China Visit, Carney Must Call for Closure of Tibet’s Residential Schools. Tibet Action Institute's Photo
Mobile App

ཞི་ཅིན་ཕིན་ལ་ཐད་ཀར་བོད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

བདེ་བར་གཤེགས་པ་མཁན་ཆེན་བསོད་ནམས་རྒྱ་མཚོ་མཆོག་ལ་རྗེས་དྲན།

༢༠༢༦/༠༡/༡༢
As glaciers melt faster and faster, glacial lakes in the Himalayan region are swelling, increasing flood risks, according to new research. Photo by Heng Li
Mobile App

བོད་ནང་ལོ་བཞི་བསྟུད་མར་ཚ་དྲོད་ཇེ་ཆེར་ཕྱིན།

༢༠༢༦/༠༡/༡༢
Mobile App

འདི་ལོར་གདན་ས་སྨན་རི་གླིང་གིས་ལོ་གསར་གཏོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ།

༢༠༢༦/༠༡/༡༢
Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩

མཆན། 7

  1. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 10 སྔོན།

    གོང་གི་མཆན་དེ་ཁ་པར་ནང་ནས་བྲིས་སྟབས་ཚིག་སྦྱོར་དང་ཡིག་ནོར་བྱུང་པས་དགོངས་སེལ་ཞུ།

    Reply
  2. བསྟན་འཛིན་ལྷ་སྒྲོན། says:
    ལོ་ 10 སྔོན།

    སྲིད་སྐྱོང་ལགས་ཀྱིས་གསུང་བ་བདེན་པ་རེད། ཡིན་ནའང་རྒྱ་གར་ནང་ཡོད་པའི་བོད་པ་ཚོ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཐོབ་ཐང་རག་གི་མེད་ལ།རྒྱ་གར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་གྲོས་མཐུན་ལ་མིང་རྟགས་བཀོད་པ་མེད་པ་དང་དེ་བཞིན་འཛམ་གླིང་གི་རྒྱལ་ཁབ་གང་གིས་ཀྱང་བོད་མིའི་སྒྲིག་འཛུགས་ལ་སྐྱབས་བཅོལ་ངོས་ལེན་བྱས་མྱོང་མེད་པར་བརྟེན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་གྱི་འབྲུ་དོན་ལྟར་ན་བོད་རིགས་ཚོས་སྐྱབས་བཅོལ་ཞུ་ཆོག་གི་ཡོད། རྒྱ་གར་ནང་ལྟ་བུ་ཡིན་ན་བོད་རིགས་ཚོ་ལ་སྐྱབས་བཅོལ་བའི་ཐོབ་ཐང་གང་ཡང་རག་གི་མེད། ད་ལྟའི་བར་དུ་ང་ཚོས་ང་ཚོ་ལ་སྐྱབས་བཅོལ་བར་ངོས་འཛིན་བྱེད་པ་མ་གཏོགས་སུ་རྒྱལ་ཁབ་གང་གིས་ཀྱང་སྐྱབས་བཅོལ་བ་ངོས་འཛིན་བྱས་མྱོང་མེད།ཚང་མས་འདི་སྐོར་ཤེས་ཀྱི་ཡོད་པས་མང་པོ་བཤད་དགོས་པ་གང་ཡང་མཐོང་མ་སོང་།
    དེང་སང་ཡོ་རོབ་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་གར་ནང་འབྱོར་བའི་བོད་རིགས་ཚོ་ལ་བདེ་འཇགས་ཡོད་པར་ཁ་གཡར་ནས་རྒྱ་གར་ནས་ཡོང་བའི་བོད་རིགས་ལ་ཡིག་ཆ་སྤྲོད་ཀྱི་མེད།ཡིན་ནའང་བོད་ནང་ནས་ཐད་ཀར་ཡུ་རོབ་ནང་དུ་འབྱོར་བའི་བོད་རིགས་ཚོ་ལ་སྐྱབས་བཅོལ་ཐོབ་ཐང་གཅིག་མཚུངས་སྤྲོད་ཀྱི་ཡོད།
    ད་ལྟའི་བཀའ་ཤག་གིས་བོད་རིགས་ཡིན་པའི་རྒྱབ་གཉེར་ཡི་གེ་སྤྲོད་པ་འདི་ལས་གཞན་གང་ཡང་རོགས་སྐྱོར་ཐུབ་ཀྱི་མེད། ཡིན་ནའང་།ཡུ་རོབ་རྒྱལ་ཁབ་ཁག་ནང་ཡིག་ཆ་མ་རག་པའི་བོད་རིགས་ཚོར་ཨ་རི་དང་ཁེ་ཎ་ཌ།ཨོའོ་སི་ཀྲོ་ལོ་ཡ་བཅས་གཞུང་འབྲེལ་སྙན་ཞུ་ཕུལ་ན་སྐྱབས་བཅོལ་ལེན་པའི་ལེན་སྟངས་ཤིག་ཡོད་པ་རེད།
    འདི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་ཆིངས་ཡིག་དང་། ཡུ་རོབ་ཐུན་མོང་གི་སྐྱབས་བཅོལ་ཆིངས་ཡིག ཡུ་རོབ་སྡོ་ཕུ་ལེན(Dublin)་ཆིངས་ཡིག སྐྱབས་བཅོལ་ཞུ་ཡུལ་རྒྱལ་ཁབ་སོ་སོའི་སྐྱབས་བཅོལ་ཐོབ་ཐང་དང་སྒྲིག་གཞི་སོགས་ནས་ཤེས་པར་བྱ་རོགས།

    Reply
  3. བོད་ཀྱི་བུ། says:
    ལོ་ 10 སྔོན།

    དེང་སྐབས་སྲིད་སྐྱོང་གིས་གྲོས་ཚོགས་ལ་ལན་འདེབས་བྱེད་སྟངས་དེར་འགྱུར་བ་འགྲོ་སོང་། དཔེར་ན། ཡུ་རོབ་བོད་མི་ཚོར་དཀའ་ངལ་འཕྲད་པ་ངོས་ལེན་གནང་ནའང་། དཀའ་ངལ་སེལ་ཐབས་ལ་ཞེ་དྲག་ཡ་གནང་གི་མེད་པའདྲ་བོ་འདུག
    དེ་ནི་འོས་བསྡུའི་གྲུབ་འབྲས་ཕྱིར་བསྒྲགས་མ་གནང་ནའང་ད་ཡོད་ཀྱི་འོས་གྲངས་ལས་ཁོ་རང་སླར་ཡང་ལོ་ལྔའི་རིང་ལྷོད་ལྷོང་བྱས་ནས་སྲིད་སྐྱོང་དུ་འདུག་ཆོག་སྟབས། ད་མང་ཚོགས་ལ་དེ་ཙམ་གཟིགས་སྐྱོང་གནང་མ་གནང་ལ་ཁྱད་པར་མེད་པས་རེད།

    Reply
  4. ཆོས་འཛིན། says:
    ལོ་ 10 སྔོན།

    ངས་ཀྱང་རྡ་རམ་ས་ལའི་ཐད་གཏོང་བརྙན་འཕྲིན་ལས་བལྟས་པ་ཡིན་དྲི་བ་གལ་ཆེན་པོ་ཁག་ཅིག་རིམ་པ་བཞིན་བཏང་སོང་ཡང་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ལན་མདོ་བསྡུས་རེ་དང་། ལྷག་པར་དུ་སྔོན་མ་ནས་བཤད་བཞིན་པ་འགའ་བསྐྱར་ཟློས་ཙམ་ལས་ཞུ་རྒྱུ་མི་འདུག་པ་མ་ཟད་ཀྲར་ཀེའི་ནང་གི་གནས་ཚུལ་སྐོར་ལ་བཀའ་ཤག་གིས་ག་རེ་གནང་གི་ཡོད་མེད་གང་ཡང་གསུང་མ་སོང་།

    Reply
  5. lobsang says:
    ལོ་ 10 སྔོན།

    སྲིད་སྐྱོང་གིས་ལན་མ་བཏབས་པ་ཡིན་གྱི་མ་རེད། གནས་ཚུལ་དེའི་སྐོར་ཧ་མ་གོ་བས་དབང་གིས་ལན་འདེབས་རྒྱུ་མ་རེག་པ་ཡིན་སྲིད།

    Reply
  6. chacha says:
    ལོ་ 10 སྔོན།

    དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེས་གསུང་དོན། “ཡུ་རོབ་ཁག་གི་རྒྱལ་ཁབ་འགའ་ཤས་ནང་བོད་མི་ཚོར་ཡིག་ཆ་མ་རག་པའི་དཀའ་ངལ་ཡོད་པ་དངོས་ཡོད་གནས་ཚུལ་རེད། སྦེལ་རྗམ་དང་ནེ་དྷི་ལན་ཌི་སོགས་ལ་དེ་སྔོན་ཡིན་ན་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་སོགས་བཀའ་བློན་རྣམ་པ་སུ་ཕེབས་ནའང་། ཕྱི་སྲིད་ལས་ཁུངས་དང་གནད་ཡོད་མི་སྣ། གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ་སོགས་དང་མཇལ་ནས་སྐོར་བསྐྱོད་གནང་གི་ཡོད་རེད། ཉེ་ཆར་ནས་ཆེད་དུ་སྐྱབས་བཅོལ་ཞུ་སའི་ལས་ཁུངས་ཀྱི་འགན་འཛིན་དང་། སྐྱབས་བཅོལ་བར་ལྟ་མཁན་གཉིས་ཀར་བཅར་ནས། བོད་ནང་གི་གནས་སྟངས་མ་འདྲ་བ་ཡིན་པ་དང་། བོད་ནང་ནས་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་འདིར་ག་རེ་བྱས་ནས་ཡོང་གི་ཡོད་པ་ཆ་ཚང་ཞུ་ཡི་ཡོད། ཁོ་རང་ཚོས་འདིར་བོད་མི་བཞི་སྟོང་ལྷག་ཡོད་རེད། བཞི་བརྒྱ་ལ་ཡིག་ཆ་མ་རག་པའི་དཀའ་ངལ་ཡོད་རེད། བརྒྱ་ཆ་བཅུ་རེད། ལུང་པ་ཁ་ཤས་ཀྱི་སྐྱབས་བཅོལ་བ་བརྒྱ་ཆ་དྲུག་ཅུ་ལ་ཡིག་ཆ་རག་གི་ཡོད་པ་མ་རེད། སྤྱི་ཡོངས་ཀྱི་གནས་སྟངས་ལ་བལྟས་ན་བོད་པའི་གནས་སྟངས་ཡག་པ་རེད་ཟེར་གྱི་འདུག་”ཅེས་གསུངས་སོང་།

    སྲིད་སྐྱོང་གིས་མུ་མཐུད་ཡུ་རོབ་ཀྱི་བོད་མི་སྐྱབས་བཅོལ་བའི་སྐོར་གསུང་དོན། “བོད་མི་བཞི་བརྒྱ་ལ་དཀའ་ངལ་འཕྲད་པ་དཀའ་ངལ་ཆེན་པོ་རེད། བོད་རིགས་སྤུན་ཟླ་རེད། མང་པོ་ཞིག་གིས་བུ་ལོན་བླངས་ནས་སོང་བ་དང་སྐྱེད་ཀ་ཆེན་པོ་སྤྲད་དགོས་པ་དང་། ཕར་ཡིག་ཆ་མ་རག་པའི་སེམས་ཁྲལ་ཡོད་པ་རེད། གྲོས་ཚོགས་འདིའི་ནང་དུ་ཕར་ཕྱོགས་ལ་སྤུན་མཆེད་མེད་ནའང་། ངོ་ཤེས་ཡོད་ཀྱི་རེད། ང་རང་གི་ངོ་ཤེས་ཡོད། ཁོང་ཚོས་དཀའ་ངལ་བཤད་ཡོང་དུས་སེམས་འགུལ་ཐེབས་པ་དང་། ད་ག་རེ་བྱས་ན་དྲག་བསམ་ནས་ཚོར་བ་ཡོང་གི་ཡོད་པ་རེད། ཉེ་ཆར་ནས་ཕྱི་རྒྱལ་ཁག་གང་ལ་སོང་ནའང་ཆེད་དུ་སྐྱབས་བཅོལ་ཞུ་ས་ལ་གནས་སྟངས་ཞུ་ཡི་ཡོད། ཁོང་ཚོས་དགོངས་པ་བཞེས་ཀྱི་འདུག་ཀྱང་། བོད་པའི་གནས་སྟངས་སྤྱི་ཡོངས་ལ་བལྟས་ན་ཡག་པོ་རེད་ཟེར་གྱི་འདུག ད་ལྟ་སུད་སི་དང་། ནི་དྷི་ལན་ཌི་སོགས་ཚང་མར་དཀའ་ངལ་ཡོད་མཁན་ཡོད་པ་དང་། དེ་ཚོ་ཚང་མར་བཀའ་ཤག་ནས་དོན་གཅོད་ཁག་ལ་གང་ཐུབ་རོགས་པ་གནང་དགོས་པ་རེད་ཅེས་བཀོད་ཁྱབ་བཏང་ཡོད་པ་རེད། མ་འོངས་པར་ཡང་སྲིད་སྐྱོང་དང་བཀའ་བློན་སུ་ཕྱི་རྒྱལ་ཁག་ཏུ་ཕེབས་སྐབས། ལམ་སྟོན་དང་དཀའ་ངལ་སེལ་ཐབས་ཀྱི་ཐབས་ལམ་གནང་རོགས་ཟེར་གྱི་ཡོད་”ཅེས་གསུངས་སོང་།

    ཁོང་གིས་མུ་མཐུད་ཡིག་ཆ་མ་རག་པའི་དཀའ་ངལ་འཕྲད་རྐྱེན་སྐོར་གསུང་དོན། “ཕར་ཕེབས་ཚར་མཁན་ཚོའི་དཀའ་ངལ་སེལ་ཐབས་བྱེད་དགོས་རེད་ལ། སྐྱབས་བཅོལ་ཞུ་རྒྱུར་བོད་པར་དཀའ་ངལ་ཆེ་རུ་འགྲོ་སྲིད་པ་རེད། ཕར་མ་ཕེབས་མཁན་ཚོས་དགོངས་པ་བཞེས་རོགས། སུད་སི་ནས་ཉེ་ཆར་སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་གར་ནང་བོད་མིར་ཐོབ་ཐང་མང་པོ་ཡོད་པ་དང་། ཁྲིམས་ཐོག་ནས་སྲུང་སྐྱོབ་ཡོད་སྐོར་འཁོད་པ་དེར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ཅིག་གིས་ཞིབ་འཇུག་བྱས་ནས། རྒྱ་གར་ནང་ཡོད་པའི་བོད་མི་ཚོའི་གནས་སྟངས་ཡག་ཏུ་འགྲོ་ཡི་ཡོད་པ་འཁོད་ཡོད་པ་རེད། དེའི་ཐོག་གསལ་བཤད་བྱས་པ་ཡིན་མོད། དེ་མ་རེད་ཟེར་བ་ཡང་ཡོད་པ་མ་རེད། ༢༠༡༤ ལོར་རྒྱ་གར་དབུས་གཞུང་གིས་བོད་མིར་མཐུན་རྐྱེན་སྦྱོར་དགོས་པའི་སྲིད་ཇུས་ཡོད་པ་དང་། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་ཡང་ལོ་ལྔ་ལ་སྤོར་པ་སོགས་བྱས་ནས། ཁྲིམས་ཐོག་ཡིག་ཆ་བཟོས་ཡོང་སྐབས། ཁྲིམས་ཐོག་ལ་ལྟ་ཡོང་དུས། མ་འོངས་པར་བོད་མི་སྐྱབས་བཅོལ་ཞུ་མཁན་ཚོར་དཀའ་ངལ་ཆེ་རུ་འགྲོ་བའི་ཉེན་ཁ་ཡོད་པ་རེད། ཁྲིམས་ཐོག་ནས་འགྲོ་དགོས་པ་རེད། བཀའ་ཤག་ནས་དཀའ་ངལ་སེལ་ཐབས་སུ་ཐབས་ཤེས་གནང་གི་ཡོད་ལ། མ་འོངས་པར་ཡང་གནང་གི་ཡིན། ཡིན་ཡང་མ་འོངས་པར་ཕེབས་མཁན་ཡོད་ན་དགོངས་པ་ཡག་པོོ་བཞེས་རོགས། ཡུ་རོབ་ནང་སྐྱབས་བཅོལ་བ་ས་ཡ་མང་པོ་འགྲོ་ཡི་ཡོད་པས། ཆབ་སྲིད་ཀྱི་འགྲོ་སྟངས་ཐོག་ནས་སྐྱབས་བཅོལ་བར་འཁོན་འཛིན་མིན་ནའང་དམ་དྲག་དགོས་ཀྱི་འདུག སྐྱབས་བཅོལ་བ་མང་དྲགས་ནས། དཔལ་འབྱོར་ལ་གནོད་ཀྱི་འདུག་ཅེས་རྒྱལ་ཁབ་རང་གི་ནང་བསམ་ཚུལ་མང་པོ་ཡོང་གི་ཡོད་པས། ད་ལྟ་སྐྱབས་བཅོལ་བར་ཡུ་རོབ་ནང་ཁོར་ཡུག་ཡག་པོ་མི་འདུག་ཅེས་བཀའ་ཤག་གིས་ཁ་གསལ་པོ་བྱས་ནས་ཞུ་རྒྱུ་ཡིན་”ཞེས་གསུངས་སོང་།

    Reply
  7. གངས་རིའི་བུ་ཆུང་། says:
    ལོ་ 10 སྔོན།

    དྲི་བ་དང་གསལ་བཤད་འདི་ཚོ་ཡག་པོ་འདུག གལ་ཆེན་པོ་རེད།
    མ་གཏོགས། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལྟ་བུ་དྲི་བ་ཆོ་མེད་པ་རྐྱང་རྐྱང་གཏོང་བསྡད་ན་དུ་ཚོད་འཕྲོ་བརླག་རང་རེད།
    དཔེར་མཚོན་ཙམ་ཞུས་ན། ཟླ་བ་ཕུན་སྐྱིད་ཀྱི་དྲི་བ།
    ༡། དེ་སྔོན་གྲོས་ཚོགས་སུ་ནང་སྲིད་ལས་ཁུངས་ཀྱི་སྙན་ཐོ་ཞིག་གི་ནང་Computerལ་གློག་ཀླད་ཅེས་བྲིས་འདུག ཤེས་རིག་ལས་ཁུངས་ཀྱིས་ཐ་སྙད་གཏན་འབེབས་ནང་ཀམ་པཱུ་ཊར་ཅེས་བྲིས་ཡོད་པ་རེད། ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་གཏན་འབེབས་དེར་ནང་སྲིད་ལས་ཁུངས་ནས་ངོས་ལེན་མེད་པ་རེད་དམ་ཟེར་བ་དང་།
    ༢། དེ་སྔོན་ལོ་༢དང་༣གོང་ནས་ཕྱི་དྲིལ་ལས་ཁུངས་ནས་ཉོས་པའི་ Blackberry ཁ་པར་དེ་ད་ལྟ་འབྲེལ་ཡོད་ལས་བྱེད་པས་འཁྱེར་ཡོད་པ་རེད་དམ་ལས་ཁུངས་ནང་བཞག་ཡོད་པ་རེད་ཟེར་བ།
    སྤྱི་འཐུས་ཤིག་ཡིན་པའི་ཁུལ་ཞིག་གིས་དྲི་བ་འདི་ལྟ་ཆོ་མེད་ཀྱི་དྲི་བ་དང་། བྱབ་ཆུང་གི་རྣམ་པ་མཐོང་ཡོང་དུས་རྣམ་རྟོག་ཟ་ཡ་རང་རེད། ད་དུང་དེ་འདྲའི་ཁོང་གི་བྱབ་ཆུང་གི་དྲི་བ་མང་པོ་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese