རྒྱ་ནག་གཞུང་འབྲེལ་ཆེད་ལས་ལམ་སྟོན་མི་སྣ་ལྟར་ན། རྒྱ་ནག་གིས་ཉེ་ཆར་བལ་པོ་དང་ལྷན་ས་མཚམས་འཕྲེད་གཅོད་མེ་འཁོར་ལྕགས་ལམ་བཟོ་སྐྲུན་གྱི་འབྲེལ་ལམ་དེ་བཞིན། གཞི་རྒྱ་ཆེ་བའི་རྒྱ་གར་གྱི་ཁྲོམ་རར་དམིགས་པའི་གོམ་པ་ཐོག་མ་དེ་ཡིན་པ་དང་། རྒྱ་ནག་གིས་བལ་པོར་མེ་འཁོར་ལྕགས་ལམ་བཟོ་སྐྲུན་གྱིས་རིམ་བཞིན་རྒྱ་སྐྱེད་བྱས་ཏེ་རྒྱ་གར་གྱི་མེ་འཁོར་ལྕགས་ལམ་དང་འབྲེལ་མཐུད་བྱ་རྒྱུའི་འཆར་གཞི་ཡོད་པ་ཞིག་ཡིན།
ལྷོ་ཤར་ཨེ་ཤ་ཡ་དང་རྒྱ་མཚོར་ཞིབ་འཇུག་ཁང་གི་མགོ་འཛིན་ཧུའུ་ཤི་ཤན་གྱིས་ཊི་ཨན་ཨན་(TNN)གསར་འགོད་བཅར་འདྲིར་ལན་འདེབས་བྱེད་སྐབས། “ང་ཚོའི་དམིགས་ཡུལ་ནི་ས་ཁུལ་ཀུན་སྦྲེལ་མཐུད་བྱ་རྒྱུ་དེ་ཡིན། རྒྱ་ནག་གི་ས་མཚམས་ནས་བལ་པོ། རྒྱ་གར། མཧེ་མར། བྷང་ལ་ཌེ་ཤ་བཅས་དང་འབྲེལ་མཐུད་བྱེད་ཐུབ་པའི་རེ་བ་འཆང་བཞིན་ཡོད།” ཧུའུ་ཡིས་མུ་འཐུད་བརྗོད་དོན། “འབྲེལ་ལམ་དེ་ཨ་རབ་རྒྱ་མཚོ་བར་མཐུད་ཐུབ་པ་ཡོང་ངེས་ཡིན་ལ། ཕྱིས་འབྱུང་རྒྱ་གར་རྒྱ་མཚོར་ཡང་ལམ་བུ་དེ་བརྒྱུད་འབྲེལ་མཐུད་བྱེད་ཐུབ་ངེས་ཡིན།”
གཟའ་འཁོར་སྔོན་མར་བལ་པོའི་སྲིད་བློན་ཀེ པི། པྲསྟ། ཨཱོལི་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་སྐྱོད་བྱེད་སྐབས། རྒྱ་བལ་གཉིས་ཀྱི་བར་གྲོས་མཐུན་མི་ཉུང་བ་ཞིག་བཞག་ཡོད་པ་དང་། དེ་དག་ཁྲོད་རྒྱ་བལ་གཉིས་ཀྱི་ས་མཚམས་འཕྲེད་གཅོད་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་གྱི་འཆར་གཞི་ཡང་ཚུད་ཡོད། བལ་ཡུལ་ནང་དུ་ཡང་ལྕགས་ལམ་གསར་སྐྲུན་གྱིས་ཀ་ཐ་མན་ཀྲུ་དང་། པོཀར། ལ་ལི་ཏ་པུར་བཅས་བལ་པོའི་གྲོང་ཁྱེར་ཆེ་ཁག་གསུམ་ཕན་ཚུན་འབྲེལ་མཐུད་བྱེད་པའི་འཆར་གཞི་ཡོད་པ་རེད།
ཧུའུ་ཡིས་“ང་ཚོས་བཟོ་སྐྲུན་གྱི་རིན་གོང་དམའ་བ་ཡོང་ཕྱིར་རྒྱ་ནག་གི་བཟོ་གྲྭ་འགའ་ཞིག་ཀྱང་བལ་ཡུལ་དུ་སྤོ་རྒྱུའི་རེ་བ་བྱེད་ཀྱི་ཡོད།”ཅེས་བརྗོད། འོན་ཀྱང་གཞུང་འབྲེལ་ཕྱོགས་སྐྱོད་དེའི་ཐོག་དཔྱད་ཞིབ་པ་ཚོས། ཨཱོ་ལི་ཡི་དམིགས་འདུན་དངོས་ནི་གྲོས་མཐུན་དེ་དག་མ་ཡིན་པར། ཉེ་ཆར་རྒྱ་གར་དང་བལ་པོའི་ས་མཚམས་བཀག་འགོག་དོན་རྐྱེན་གྱིས། བལ་པོར་རྡོ་རྣུམ་དང་ཉེར་མཁོའི་དངོས་རྫས་མ་འདང་བའི་དཀའ་ངལ་ཆེན་པོ་བྱུང་བར་ཡི་མ་རང་བའི་རྐྱེན་གྱིས་ཡིན་པའི་ལྟ་ཚུལ་འཛིན་གྱི་ཡོད།
“ཨཱོ་ལི་ནི་རྒྱ་གར་ལ་སུན་སྣང་སྦྱིན་པའི་ཐབས་ལ་འབད་པ་ཙམ་དང་། ཁོ་པས་ལྡི་ལིར་ལམ་བུ་གཞན་ཞིག་འབྱེད་རྒྱུ་ཡོད་པའི་བརྡ་ལན་བཏང་བ་ཞིག་ཡིན། དེ་ནི་ཆབ་སྲིད་ཅིག་རེད། ཁོ་པར་རྒྱ་ནག་དང་ལྷན་དུ་བཞག་པའི་གྲོས་མཐུན་དེ་དག་ལག་ལེན་བྱེད་པའི་རྒྱུན་རིང་གི་འཆར་གཞི་ཞིག་མེད།”ཅེས་བལ་པོ་ཀོང་རེ་སེ་ཁ་གཏད་ཚོགས་པའི་འཐུས་མི་ཨམ་རི་ཤ སིང་གིས་ཊི་ཨན་ཨན་གསར་འགོད་པར་བརྗོད།
རྒྱ་ནག་ལ་མཚོན་ན་བལ་པོའི་ལྷོ་ཕྱོགས་ས་མཚམས་ཀྱི་རྙོག་གྲས་བལ་པོ་རྒྱ་གར་ལ་ཁྲོས་པའི་གོ་སྐབས་དང་བསྟུན་ཏེ། གང་མགྱོགས་བལ་པོའི་བྱང་ཕྱོགས་ཀྱི་ས་མཚམས། དེ་སྔོན་ས་ཡོམ་གོད་ཆག་ཁྲོད་སྐྱོན་ཆག་བྱུང་བ་དེ་སྒོ་འབྱེད་ཀྱིས་རྡོ་རྣུམ་མི་ཉུང་བ་ཞིག་བལ་པོར་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་སེལ་ཕྱིར་སྐྱེལ་འདྲེན་བྱས་པ་རེད། ཧུས་ཡིས་“གལ་ཏེ་བལ་པོའི་ལྷོ་ཕྱོགས་ཀྱི་ས་མཚམས་བཀག་འགོག་བྱས་ཚེ། བྱང་ཕྱོགས་ས་མཚམས་ནས་རྒྱ་ནག་གི་རོགས་རམ་དང་རྒྱབ་སྐྱོར་གང་ཙམ་ཐོབ་ངེས་ཡིན།”ཞེས་བརྗོད།
རྒྱ་ནག་གིས་དེ་སྔོན་བལ་པོར་ཁས་ལེན་ལེགས་གྲུབ་མ་བྱུང་བའི་པོཀར་གནམ་ཐང་འཛུགས་སྐྲུན་གྱི་རོགས་དངུལ་དང་། བལ་པོའི་གཞུང་ལམ་ཆེ་ཁག་གསུམ་ཉམས་གསོའི་རོགས་རམ་ཡང་སྐྱར་གསོ་བྱེད་པའི་ཁས་ལེན་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་འབྱུར་འགྱུར་གུ་ཡངས་ཚོང་འབྲེལ་གྱི་སྔོན་འགྲོའི་ལས་འཆར་སྐོར་ལ་ཡང་གླེང་སློང་བྱས་པ་རེད།
ལྡི་ལིར་གནས་གཞི་བྱས་པའི་ཞི་བདེ་དང་འཐབ་རྩོད་ཉམས་ཞིབ་ཁང་གི་ཞིབ་འཇུག་པ་རྒན་གྲས་པྲམོཌ། ཇསེཝལ་ Pramod Jaiswal གྱིས་རྒྱ་ནག་གིས་བལ་པོ་དང་ལྷན་མིང་རྟགས་བཀོད་ཟིན་པའི་གྲོས་མཐུན་ལམ་སེང་ལག་ལེན་མི་བྱེད་པའི་ཚོད་དཔག་བྱེད་ཀྱིན་ཡོད་ཅིང་། ཁོང་གིས་“རྒྱ་ནག་གིས་རང་ཉིད་ཀྱི་ཁེ་ཕན་སླད་གཞི་རྒྱ་ཆེ་བའི་རྒྱ་གར་གྱི་ཁྲོམ་རའི་ཆ་ཤས་ཆེ་ཙམ་ཐོབ་འདོད་ཀྱི་རེ་བ་བཅངས་པ་ལས། བལ་པོའི་ཁྲོམ་ར་ཆུང་ཆུང་དེར་མངོན་འདོད་དེ་ཙམ་ཡོད་པ་ཞིག་མིན། རྒྱ་ནག་གིས་བལ་པོའི་ནང་རྒྱ་གར་བག་མི་ཕེབས་པའི་ལས་གཞི་གང་ཡང་བརྩམ་གྱི་མ་རེད།” ཅེས་བརྗོད། ཇསེཝལ་གྱིས་རྒྱ་ནག་གིས་བལ་པོའི་ནང་གོམ་སྟབས་སྤོ་སྟངས་མཁས་པོའི་ཐོག་རྒྱ་གར་གྱི་རྣམ་འགྱུར་ལ་ཅེར་ལྟ་བྱེད་ཀྱི་རེད་ཅེས་བརྗོད།
གནད་དོན་གལ་ཆེ་བ་ཞིག་ནི། ཨཱོ་ལི་ཡིས་པེ་ཅིང་དུ་མིང་རྟགས་བཀོད་ཟིན་པའི་གྲོས་མཐུན་དེ་དག་ལག་ལེན་བྱེད་མིན་གཞུང་འབྲེལ་སྤྱི་མོས་ཡོད་མེད་དེ་ཡིན། གཟའ་འཁོར་སྔོན་མར་ཨཱོ་ལི་རྒྱ་ནག་ཏུ་ཕྱོགས་སྐྱོད་བྱེད་སྐབས་ཐུན་མོང་སྲིད་གཞུང་ coalition government གི་གལ་ཆེའི་རོགས་ཟླ་བལ་པོ་དམར་ཤོག་ཚོགས་པས་སྔ་ལོ་ཕྱི་ཟླ་ ༤ པར་བལ་པོར་ས་ཡོམ་གྱི་གོད་ཆག་འཕྲད་སྐབས་མི་མང་ས་ཡ་གཅིག་ཙམ་གྱི་སྡོད་གནས་བཟོ་སྐྲུན་གྱི་ལས་གཞིར་རྒྱ་ཕྱོགས་ནས་རོགས་རམ་འདོད་བློ་ཁེངས་པ་མ་བྱས་པར་བསྙོན་ཏེ་ཚོགས་པའི་རྒྱབ་སྐྱོར་ཕྱིར་བསྡུ་བྱེད་པའི་ཉེན་བརྡ་བཏང་བ་རེད།
རྒྱ་གར་དུས་བབ་དྲ་ཚིགས་ལས་སྐལ་ལྡན་གྱིས་བསྡུ་སྒྲིག་བྱས།