མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་བཀའ་དང་ཆོས་སྐྱོང་སྲུང་མའི་ལུང་དེ་དག་གི་འགན་ཁྱོག་གི་མི་འདུག

བོད་ཀྱི་དུས་བབ།
༢༠༡༦/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་བདེ་སྲུང་བཀའ་བློན་མཆོག་གིས་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་དང་། དེ་ནི་ཉེ་ལམ་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་ནན་ཕེབས་པ་དང་། དེའི་རྗེས་ཚེ་རིང་མཆེད་ལྔ་དང་གནས་ཆུང་སོགས་ཀྱིས་བཀའ་ལུང་ཕེབས་པ་དེ་དག་ལ་འགན་མ་ཁྱོག་པར་བཟང་སྤྱོད་ཐོག་ནས་དགོངས་པ་ཞུས་པ་ཡིན་གསུངས་སོང་།

IMG_0923དེ་རིང་སྔ་དྲོར་བོད་མིའི་སྒྲིག་འཛུགས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུས་ཡོད་སྟབས། བཀའ་ཤག་གིས་ཛ་དྲག་ཚོགས་འདུ་བསྐོངས་ཏེ་བཀའ་བློན་མཆོག་གི་དགོངས་ཞུ་ཕྱིར་འཐེན་ཡོང་བའི་རེ་སྐུལ་ཞུས་ཀྱང་གྲུབ་འབྲས་མ་ཐོན་སྟབས། གནས་སྐབས་རིང་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་མཆོག་གིས་བདེ་སྲུང་བཀའ་བློན་གྱི་མཛད་འགན་གཅིག་ལྕོགས་བཞེས་རྒྱུའི་ཐག་གཅོག་གནང་ཡོད་འདུག

དེ་རིང་ཉིན་རྒྱབ་འདི་གའི་གསར་འགོད་པས་བདེ་སྲུང་བཀའ་བློན་མཆོག་ལ། འདི་ལྟར་བློ་བུར་དུ་བཀའ་བློན་གྱི་ལས་གནས་ནས་དགོངས་ཞུ་གནང་དགོས་པའི་རྒྱུ་མཚན་ཅི་ཡིན་སྐོར་དྲིས་པར་ཁོང་གིས། རྒྱུ་མཚན་གཙོ་བོ་དེ་རྣམ་པ་ཚོ་ཚང་མས་ཤེས་ཀྱི་ཡོད་པ་རེད། ཉེ་ལམ་སྨན་རྩིས་ཁང་གི་མཛོད་སྒོའི་ཐོག་ལ་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་བཀའ་ལྕི་མོ་ཞེ་དྲགས་ཕེབས་ཡོད་པ་རེད། དེའི་ཐོག་ལ་ཉེ་ཆར་གྲོས་ཚོགས་གྲོལ་བའི་སྐབས་སུ་གཏང་རག་གི་སྤྱན་འདྲེན་ཞུས་པའི་སྐབས་སུ་ཆོས་སྐྱོང་ཚོས་ཀྱང་བཀའ་ལུང་ལྕི་མོ་ཞེ་དྲགས་ཕེབས་འདུག དེ་འདྲར་བརྟེན་ཏེ། སོ་སོའི་འགན་དེ་རང་བློ་རང་གིས་ལྐོག་ཏུ་མ་གྱུར་བ་ཡིན་སྟབས། དེ་འདྲའི་ཐོག་ནས་འགན་དེ་འཁུར་མ་ཐུབ་པ་ཞིག་ལ་སེམས་ནང་དོགས་གཞི་ཡོད་སྟབས། བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་གནང་རོགས་ཞེས་ལུགས་དང་མཐུན་པ་བྱས་ཏེ། དེ་རིང་ཞོགས་པར་ང་སྲིད་སྐྱོང་སར་བཅར་ནས་དགོངས་ཤོག་ཕུལ་ཏེ་ངོ་བཤུས་བཀའ་དྲུང་དང་ལས་ཁུངས་ལ་སྙན་སེང་ཞུས་པ་ཡིན། ངས་ལས་དོན་མཚམས་འཇོག་དགོས་པའི་གནས་སྟངས་དེ་འདྲ་ཞིག་ཐོག་ནས་བསམ་བློ་བཏང་བ་ཡིན། ཞེས་གསུངས་སོང་།

ཡང་གསར་འགོད་པས་དེ་རིང་བཀའ་ཤག་ལྷན་རྒྱས་ཚོགས་པའི་སྟེང་སྲིད་སྐྱོང་མཆོག་གིས་དགོངས་ཚུལ་གང་འདྲ་གསུངས་ཡོད་མེད་དྲིས་པར་ཁོང་གིས། ང་ད་ནིང་སྲིད་སྐྱོང་ལས་ཁུངས་ལ་བཅར་བ་ཡིན། དེའི་རྗེས་ལ་བཀའ་དྲུང་དང་བདེ་སྲུང་ལས་ཁུངས་ལ་བཅར་ཏེ་དགོངས་པ་ཞུ་དགོས་པའི་དངོས་ཡོད་གནས་ཚུལ་འབྲེལ་བཤད་ཐུང་ཙམ་ཞུས་ཏེ་ཕྱི་ལ་འཐོན་གྲབས་སྐབས། བཀའ་ཤག་ལྷན་རྒྱས་ཀྱིས་ང་ཡར་ཁྱུག་ཙམ་ཡོང་རོགས་གསུངས་སོང་། དེ་ནས་ང་རང་བཀའ་ཤག་ཏུ་བཅར་སྐབས་སྲིད་སྐྱོང་དབུས་པའི་བཀའ་བློན་རྣམ་པ་ཚང་མས་བཀའ་ཤག་སྐབས་བཅུ་བཞི་པའི་ལས་རྒྱུན་རིང་པོ་མེད་པར་འཁྱོལ་ལ་ཉེ་སྟབས། དགོངས་ཤོག་དེ་ཕྱིར་འཐེན་གནང་ན་ཡག་པོ་འདུག་ཅེས་རྒྱུན་རིང་པོར་ཕྱག་ལས་མཉམ་དུ་གནང་བ་ཡིན་སྟབས་གོ་བསྡུར་ཙམ་ཡང་མ་བྱུང་བ་དེར་ཐུགས་ཕམ་གྱི་རྣམ་པའང་བྱུང་སོང་ཡང་། ངས་རྣམ་པ་ཚོར་ཐུགས་ཁག་ཁྱོན་ནས་མི་འདུག ངས་སོ་སོས་རང་ཐག་རང་གཅོད་བྱས་པ་ཞིག་ཡིན། ངས་གོ་བསྡུར་བྱས་པ་ཡིན་ན་རྣམ་པ་ཚོས་ག་རེ་བཀའ་གནང་རྒྱུ་ཡིན་པ་དེ་ངས་ཚོད་ཐུག་གི་རེད་ལ། ངས་དགོངས་ཤོག་ཕུལ་ན་སྐུ་ངོ་སྲིད་སྐྱོང་གིས་འགྲིག་གི་འདུག་གསུང་རྒྱུ་མིན་པ་དེའང་ངས་ཚོད་ཐུག་པ་ཞིག་རེད། ངས་སེམས་ཐག་བརྒྱ་ཆའི་བརྒྱ་བཅད་དེ་ཡར་བཅར་བ་ཡིན། འགྱུར་བ་གང་ཡང་གཏོང་རྒྱུ་མེད་ཅེས་སྙན་གསེང་ཞུས་ཏེ་དགོངས་པ་ཞུས་པ་ཡིན། ཞེས་གསུངས་སོང་།

སྐུ་ཉིད་བཀའ་ཤག་སྐབས་སྔ་མ་དང་ད་རེབ་བཀའ་ཤག་སྐབས་གཉིས་རིང་བཀའ་བློན་གྱི་ཕྱག་ལས་གནང་བ་རེད། ད་རེབ་འདི་ལྟར་གློ་བུར་དུ་དགོངས་པ་ཞུ་དགོས་བྱུང་བ་དེར་ཐུགས་ཕམ་ཡོད་མེད་དྲིས་པར་ཁོང་གིས། ངས་བཀའ་ཤག་སྐབས་གཉིས་ནང་ཞབས་ཞུ་ཞུས་པ་རེད། ཐོག་མ་དགའ་ལྡན་ཕོ་བྲང་གིས་དབུ་ཁྲིད་པའི་བཀའ་ཤག་ནང་བསྡད་པ་རེད། རྩ་བའི་རྣམ་པ་ཚང་མས་མཁྱེན་གསལ་རེད། ང་ཆབ་སྲིད་པ་མ་རེད། གཞུང་ཞབས་བྱས་ཏེ་བཀའ་ཤག་བཅུ་གསུམ་པའི་ནང་བསླེབས་ཕྱིན་པ་རེད། ༢༠༡༡ ལོར་༧སྐྱབས་དགོན་རིན་པོ་ཆེ་མཆོག་གི་སྐུ་དབང་ཆ་ཚང་མང་ཚོགས་ལ་བརྩིས་སྤྲོད་གནང་བའི་བརྒྱུད་རིམ་དེ་སྐུ་མདུན་སྐུ་ཆུང་ངུའི་སྐབས་ནས་ཐུགས་རེ་གནང་བསྡད་པ་ཞིག་དང་། དགོངས་པར་ཡོད་པ་ཞིག་མར་བརྒྱུད་བསྒྲགས་གནང་ཡོང་སྐབས། ང་རང་དགའ་ལྡན་ཕོ་བྲང་གིས་ཐུགས་འགན་བཞེས་པའི་སྐབས་ལ་དེའི་ནང་ལས་ཞབས་ཞུས། ད་ཐུགས་འགན་མར་གནང་བའི་སྐབས་ལ་ངས་ལས་འགན་འཁུར་ཐུབ་ཀྱི་མི་འདུག་ལབ་ན། ཕྲན་བུ་༧སྐྱབས་མགོན་རིན་པོ་ཆེའི་དགོངས་པ་བསྒྲུབ་པ་ལས་སོ་སོས་ཞབས་འདེགས་མ་ཞུས་པའི་བཟོ་ལྟ་ཞིག་ཆགས་ཀྱི་འདུག་བསམ་ནས་བསམ་བློའི་རྨང་གཞི་དེ་འདྲ་ཞིག་གི་ཐོག་ནས་བཀའ་ཤག་ནང་བསྡད་པ་རེད། སྐབས་དེར་སྐུ་ངོ་སྲིད་སྐྱོང་གིས་ངའི་མིང་གསལ་བསྒྲགས་ཀྱང་གནང་ཚར་འདུག དེ་དང་ལེན་འདྲ་བོ་མ་བྱས་པ་ཡིན་ན་༧སྐུ་དབང་རྩིས་སྤྲོད་གནང་ཚར་ཙམ་རེད། དེ་འདྲའི་སྤྱི་ཚོགས་ཀྱི་གཡོ་ཁྱོམ་ནང་དུ་གླེང་སློང་མང་པོ་ཞིག་ཆགས་ཀྱི་རེད་བསམ་ནས་ང་བསྡད་པ་རེད།

བཀའ་ཤག་གཉིས་ཀའི་ནང་དུ་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་གོ་སྐབས་བྱུང་བ་རེད། ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཅེའི་སྐུ་ཕྱྭའི་ཐོག་ལ་ལས་འགན་བྱེད་པའི་གོ་སྐབས་བྱུང་བ་དེ་ང་རང་སྐལ་བ་བཟང་པོ་ཡིན་བསམ་ཡོད། དེར་བརྟེན། ལས་ཀའི་ཐོག་ནས་ང་ལ་འགྱོད་པ་སྐྱེ་དགོས་པ་དང་བློ་ཕམ་བྱེད་དགོས་པ་གང་ཡང་མེད། ཡིན་ནའང་སང་ཉིན་གནངས་ཉིན་ལས་འགན་འཁྱོལ་འགྲོ་བཞིན་ཡོད་པའི་བཀའ་ཤག་གི་ལས་རྒྱུན་ཞིག་གི་ནང་དུ་མཇུག་སྐྱོང་མ་ཐུབ་པ་དེར་སེམས་ནང་ཏོག་ཙམ་མ་བདེ་བ་ཞིག་ཏན་ཏན་ཡོད། ཡིན་ནའང་ངས་ཐག་གཅོད་བྱས་པ་དེ་འགྲིག་ཡོད་བསམ་གྱི་ཡོད། ང་རང་གིས་བསམ་བློ་ཞིབ་ཚགས་པོ་བཏང་སྟེ་ཐག་གཅོད་བྱས་པ་ཞིག་ཡིན་སྟབས། བློ་བདེ་བོ་བྱས་ཏེ་ལུགས་དང་མཐུན་པ་བྱས་ཏེ་དགོངས་པ་ཞུས་པ་ཡིན། གཙོ་བོ་བཟང་སྤྱོད་དང་འགན་འཁུར་བའི་ཐོག་ནས་དགོངས་པ་ཞུས་པ་ཡིན། གཅིག་བྱས་ན་རྣམ་པ་ཚོ་གཞོན་སྐྱེས་ཡིན་སྟབས་བསམ་བློའི་ནང་བག་ཆགས་འདྲ་བོ་མེད་ན། སོ་སོའི་བསམ་བློ་གཏོང་ཕྱོགས་དང་ལྟ་ཕྱོགས་ཤིག་རེད། ངས་དཔེ་མི་སྲིད་པའི་འགན་ལྗིད་པོ་མཐོང་སོང་། བཀའ་སློབ་དེ་དང་། ལྷག་པར་དུ་ཆོས་སྐྱོང་ཚོའི་བཀའ་ལུང་ལྗིད་པོ་གསུངས་ཡོད་སྟབས། སོ་སོས་འགན་མ་ཁྱོག་པའི་གནས་སྟངས་ཤིག་མཐོང་སྟེ་དགོངས་པ་ཞུས་པ་རེད་མ་གཏོགས་གཞན་པའི་གནས་ཚུལ་གང་ཡང་མེད། ཅེས་གསུངས་སོང་།

12939379_969489146481844_753584345_nཡང་གསར་འགོད་པ་ཞིག་གིས། སྐུ་ཉིད་ཀྱིས་རྒྱུན་རིང་པོར་བདེ་སྲུང་ནང་ཕྱག་ལས་གནང་བ་རེད། ཉེ་ལམ་༧གོང་ས་མཆོག་གིས་བཀའ་གནང་བ་དང་ཆོས་སྐྱོང་ཚོས་བཀའ་ལུང་ཕེབས་པ་བཅས་ལ་བརྟེན་ཏེ་དགོངས་པ་ཞུས་པ་དེ་སྔོན་མ་ནས་འཐུས་ཤོར་ཕྱིན་པ་ཞིག་ལ་དངོས་འཛིན་གནང་གི་ཡོད་དམ། མ་འོངས་པར་འཐུས་ཤོར་འགྲོ་སྲིད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་དྲིས་པའི་ལན་དུ། ང་རང་གི་ལྟ་སྟངས་བྱས་ན། སྐུ་ཕྱྭའི་ཐོག་བདེ་སྲུང་གིས་འཐུས་ཤོར་ཕྱིན་པ་ཞིག་ལ་ངོས་འཛིན་ཞུ་གི་མེད། བར་ལམ་ཆིབས་བསྒྱུར་དེ་འདྲའི་སྐབས་སུ་གནས་ཚུལ་གླེང་ཙམ་རེ་ལྷག་པ་དེ་འདྲ་བྱུང་པ་རེད། དེ་དག་ཚང་མ་གནས་སྟངས་གཅིག་རེད། དེ་བཞིན། མ་འོངས་པར་འཐུས་ཤོར་ཆེན་པོ་ཡོང་སྲིད་པའི་གནས་བབ་དེ་འདྲ་ཡང་མ་རེད་བསམ་གྱི་འདུག ང་ཚོ་མི་ཚང་མར་བཟང་སྤྱོད་ཀྱི་འགན་ཞིག་ཡོད་སྟབས། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭ་ཟེར་བ་དེ་ཕྱི་ལོགས་ཀྱི་སྒྲོམ་དང་གནས་བབ་དེ་དེང་དུས་དང་མཐུན་པའི་ཆ་རྐྱེན་ཞིག་རེད། ཡིན་ནའང་༧སྐྱབས་མགོན་རིན་པོ་ཆེ་རང་གི་ཐུགས་དགོངས་དང་སྐུ་གཟུགས། ལྷག་པར་དུ་དཀར་ཕྱོགས་སྐྱོང་བའི་བོད་ཀྱི་སྲུང་མ་རྣམས་གྱི་གྲོགས་དང་འཕྲིན་ལས་དང་། འགན་འཁུར་མེད་པ་ཡིན་ན་དེ་བློས་འགན་བཟོད་ཐུབ་ཅིག་ཡོད་པ་མ་རེད། དེ་མི་སོ་སོའི་བསམ་བློ་གཏོང་ཕྱོགས་རེད། དེར་བརྟེན་འགན་ཁྱོག་གི་མི་འདུག་ཅེས་བཟང་སྤྱོད་ཐོག་ནས་དགོངས་པ་ཞུས་པ་ཡིན་ཞེས་གསུངས་སོང་།

ཡང་གསར་འགོད་པས་༧གོང་ས་མཆོག་དང་ཆོས་སྐྱོང་ཚོས་བཀའ་ལུང་དེ་ལྟར་ཕེབས་པ་དེ་ལ་མ་འོངས་པའི་སྲིད་སྐྱོང་གིས་བསླབ་བྱ་གང་འདྲ་ཞིག་ལེན་དགོས་པར་གཟིགས་ཀྱི་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་གིས། དེ་ངས་ཞུ་ཐུབ་པ་མ་རེད། སོ་སོས་བསམ་བློ་གཏོང་དགོས་པ་རེད། མང་ཚོགས་ངོས་ནས་ཁ་ཤས་ཀྱིས་འགྲིག་འདུག་གསུང་མདོག་ཁ་བོ་རེད་ལ། ཁ་ཤས་ཀྱིས་འགྲིག་མི་འདུག་གསུང་མདོག་ཁ་བོ་རེད། དེར་ང་ལ་བསམ་ཚུལ་གང་ཡང་མེད། ངའི་སེམས་ནང་ལྗིད་ཁོག་ཚ་ཤོས་དེ་ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་མིའི་གནས་སྟངས་དེ་རིམ་པས་གསལ་བོ་ཆགས་ཀྱི་རེད་བསམ་གྱི་འདུག ངས་ལོ་མང་པོ་ཞེ་དྲགས་ཤིག་ལ་ལས་ཁུངས་ནང་ལས་ཀ་བྱས་པ་ཡིན་སྟབས། བོད་ཕྱི་ནང་གཉིས་སུ་འབྲེལ་བ་མང་པོ་ཞིག་ཡོད་པ་རེད། ལྷག་པར་དུ་བོད་ནང་དུ་འབྲེལ་བ་དམ་པོ་ཡོད་པའི་མི་སྣ་དེ་འདྲ་ཡོད། སོ་སོ་ལས་གནས་ག་རེ་ཡིན་མིན་ལ་མ་ལྟོས་པར། ༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཕྱྭའི་ཐོག་ལ་སེམས་འཁུར་བྱས་ཏེ་འབྲེལ་བ་གནང་སྡོད་མཁན་དེ་ཚོར་བློ་བུར་དགོངས་པ་ཞུས་འདུག་ལབ་ན། ཁོ་རང་ཚོའི་བསམ་བློའི་ནང་སེམས་འཚབ་ཡོང་གི་རེད་བསམ་གྱི་འདུག ང་རང་དངོས་ཡོད་གནས་ཚུལ་འགྲེལ་བཤད་རྒྱག་གི་འགྲོ་ས་ཡོད་པ་མ་རེད། ཡིན་ནའང་རིམ་གྱིས་གསལ་བོ་ཆགས་ཡོང་གི་རེད་བསམ་གྱི་འདུག མང་ཚོགས་ཚོས་ཐུགས་བློ་བདེ་བོ་གནང་དགོས་པ་རེད་བསམ་གྱི་འདུག མང་ཚོགས་ཀྱི་ངོས་ནས་སོ་སོའི་བསམ་བློ་གཏོང་ཕྱོགས་ཀྱི་ཐོག་ནས་ལྟ་ཚུལ་མ་འདྲ་བ་ཏན་ཏན་ཡོང་གི་རེད་དེ། དེའི་ཐོག་ལ་མ་འགྲིག་པ་དང་མ་མཐུན་པ། བློ་ཕམ་དེ་དགོངས་པ་ཞུས་པ་དེ་འདྲའི་གནས་སྟངས་གང་ཡང་མ་རེད། བཟང་སྤྱོད་ཀྱི་ཐོག་ནས་འགན་ཞིག་མ་ཁྱོག་པའི་ཐོག་ནས་དགོངས་པ་གནང་རོགས་ཞུས་པ་ཡིན། ཞེས་གསུངས་སོང་།

བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ནི། ཕྱི་ལོ་ ༡༩༥༦ ལོར་སྐུ་འཁྲུངས་ཤིང་། མཐོ་སློབ་(B.A)ཐོན་རྗེས་ ༡༩༧༧ ནས་གཞུང་ཞབས་ཞུས་ཏེ་ ༡༩༩༣ ནས་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ཕྱག་ལས་གནང་མུས་ཐོག  ༢༠༠༧ ལོར་སྐབས་བཅུ་གསུམ་པའི་བཀའ་ཤག་ཏུ་འོས་ཐོན་གྱིས་བདེ་སྲུང་བཀའ་བློན་གྱི་མཛད་འགན་བཞེས་ཡོད་པ་དང་། ༢༠༡༡ ལོའི་ཕྱི་ཟླ་ ༩ པའི་ནང་བསྐྱར་དུ་བཀའ་ཤག་སྐབས་བཅུ་བཞི་པའི་བདེ་སྲུང་བཀའ་བློན་དུ་བསྐོ་བཞག་གནང་ཡོད།

གསར་འགོད་པ། པདྨ་རྒྱལ།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༨ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 26

  1. ཡོན་ཏན་དབང་ཕྱུག says:
    ལོ་ 9 སྔོན།

    ཁོང་དགོངས་ཞུ་གནང་བ་བློ་ཕམ་ཆེན་པོ་བྱུང།

    Reply
  2. འདམ་སྐྱེས། says:
    ལོ་ 9 སྔོན།

    གོང་གསལ་དཔལ་ལྡན་བདེ་བཀའ་མཆོག་གློ་བུར་དགོང་པ་ཞུས་གནང་སྐོར་འདི་སྔོན་དྲན་ཚུལ་སྙིང་བསྡུས་ཤིག་བྲིས་ཀྱང་མཆན་ནང་བཏོན་མ་སོང་། རྒྱུ་མཚན་མ་ངེས་ཀྱང་སླར་ཡང་སྙིང་བསྡུ་འབྲི་རྒྱུ། ད་ལམ་བཀའ་བློན་གྱི་དུས་ཡུན་ཚང་ལ་ཉེ་སྐབས་དམིགས་ཡུལ་གཞན་ཞིག་ཡོད་ན་ལས་དགོང་ཞུས་གནང་བ་དེ་རན་པོ་ཞིག་མ་མཐོང་། ད་ལམ་མཆན་འགོད་མཁན་དང་ཆེད་རྩོམ་འབྲི་མཁན་ཚོས་ཁོང་ལ་བསྟོད་པ་གནང་བར་རྗེས་སུ་ཡི་རང་ཡོད། འོན་ཀྱང་ང་ཚོའི་སྤྱི་ཚོགས་ནང་བསྟོད་པ་ཞིག་གནང་སྐབས་ཕལ་ཆེར་དེ་ལྷག་མེད་པ་ལྟབུ་དང་རང་དོན་མ་འགྲུབ་ན་སྨད་པ་ཞུ་སྐབས་ཀྱང་དེ་ལས་དམན་མེད་པའི་བྱེད་ཕྱོགས་འདི་ལ་ཡིད་ཆེས་བྱ་དཀའ་བ་མཐོང་། དངོས་དོན་བྱས་ན་༧གོང་ས་ཆེན་པོའི་བཀའ་སློབ་དང་བསྟན་སྲུང་ཁག་གི་བཀའ་ལུང་ཕེབས་ཏེ་ཛ་དྲག་སྐབས་མགོན་པོ་གང་གི་དབུ་འོག་དཔུང་འདེགས་ཞུ་དགོས་པ་ལས་དགོང་པ་ཞུས་པས་ག་ལ་ཕན། འདི་ནི་གུས་པའི་བཅོས་མིན་གྱི་བསམ་ཚུལ་ཙམ་ལས་གཞན་བྱ་ཐབས་དབེན་པ་མངོན་གསལ་ལྟར་ལགས།།

    Reply
  3. འདམ་སྐྱེས། says:
    ལོ་ 9 སྔོན།

    འདི་སྔོན་མཆན་མང་པོ་བཀོད་འདུག་ཀྱང་བསམ་གཞིགས་མེད་པར་ཆགས་སྡང་དང་བསྟོད་པ་ལས་མ་འདས། གུས་པའི་བསམ་ཚུལ་ལྟར་ན་བདེ་བཀའ་མཆོག་དགོས་དམིགས་གཞན་ཞིག་ལ་གཟིགས་ནས་ད་ལྟའི་གནང་ཕྱོགས་འདི་ཡིན་ལས། བཀའ་བློན་གྱི་ལས་ཡུན་རྫོགས་ལ་ཉེ་བའི་སྐབས་ཡིན་པ་དང་ལྷག་པར་དུ་ཉེ་ཆར་སྨན་རྩིས་ཁང་གི་དུས་ཆེན་སྐབས་ཀྱི་བཀའ་སློབ་དང་གཞུང་བསྟེན་སྲུང་མ་རྣམས་ཀྱི་བཀའ་ལུང་ལ་གཞིགས་ནས་ཛ་དྲག་གི་དུས་སྐབས་འདི་ལ་གདོང་ལེན་གནང་དགོས་པ་ལས་དགོང་ཞུས་གནང་བ་ནི་འོས་ཤིང་འཚམས་པོ་མ་མཐོང་། མ་ཟད་གནས་ཚུལ་འདིའི་༧གོང་ས་ཆེན་པོས་བར་ལམ་གྱི་བྱུང་རིམ་ཐོག་དགོང་གཞི་གང་ཡོད་ལ་བཟང་ཕྱོགས་སུ་གཟིགས་མིན་ཀྱང་ཆ་མ་འཚལ།།

    Reply
  4. ྲརྒོད་པོ་ says:
    ལོ་ 9 སྔོན།

    ཤིན་ཏུ་ལྷག་བསམ་ལྡན་པའི་ དཔལ་ལྡན་བདེ་སྲུང་བཀའ་བློན་མཆོག་གི་དགོངས་པ་ཞུས་པ་དངོས་གནས་བློ་ཕམ་ཆེ་བའི་གནས་ཚུལ་ཞིག་ཡིན་ནའང་འགན་འཁུར་བའི་བཟང་སྤྱོད་དེ་ལ་རྗེས་སུ་ཡིད་རང་ཞུ་།།
    དངོས་གནས་རྗེས་ན་་༸གོངས་ས་མཆོག་གི་སྨན་རྩིས་ཁང་དུ་གནང་བའི་བཀའ་སློབ་ནང་འཕྲོད་བསྟེན་གིས་འཐུས་ཤོར་ཕྱིན་འདུག་གསུངས་སོང་མ་གཏོགས་བདེ་སྲུང་ཐོག་ནས་ཕྱིན་འདུག་གསུངས་མ་སོང་
    རྗེས་ཙང་་”་གནོངས་ངོས་ལེན་་འབངས་མ་ཆུ་ལེན”་ཟེར་བའི་དཔེ་ལྟར་བཟང་སྤྱོད་དང་ཆེ་མཐོང་ལྡན་པའི་ཐོག་ནས་ཐུགས་བསམ་ལེགས་པོ་ཞེས་དགོས་ ཡང་སྲིད་སྐྱོང་མཆོག་ནས་ཀྱང་སྐབས་༡༥པའི་བཀའ་ཤག་ནང་བཀའ་བློན་འདེམས་འཇོག་ཐོག་ལ་ཐུགས་བསམ་མོ་གནང་དགོས་གལ་ཆེ་ སྒེར་ལ་རྒྱབས་སྐྱོར་བྱེད་མཁན་དང་སྤྱི་བ་ལ་ཕན་ཐོག་ནུས་མཁན་མཁྱེན་པ་གནང་རོགས་། སྤྱི་བ་ལ་ཕན་ཐོགས་ཐུབ་མཁན་ཞིག་དང་ ༸གོང་ས་མཆོག་གིས་རེ་བ་ཆུས་བཟོད་མ་གཏོང་མཁན་ཞིག་ངེས་པར་དུ་འདེམས་རོགས་གནང་ཞེས་སྐད་ཤུགས་དྲགས་པོའི་ངང་རེ་བ་ཞུ་རྒྱུ་ཡིན་།།།

    Reply
  5. ཚེ་རིང་པོ། says:
    ལོ་ 9 སྔོན།

    ཉམས་མྱོང་དང་ལྷག་བསམ་རབ་ཏུ་ཕྱུག་པའི་གཞུང་སའི་མདུན་ན་འདོན་ཆེན་པོ། བཀུར་འོས་དཔལ་ལྡན་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་དགོངས་ཞུ་གནང་བར་དགོས་པ་དུ་མ་ཡོད་པས་དེ་དེ་བཞིན་ནོ་ཞེས་ཞུ་བ་ལས་དོན་གཞན་བརྗོད་པའི་འོས་བབ་གང་ཟག་སུལང་མེད། ཁོང་གིས་ད་བར་ལྷག་བསམ་རྣམ་དག་གིས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུའི་བཏང་རག་དང་། སླད་མར་ཡང་སྐུ་ཁམས་གསལ་ཐང་དང་སྤྱི་དོན་ཐོག་ཐུགས་འཁུར་ཟབ་བཞེས་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་པ་ལགས།

    ཞོར་དུ་བརྗོད་འདོད་པ་ཞིག་ལ། བདེ་སྲུང་གི་ལས་དོན་ཐད་ཆུ་ཚོད་སྐར་མ་ཙམ་ཡང་དོ་དོ་གཏན་གཏན་དགོས་ཤིང་། ལྷག་པར་ཉམས་མྱོང་དང་། འཇོན་ཐང་། ལྷག་བསམ་རབ་ཏུ་ཕྱུག་པའི་བཀའ་བློན་ཞིག་གིས་འགན་འཁུར་མ་བཟོད་པར་དགོངས་ཞུ་བྱས་པའི་ཚབ་ཏུ། ད་ལྟའི་དཔལ་འབྱོར་བཀའ་བློན་གྱིས་འགན་འཁུར་”གཅིག་ལྕོགས་”བཞེས་རྒྱུའི་ཞལ་བཞེས་གནང་བ་དེ་བློ་ཡུལ་དུ་གཤོང་དཀའ་བ་ཞིག་རེད།

    བཀའ་ཤག་འདི་པར་གྲོས་ཚོགས་ལ་འགན་འཁུར་མེད་པ་དང་། ལས་དོན་ལ་འགན་འཁུར་མེད་པ། མི་མང་ལ་འགན་འཁུར་མེད་པ་བཅས་རེད་བརྗོད་དུས། འགྲེལ་བཤད་ལུང་པ་གང་བརྒྱབ་ནས་ངོས་ལེན་གནང་གི་མེད། ད་ཐེངས་བདེ་སྲུང་བཀའ་བློན་མཆོག་དགོངས་ཞུ་གནང་སྐབས་”ད་ནི་བཀའ་ཤག་གི་དུས་ཡུན་རྫོགས་ལ་ཉེ་བས་དེ་འདྲ་དེ་འདྲ་བྱས་ནས་འཁྱོལ་འགྲོ་གི་རེད།” ཟེར་ནས་ལས་དོན་ལ་འགན་འཁུར་མེད་པའི་གནང་སྟངས་བསྐྱར་ཟློས་བྱ་སྐབས། ད་ནི་ཤེས་རབ་ཀྱི་སྤྱན་ལྡན་པའི་ལྷ་ཚོགས་ཁྲོས་པ་མ་ཟད། ཉམས་ཆུང་མི་མང་ཚོ་ཡང་འུ་ཐུག་སོང་།

    Reply
  6. བསྟན་འཛིན་གེ་སར་ says:
    ལོ་ 9 སྔོན།

    ༄༅།། བདེ་གཤེགས་རིགས་ལྔའི་ཡེ་ཤེས་སྒྱུ་འཕྲུལ་གར། བོད་ཁམས་སྐྱོང་མཛད་བསྟན་སྲུང་དྲེགས་པའི་གཙོ། འཕྲིན་ལས་རྒྱལ་པོ་སྤྲུལ་ཡུམ་བློན་པོར་བཅས།
    བདག་ཅག་གདུང་བའི་དབྱངས་ཀྱིས་ཉེར་བསྐུལ་ན། སྔོན་ཚེ་རྒྱལ་དབང་པདྨ་ཀ་ར་དང་། པད་དཀར་འཆང་བ་རིམ་པས་བཀའ་བསྒོས་ཤིང་། འདའ་དཀའི་དམ་ཚིག་གཉན་པོར་རབ་བསྒྲགས་པ། མ་གཡེལ་མ་གཡེལ་རྡོ་རྗེ་དམ་ཚིག་དགོངས།

    Reply
  7. བཀྲ་ཤིས་ཆོས་འཕེལ། says:
    ལོ་ 9 སྔོན།

    བཟང་སྤྱོད་ལྡན་པའི་བདེ་སྲུང་བཀའ་བློན་གྱིས། །
    བཟང་སྤྱོད་སྟེང་ནས་རྩ་དགོངས་ཞུས་གྱུར་ཀྱང་། །
    བཟང་སྤྱོད་མེད་པའི་སྲིད་སྐྱོང་སློབ་སངས་ཀྱིས། །
    བཟང་སྤྱོད་མི་དྲན་སྡིག་པ་མིག་བཙུན་བྱེད། །

    བཟང་མདོག་སྟོན་པའི་དཔལ་འབྱོར་བཀའ་བློན་དེས། །
    བཟང་ངན་མ་བརྟགས་དཔལ་བདེ་གཅིག་ལྕོག་བྱས། །
    བཟང་ངན་མི་ཤེས་བོད་མི་གླེན་རྨོངས་ཚོས། །
    བཟང་རྫུ་ཅན་ལ་ཡིད་ཆེས་ལྷག་ཏུ་བྱེད། །

    བཟང་ངན་གཅིག་པར་ལྟ་བའི་སྤྱི་ཚོགས་འདིར། །
    བཟང་སྤྱོད་ཅན་རྣམས་ད་ནས་ཇེ་ཉུང་འགྱུར། །
    བཟང་ངན་དབྱེ་འབྱེད་མེད་པའི་སྤྱི་ཚོགས་ལ། །
    བཟང་སྤྱོད་ལྷག་བསམ་ཅན་རྣམས་ཇི་ལྟར་གནས། །
    གོ་སོང་ངམ།

    Reply
  8. སོག་ཤོད་གླུ་བ། says:
    ལོ་ 9 སྔོན།

    བདེ་སྲུང་བཀའ་བློན་དགོངས་པ་ཞུ་དོན་འདི་རེད།
    ༼ད་ལྟ་དྲ་ལམ་ན། མི་མང་བོས། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་དགོངས་པ་ཞུ་དོན་ཅི་ཡིན་ནམ། ཞེས་འདྲི་བཞིན་འདུག འབྲི་བཞིན་འདུག ཁོང་ཚོའི་དྲི་བ་ནི་བློ་བཟང་སེང་གེའི་བཤད་སྟངས་ལྟར་བྱས་ན། “ཤིན་ཏུ་ནས་ཧ་ཅང་གལ་ཆེན་པོ་རེད་”ལ། “ཤིན་ཏུ་ནས་ཧ་ཅང་གི་ཁྱད་མཚར་པོ་རེད།” གང་ཡིན་ཟེར་ན། ལན་ཚང་མས་ཤེས་བསྡད་ཡོད་རེད། བཟང་སྤྱོད་ཀྱི་ཐོག་ནས་རྩ་དགོངས་ཞུ་དགོས་མཁན་གྱིས་རྩ་དགོངས་མ་ཞུས་དུས། འཐུས་ཤོར་གཏོང་མཁན་གྱིས་རྩ་དགོངས་མ་ཞུས་དུས། ལྷ་དཀར་དཀར་དེ། འདྲེ་ནག་ནག་གི་ཁོངས་སུ་སྡོད་ཐབས་ཡོད་མ་རེད། ལན་དེ་རེད། རྒྱུ་མཚན་དེ་རེད།
    དཔེར་ན། ༸གོང་ས་མཆོག་གིས། འཕྲོད་བསྟེན་ལས་ཁུངས་ཀྱིས་ལས་ཀ་འཐུས་ཤོར་བཏང་འདུག་ཅེས་ཚང་མའི་མདུན་ལ་གསུངས་ཟིན་པ་རེད། དེའི་བརྙན་ཡོད་རེད། དེའི་སྒྲ་ཡང་ཡོད་རེད། བཀའ་འདི་འདྲ་ཞིག་ཟམ་གདོང་རིན་པོ་ཆེའི་སྐབས་སུ་གནང་ཡོད་ན། སྐབས་དེ་ག་རང་ལ་འཕྲོད་བསྟེན་བཀའ་བློན་གྱིས་ཕྱག་དགུ་ཕྲུག་ཕུལ་ཏེ་བཟོད་གསོལ་དང་སྦྲགས་རྩ་དགོངས་ཞུ་གི་རེད། ཞུ་དགོས་པ་རེད། བོད་མི་རིགས་ཀྱི་མགོན་སྐྱབས་དང་མཚོན་རྟགས་༸གོང་ས་མཆོག་གིས་དེ་ལྟར་གསུངས་དུས། ལམ་སང་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་ངེས་རེད། ཟམ་གདོང་རིན་པོ་ཆེ་ཡིན་ན། ཁོང་རང་ཉིད་ཀྱང་དེ་མ་ཉིད་དུ་རྩ་དགོངས་ཞུ་ངེས་རེད།
    ཡིན་ན་ཡང་། བློ་བཟང་སེང་གེའི་བཀའ་ཤག་ནང་གི། མི་ནག་ནག་དེ་ཚོས་རྐུབ་སྟེགས་ལ་འབྱར་བསྡད་དུས། མི་དཀར་དཀར་འབྲོང་ཆུང་དངོས་གྲུབ་ལྟ་བུ་རྩ་དགོངས་མ་ཞུས་ན། རང་ཉིད་ནག་པོའི་དཀྱིལ་དུ་བསྡད་པ་ཞིག་ཆགས་པ་རེད། དེ་ནི་བཟང་སྤྱོད་རེད། དེ་ནི་འགན་ཁུར་རེད། འཐུས་ཤོར་ནག་པོ་དེའི་ནང་ལ་ནག་པོ་སུ་ཡིན་པ་གསལ་པོ་སྟོན་ཆེད་དུ་རེད།༽

    བདེ་སྲུང་བཀའ་བློན་མཆོག་གིས་རྩ་དགོངས་ཞུ་དོན་ཁང་གསར་རྡོ་རྗེ་ལགས་ཀྱི་འགྲེལ་བརྗོད།

    Reply
  9. སོག་ཤོད་གླུ་བ། says:
    ལོ་ 9 སྔོན།

    བདེ་སྲུང་བཀའ་བློན་མཆོག་གིས་རྩ་དགོངས་ཞུས་པའི་ནང་དོན་གཙོ་བོ། “འགན་མ་ཁྱོག” ཞེས་པ་དང་། “བཟང་སྤྱོད་ཐོག་ནས་དགོངས་པ་ཞུས།” ཞེས་པའི་ཚིག་འདི་གཉིས་ཀྱི་ནང་དོན་ལ་རྩོམ་པ་པོ་ཆུང་ཚེ་རིང་ལགས་ཀྱིས་འགྲེལ་བཤད་འདི་ལྟར་གནང་འདུག
    ༼༡) ཅི་ཙམ་གྱིས་ཛ་དྲག་པ་ཟེར་བ་དེ་སྤོམ་བཤད་ཅིག་རེད། བོད་སྤྱི་པའི་དོན་དུ་ཛ་དྲག་གི་གདོང་ལེན་གནང་དགོས་ས་ཞིག་ཡིན་ན་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་གནང་གི་རེད། ད་བར་གནང་བ་རེད། དོལ་རྒྱལ་ཚོགས་པ་སོགས་ལ་རང་ཟོན་སྤངས་ནས་ཇི་ཙམ་གནང་སོང་ཚང་མས་མཐོང་བསྡད་པ་དེ་རེད། ད་ལྟ་མུ་མཐུད་བཀའ་ཤག་ནང་མཉམ་དུ་བཞུགས་པ་ལས། མ་བཞུགས་ན་ལེགས་པའི་གནས་སྟངས་ཤིག་གཟིགས་ཏེ། སྐྱོན་མེད་སྐྱོན་འདོགས་ལ་ཇི་མི་སྙམ་པར་དགོངས་ཞུ་གནང་བ་རེད།
    ༢) བཟང་སྤྱོད་ཀྱི་ཐོག་ནས་དགོངས་ཞུ་ཟེར་དུས། དེ་ག་རང་རེད། མུ་མཐུད་བཀའ་ཤག་ནང་བཞུགས་ན་ཁྲིམས་དང་སྒྲིག་གཞིར་མ་འགལ་རུང་རང་གིས་གལ་ཆེར་བརྩི་བའི་བཟང་སྤྱོད་དང་འགལ་གྱི་འདུག་ཟེར་བ་རེད།
    ༽

    Reply
  10. བསྟན་དབང། says:
    ལོ་ 9 སྔོན།

    ཁོང་ནས་དགོང་པ་ཞུ་ཡས་དེ་བཟང་སྤྱོད་ཀྱི་ཐོགས་ནས་ཞུས་པཡིན་གསུང། ཡང་ཉེ་ཆར་༧ སྐྱབ་མགོན་རེན་པོ་ཆེ་དང་ཆོས་སྐྱོང་ཁག་ནས་བཀའ་ཅི་མོ་ཕེབས་པར་འགན་དེ་འཁུར་མ་ཐུབ་པའི་སེམས་ནང་དོག་བཞི་ཡོད་པས་ཡིན་ཟེར་ འོན་ཀྱང་སྐྱབས་མགོན་རེན་པོ་ཆེ་ནས་ཐུས་ཤོར་ཕྱིན་འདུགས་མ་འོང་པར་ཚང་མས་ཟབ་ཟབ་བྱེད་དགོས་གསུང་ ཆོས་སྐྱོང་ནས་ཀྱང་༧ གོས་ས་མཆོགས་ནས་གཏོན་ནང་འཛད་པའི་དབུ་མའི་ལམ་ལ་ཤར་་སྐྱོད་གི་དམ་རྩིགས་གཅིགས་སྒྲིལ་བྱེད་དགོས་གསུང་ བྱས་ཙང་བཀའ་བློན་ཁོང་ནང་བླུ་པུར་དགོང་ཞུ་གནང་བ་དེ་བཀའ་རྩིས་པ་རེད་དམ་བཀའ་གཅགས་པས་རས་བཟང་སྤྱོད་རེད་དམ་ངན་སྤྱོད་རེད་བསམ་ལོ་གཏོང་དགོས་དགོས་ཐུགས་སོང།

    Reply
  11. སང་ཉིན says:
    ལོ་ 9 སྔོན།

    ལྷ་བ་ཁྲོས་འདུག སྲིད་སྐྱོང་གི་བློ་ཁོག་ཚོགས་གཙོ་ལས་ཆེ་བ་འདུག ཨ་མདོ་བ་རེ་ཟུང་གིས་ལྷ་བའང་ཆོལ་ཞེན་འདུག་ལབ་མི་སྲིད་པ་མིན་མོད། དོན་ལ་དེ་འདྲ་ཞིག་རྩ་བ་ནས་མ་རེད་འདོད།

    བོད་ཀྱི་ལྷ་འབེབས་སྟངས་འདི་ཡ་ཐོག་སྲིད་པ་བོན་གྱི་དུས་སྐབས་ནས་བརྒྱུད་འགྱུར་བྱས་པ་ཞིག་རེད་ལ། གཡང་དྲུང་བོན་གྱི་དབུ་བརྙེས་རྗེས་ཀྱང་བརྒྱུད་འཛིན་གནང་འདུག དཔེར་ན། 《རྒྱལ་རབས་གསལ་བའི་མེ་ལོང》ལས། “རྒྱུའི་བོན་པོ་རིགས་བཞི་ནི། སྣང་གཤེན་བལ་ཐོད་ཅན། འཕྲུལ་གཤེན་བལ་ཚོན་ཅན། ཕྱཱ་གཤེན་ཇུ་ཐིག་ཅན།དུར་གཤེན་མཚོན་ཆ་ཅན་ནོ། །དེ་ལ་སྣང་གཤེན་ བལ་ཐོད་ཅན་གྱིས་ཕྱཱ་དང་གཡང་འགུག་ལྷ་དང་སྨན་གསོལ། དགེ་ལེགས་དང་དཔལ་བསྐྱེད་ནས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་མདོས་དང་ཡས་གཏོང༌། སྲིད་དང་རྟེན་འཛུགས། འཕྲལ་ཕུགས་ཀྱི་འགལ་རྐྱེན་ཐམས་ཅད་སེལ་བར་བྱེད། ཕྱཱ་གཤེན་ཇུ་ཐིག་ཅན་གྱིས་ལེགས་ཉེས་སྟོན། ཡིན་མིན་གྱི་ཐེ་ཚོམ་སེལ། ཟག་བཅས་ཀྱི་མངོན་ཤེས་འཆད་པར་བྱེད་དོ། །དུར་གཤེན་མཚོན་ཆ་ཅན་གྱིས་གསོན་གྱི་བགེགས་སེལ། གཤིན་གྱི་དུར་འདེབས། ཆུང་གི་སྲི་གནོན། གནམ་གྱི་རྒྱུ་སྐར་ལ་བལྟ། སའི་འདྲེ་འདུལ་བ་ཡིན་ནོ” དེ་བས། དེང་གི་ལྷ་བ་ནི་གནའ་བོའི་འཕྲུལ་གཤེན་རེད་ལ། མོ་བ་དང་རྩིས་པའང་རིམ་བཞིན་བསྟན་ཡོད་པ་ལྟར་རེད།

    བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོན་ལ་འགོག་སྡོམ་སྲིད་ཇུས་ལག་བསྟར་གནང་རྗེས། སློབ་དཔོན་པདྨ་འབྱུང་གནས་ལགས་བོན་གྱི་སློབ་དཔོན་དྲན་པ་ནམ་མཁའ་ལ་འབྲེལ་ནས་གཞི་བདག་མང་བོ་ཞིག་གི་མིང་ལ་འགྱུར་བ་བཏང་ནས་༼བསྟན་སྲུང༽དང༼དཀོར་བདག༽ལ་སོགས་པའི་མཚན་དུ་མ་གསོལ་འདུག རྒྱལ་བོ་རིགས་ལྔ་ལ་སོགས་ཀྱིས་མཚོན་པའི་བོན་གྱི་སྲིད་པ་རྒྱལ་མོར་བན་གྱིས་དཔལ་ལྡན་ལྷ་མོ་འབོད་པ་སོགས་བགྲང་ལས་འདས་པ་ཡོད།

    མཁས་དབང་དམུ་དགེ་བསམ་གཏན་གྱི《དྲིས་ལན་ལི་དྭངས་རང་སྒྲ》ལས། “དེའི་དུས་ཀྱི་བོན་བརྒྱུད་འགའ་ནི། ད་ལྟ་སི་ཁྲོན་ཞིང་ཆེན་གྱི་རྒྱལ་མོ་ཚ་བ་རོང་གི་བོན་དང་ཆའང་རིགས་ཞེས་པའི་མི་རིགས་ཤིག་ཡོད་པ་དེའི་ནང་དུ་ཡོད་ལ། དེ་དག་ལ་ཡི་གེ་མེད་ཀྱང་ཕས་བུ་ལ་ངག་ཐོག་ནས་སློབ་པར་བྱེད། གཡང་འགུག མདོས་གཏོ། མོ་རྩིས་སོགས་བྱེད་པ་མ་ཟད། ད་དུང་མདའ་དང་ཅོག་ཙེ་སོགས་ལ་ལྷ་ཕབ་རྒྱུ་དང༌། ལྕགས་བསྲེག་ལ་ལྕེས་བལྡག་སྟེ་སྔགས་འདེབས་པ་སོགས་འཕྲུལ་སྣང་སྣ་ཚོགས་སྟོན་རྒྱུ་ཡོད་”ཅེས་པ་ནི་དེང་གི་བར་གཡང་དྲུང་བོན་གྱིས་བརྒྱུད་འཛིན་གནང་བའི་གནས་སྟངས་ཀྱི་ངོས་གཅིག་རེད།

    མི་སྒེར་བ་དང་ཁྱིམ་ཚང་སོ་སོ་ནས་ལྷ་བ་མོ་བ་རྩིས་པ་སོགས་ལ་ཡིད་ཆེས་བཅོལ་མིན་དང་ཆོ་ག་ཕྱག་ལེན་བསྟར་མིན་རང་དབང་རེད། ཡིན་ནའང་། དེང་རབས་སྲིད་དོན་གྱི་ཁྱབ་ཁོངས་སུ་བེད་སྤྱོད་གཏོང་རུང་བ་ཞིག་མ་རེད་འདོད། རྒྱུ་མཚན་གསུམ་་ཡོད། ༡ སྲིད་དོན་པ་ཚོས་རང་འགན་རང་ཐེག་བྱེད་དགོས་པ་ལས་མཐའ་འཇུག་གི་འགན་ཆ་ཚང་གཟུགས་མེད་ཀྱི་བསྟན་སྲུང་ཁག་ལ་བཀལ་རྗེས། མང་ཚོགས་ལ་ལག་པ་འཇུ་ས་ལྷག་མེད། ༢ བཙན་བྱོལ་སྤྱི་ཚོགས་ནང་དུ་དམངས་གཙོ་ལག་བསྟར་གནང་བ། རྒྱལ་བ་རིན་པོ་ཆེ་དབུ་ཁྲིད་རླབས་ཆེན་ཡིན་པ་ཚང་མས་མ་ཎི་བགྲང་བགྲང་བྱེད་ཀྱིན་པས། དུས་རབས་ཉེར་གཅིག་པའི་དེ་རིང་ད་དུང་སྲིད་དོན་ཐད་ལྷ་བ་མོ་བ་རྩིས་པ་སོགས་བཀོལ་ན་འཛམ་གླིང་གི་མཐོང་སྣང་ལ་བོད་མི་བླུན་བསྒྱུར་མཚམས་བཞག་མེད་པར་མཐོང་ངེས། ༣ རྒྱལ་བ་རིན་པོ་ཆེ་མཆོག་ནས་སྲིད་འགན་རྩིས་སྤྲོད་གནང་ཟིན་པས། གནས་ཆུང་དང་དགའ་གདོང་། ལྷ་མོ་སོགས་ཀྱིས་གཞུང་ཞབས་དྲུང་ཆེ་གནས་རིམ་གྱི་ཞབས་སྟེགས་རྩིས་སྤྲད་ནས་མང་ཚོགས་ཁྲོད་ཕྱིར་ཕེབས་དགོས་པའི་དུས་སུ་བབས་ཡོད།

    Reply
  12. chacha says:
    ལོ་ 9 སྔོན།

    མཇུག་བསྡུས་མ་ཐག་པའི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་༡༡ པའི་ཉིན་མཐའ་མར་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་གནས་ཆུང་གྲྭ་ཚང་དུ་བཅར་ཏེ་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་ལྷ་མོ་ཚེ་རིང་མཆེད་ལྔ་ཆེད་དུ་སྤྱན་འདྲེན་ཞུས་པའི་སྐབས། སྲུང་མ་རྣམ་གཉིས་ཕྱི་ལོ་༢༠༡༦ ལོའི་སྲིད་སྐྱོང་འོས་བསྡུ་ཆེན་མོའི་འགྲན་རྩོད་ཀྱི་ལས་འགུལ་སྤེལ་ཕྱོགས་ལ་ཐུགས་མ་དགྱེས་པར་རབ་ཏུ་ཁྲོས་པའི་ཚུལ་གྱིས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ལ་འགྲམ་ལྕག་ཚ་བེར་བ་རེ་གཞུས་པ་མ་ཟད། མཉམ་བཅར་སྤྱི་འཐུས་རྣམ་པའི་ཐོག་ཏུའང་ནས་ལྕག་གཞུས་ཏེ། ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་སྤངས་དགོས་པ་དང་ལྷག་པར་དུ་སྲིད་སྐྱོང་དང་ཚོགས་གཙོ་གཉིས་མཉམ་འབྲེལ་ཐོག་ནས་བོད་སྤྱི་པའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་བཀའ་བཀྱོན་གནང་ཡོད་སྐད།

    “༧གོང་ས་མཆོག་གིས་གསོལ་རས་གནང་པའི་ཡང་དག་པའི་མང་གཙོ་”ཞེས་པ་ནི་བཙན་བྱོལ་བོད་པའི་མི་སྣ་མཐོ་དམན་བར་གསུམ་གྱི་ཁ་ལ་འབྱར་པའི་སྐད་ཆ་ཞིག་རེད་ལ། དོན་དངོས་སུའང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ལས་ཚད་མེད་བསྐྱོན་ཏེ་བཙུགས་པའི་སྒྲིག་འཛུགས་ཤིག་དང་། མང་གཙོའི་ལམ་ལུགས་དང་ལྡན་པའི་བཙན་བྱོལ་སྤྱི་ཚོགས་ཤིག་ཆགས་ཡོད། ཡིན་ནའང་“ཡང་དག་པའི་མང་གཙོ་”ཞེས་པ་ནི་ལག་ལེན་དངོས་ཀྱི་ནང་སྤུས་ཚད་ལོངས་མིན་ལ་བལྟས་ཏེ་ཚད་འཇལ་དགོས་པ་ཞིག་ཡིན་པ་ལས། ཁ་ནས་ཡང་དག་པའི་མང་གཙོ་ཟེར་བ་ཙམ་གྱིས་ཡང་དག་འགྲོ་རྒྱུ་གང་ཡང་མེད། རྒྱ་ནག་དམར་པོའི་གཞུང་གིས་ཀྱང་རྒྱ་ནག་དེ་འཛམ་གླིང་ཐོག་གི་མང་གཙོའི་རྒྱལ་ཁབ་ཆེ་ཤོས་ཡིན་ཞེས་བཤད་མྱོང་། སུའི་ལམ་ལུགས་ཡང་དག་དང་མ་དག་དེ་ཁ་རྩོད་ཚིག་རྩོད་ཀྱི་ལམ་ནས་ཐག་གཅོད་བྱ་ཐབས་མེད་པར། གཞི་འཛིན་ས་གཙོ་བོ་མང་གཙོའི་ལམ་ལུགས་ཀུན་གྱི་ཨ་མ་དང་སྐྱེ་བོ་མཆོག་དམན་ཡོངས་ཀྱི་རྒྱལ་པོ་ནི་རྩ་ཁྲིམས་རིན་པོ་ཆེ་ཡིན་ཞིང་། རྩ་ཁྲིམས་རིན་པོའི་ཆེའི་གོང་ན་ལྷ་དང་བླ་མ། རྒྱལ་པོ་དང་བློན་པོ། རྒྱུ་དང་དཔལ་འབྱོར། འཁོར་དང་གཡོག་པོ་སོགས་སུ་ཡང་མེད་པ་ནི་ཀུན་ལ་གྲགས་པའི་ཐུན་མོང་གི་ལྟ་ཚུལ་ཞིག་ཡིན།

    དེ་ལྟར་ནའང་། ང་རང་ཚོའི་“ཡང་དག་པའི་མང་གཙོ་”ཞེས་འབོད་པའི་ལམ་ལུགས་ལག་བསྟར་གནང་མཁན་གྱི་གནད་ཡོད་རྣམ་པ་མིའི་ཁོག་ལ་ཞུགས་པའི་ལྷའི་དྲུང་ལ་ཡང་ནས་ཡང་དུ་བཅར་རྒྱུར་ཤིན་ཏུ་མོས་པ་དང་། བཅར་ནས་ཀྱང་བོད་ཀྱི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་གནད་དོན་ཆེ་ཕྲ་ཆུང་གསུམ་ཡར་ཞུ་བྱས་ཏེ། ལྷས་ཀྱང་དེ་ལ་དེ་བསྟུན་གྱི་རྐྱེན་བཟློག་བར་སེལ་གང་ལ་གང་འཚམ་གནང་ཡོང་གི་ཡོད། དེ་ལས་ཀྱང་ཉེ་ཆར་སྲིད་སྐྱོང་མཆོག་དང་ཚོགས་གཙོ་མཆོག་ལ་བཀའ་བཀྱོན་ཕེབས་ཏེ་འགྲམ་ལྕག་གཞུས་པ་ལྟ་བུ་རེད། དབུས་བོད་མིའི་སྒྲིག་འཛུགས་ཀྱི་རྩ་ཁྲིམས་རིན་པོ་ཆེའི་ནང་གནད་དོན་གལ་ཆེ་ཆུང་ཅི་རིགས་ཤིག་ལྷ་ལ་ཞུས་ཏེ་ཐག་གཅོད་བྱ་དགོས་པའི་གཏན་འབེབས་གནང་ཡོད་ན་གང་ཤེས་མ་གཏོགས། “ཡང་དག་པའི་མང་གཙོའི”་ལམ་ལུགས་དང་སྤྱི་ཚོགས། སྒྲིག་འཛུགས་ཀྱི་ནང་དུ་ལྷ་ལ་འདྲི་སྟེ་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་ཐག་གཅོད་གནང་པ་དང་། ལྷ་བརྒྱུད་ནས་ཡུལ་ལུང་དང་མི་སེར་ལ་དབང་སྒྱུར་བྱེད་པའི་སྲིད་གཞུང་ནི་གང་དུའང་མེད་ཚོད་འདུག ང་ཚོའི་བཙན་བྱོལ་སྒྲིག་འཛུགས་མ་གཏོགས་ཡང་དག་པའི་མང་གཙོ་ཞིག་མེད་པ་ཡིན་ན་ནི་བཤད་རྒྱུ་གང་ཡང་མེད།

    ཡང་གཅིག་བཤད་ན། རྒྱལ་ཁབ་དང་མི་རིགས་ཀྱི་ལས་དབང་ཐག་གཅོད་དང་ཆབ་སྲིད་ཀྱི་དབང་སྒྱུར་ཐད་ལྷ་ཞེས་འབོད་པའི་མི་སྐད་གསུང་མཁན་དག་ལ་མི་ལས་ལྷག་པའི་ཐབས་ལམ་ཞིག་བསྟན་རྒྱུ་མེད་པ་ནི་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཟིན། བོད་སྤྱི་ཚོགས་རྙིང་པའི་དུས་སྐབས་ནི་ད་ལྟ་ལས་ལྡབ་འགྱུར་གྱིས་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ཤིག་ཡིན་ལ། ལྷ་ལ་ལམ་སྟོན་ཞུས་པ་ནི་མང་དྲགས་མེད་ནའང་ཉུང་གཏན་ནས་དྲགས་མེད། ཡིན་ནའང་། མཐའ་མར་བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་གཉིས་ཀ་མིས་བཙན་འཕྲོག་དང་དབང་སྒྱུར་བྱས་ཏེ་ལྷ་རྟེན་ཆོས་གསུམ་ཕར་ཞོག མིའང་སྡོད་ས་འདུག་ས་ཡིབ་ས་གབ་ས་མེད་པར་བྲོས་བྱོལ་དུ་ཕེབས་པ་དང་། བཙོན་དུ་བཅུག་པ། དམར་གསོད་བཏང་པ། མུག་ཤི་ཐེབས་པ་སོགས་གྲངས་ཀྱིས་མི་ལོངས་ལ། དུས་ད་ལྟའང་གཞན་གྱི་བཙན་པོའི་དབང་སྒྱུར་འོག་མི་འདོད་བཞིན་ལྷག་མུས་ཡིན་པ་ནི་ཤེས་གསལ་རེད།

    གལ་ཏེ་ལྷ་འདི་དག་ལ་མི་ལས་ལྷག་པའི་ནུས་པ་དང་ལུང་བསྟན་ཁྱད་དུ་འཕགས་པ་ཞིག་གནང་རྒྱུ་ཡོད་པའི་དབང་དུ་བཏང་ན། མ་མཐའ་ཡང་བོད་ཆོས་ལྡན་གྱི་ཞིང་འདི་ད་ལྟའི་གནས་སྟངས་ལས་ལྷག་ཅིག་ཆགས་ཡོད་པ་གདོན་མི་ཟ། ནུས་པ་མེད་བཞིན་ད་དུང་ཨུ་ཚུགས་མཐའ་སྐྱེལ་གྱིས་མོ་ལུང་ཞུ་པ་དང་བཀའ་བཀྱོན་བཟེད་པ། ཐ་ན་མཚམས་རེར་འགྲམ་ལྕགས་ཚ་བེར་བ་རེ་ཞུ་དགོས་དོན་ཁྱོན་ནས་མེད། ལྷ་ཡི་ནུས་མཐུ་དང་ལུང་བསྟན་ལ་མ་བསྟེན་པར་མིའི་རྣམ་དཔྱོད་དང་རྩོལ་ཤུགས་ལ་བརྟེན་ནས་སྲིད་འབྱོར་རིག་གསུམ་འཛམ་གླིང་གི་ཡང་རྩེར་སོན་བཞིན་འདུག་ན། ད་ནི་ང་ཚོ་གཞུང་དམངས་སུ་ཞིག་ཡིན་ནའང་ལྷ་ཡི་ནུས་པ་ལ་བརྟེན་པའི་འདུ་ཤེས་ཆུང་དུ་བཏང་སྟེ། མི་ཡི་ནུས་པ་དང་མིའི་རྣམ་དཔྱོད་ལ་བརྟེན་ནས་རྒྱལ་ཁབ་དང་མི་རིགས་སྐྱོང་དགོས་པའི་འདུ་ཤེས་བསྐྲུན་དགོས་ཀྱི་འདུག་པ་མ་ཟད། མང་གཙོའི་ལམ་ལུགས་དང་སྒྲིག་འཛུགས་ནང་དེ་ལས་ཀྱང་ལྷ་བསྟེན་ནས་ཆབ་སྲིད་སྐྱོང་བའི་ལམ་ཁ་རྩ་བ་ནས་མེད་པ་བཟོ་དགོས།

    “མི་འུག་ཐུག་ནས་ལྷ་ལ་འདྲི། ལྷ་འུ་ཐུག་ནས་རྫུན་བཤད་”ཅེས་པ་ནི་གནའ་སྔ་མོ་ནས་བོད་པའི་སྤྱི་ཚོགས་ནང་བཤད་སྲོལ་ཡོད་པའི་སྐད་ཆ་ཞིག་རེད། སྐད་ཆ་འདི་ཁོ་ནས་ཀྱང་སྔ་མོ་ནས་བོད་པའི་སྤྱི་ཚོགས་ནང་ལྷ་རུ་འབོད་པའི་གསུང་འབྱོན་མཁན་དག་ལ་ཡིད་ཆེས་ག་ཚོད་ཅིག་ཡོད་མེད་ཚོད་དཔག་གང་འཚམས་བྱ་ཐུབ་སྙམ། གལ་སྲིད་ང་ཚོའི་མང་གཙོ་འདི་ཁྲིམས་ཀྱིས་དབང་སྒྱུར་བ་དང་མིས་དབང་སྒྱུར་བའི་ཡང་དག་པའི་མང་གཙོའི་ལམ་ལུགས་ཤིག་ཡིན་ན། རྩ་ཁྲིམས་རིན་པོ་ཆེའི་དགོངས་དོན་གཞིར་བཟུང་མི་དང་ཤེས་འཇོན་གྱི་ལམ་ནས་ཆབ་སྲིད་ཀྱི་དགོས་འདུན་རྩོད་ལེན་བྱེད་པ་གཙོས། ཕྱི་ནང་གི་གནད་དོན་ཐམས་ཅད་ཐག་གཅོད་དང་ལག་བསྟར་གནང་དགོས་པ་ལས། སྤྱི་དོན་དང་གཞུང་དོན་ཐོག་རྐང་གཉིས་མི་ཡི་ནུས་པ་ལས་བརྒལ་བའི་ལྷ་ཞིག་ལ་སྐྱབས་བཅོལ་རྒྱུ་གཏན་ནས་མེད།

    རང་ཉིད་ལ་མཚོན་ན་སྐྱབས་དཀོན་མཆོག་རྣམ་གསུམ་ལ་ཡིད་ཆེས་གཙང་མ་ཐོབ་སྟེ་ལས་རྒྱུ་འབྲས་དཔང་བཙུགས་ཀྱི་ལས་ཀ་བྱེད་མཁན་ཞིག་ཡིན། འོན་ཀྱང་། ང་ཚོའི་མཛད་གཙོ་རྣམ་པ་ནང་བཞིན་མིའི་ཁོག་ཏུ་ཞུགས་ཏེ་མི་སྐད་གསུངས་པའི་ལྷ་བབས་ཞེས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ལུགས་ཀྱི་ཆོ་ག་འདི་ལ། འཇིག་རྟེན་མི་དང་ཐུན་མོང་མ་ཡིན་པའི་ནུས་པ་ཞིག་ལྡན་པའི་ཡིད་ཆེས་དད་མོས་ཀྱི་སྐལ་བ་ལྡན་མ་སོང་། གཅིག་བྱས་ན་ཉོན་མོངས་པའི་གཞན་དབང་དུ་གྱུར་ཏེ་ཡང་དག་པའི་གནས་ལུགས་ལ་ལྟ་བའི་ཤེས་རབ་ཀྱི་བློ་མིག་དང་མ་ལྡན་པ་ཡིན་སྲིད་ཀྱང་། བོད་པའི་སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ཏེ་འདས་མ་འོངས་ད་ལྟ་དུས་གསུམ་ལ་ཞིབ་མདང་རེ་རྒྱག་ཚེ། ང་ལ་ཡིད་ཆེས་ཀྱི་བསམ་བློ་དང་དད་འདུན་ལྷག་ཏུ་མེད་པ་གྱུར།།

    Reply
  13. བསྟནའཛིན་གེ་སར་ says:
    ལོ་ 9 སྔོན།

    དེང་སང་གི་”སྐུ་དྲག་གསར་པ་” ཚོས། མང་ཚོགས་ཀྱིས་བཀོད་པའི་སྡུག་ཡུས་ཀྱིས། ལས་འབྲས་དང་བཟང་སྤྱོད་མེད་པར་ བོད་སྤྱི་བའི་མཐུན་སྒྲིལ་དང་རྩ་དོན་རྡོག་བརྫིས་སུ་གཏོང་བའི་དུས་འདིར། “སྐུ་དྲག་རྙིང་པ་”་རྣམས་ལྷང་གྱིས་དྲན། ཁོང་ཚོར་དེང་རབས་ཀྱི་ཤེས་ཡོན་དང་སྐད་ཡིག་མེད་ཀྱང་། ལས་འབྲས་དང་བཟང་སྤྱོད་ནི་ཡོད། ལ་བརྒྱ་ཡོད། གོམས་གཤིསབཟང་པོ་ནི་ཡོད། རྒྱུད་བཏགས་ཀྱང་ཡོད།
    ལར་ནས་མང་ཚོགས་ཡིན་ན། མི་མང་གི་སྲིད་ཞུ་བ་ཡིན་པའི་འདུ་ཤེས་བརྟན་པོ་ཞིག་མ་སྐྲུན་གྱི་བར་དུ། སྐུ་ངོ་དང་། དཔལ་ལྡན་ཚོགས་གཙོ། དཔལ་ལྡན་སྲིད་སྐྱོང་ཞེས། ལྕེ་ནར་ནར་གྱིས་གུས་ཞབས་བྱེད་སྟངས་འདི་མཚམས་འཇོག་བྱེད་དགོས་ཀྱི་འདུག མི་མང་གི་སྲིད་ཞུ་བ་ཞིག་ཡིན་པའི་རྣམ་པ་མཐོན་ན། ད་གཟོད་སྐུ་ངོ་ཞེས་གུས་པའི་ཚིག་གིས་བསུ་ཆོག་གི་རེད། དེ་མིན་ཁྱི་ལ་སེང་གེའི་མིང་བཏགས་ན་རང་གཞན་ཚང་མར་ཕན་ལས་གནོད་ཆེ་བའི་གནས་ཚུལ་འདི་འདྲ་རེད།

    Reply
  14. ཀུན་གསལ། says:
    ལོ་ 9 སྔོན།

    བཀའ་དྲུང་ཡིག་ཚང་ལ་ལས་ཤོག་མེད་པ་རེད་དམ།

    Reply
    • དྲང་བདེན། says:
      ལོ་ 9 སྔོན།

      ལས་ཁུངས་ནང་ཁུལ་ཡིག་འབྲེལ་དང་གསལ་བསྒྲགས་གནང་སྐབས་ལྷན་ཁང་སོ་སོའི་ལས་དམ་སྐྱོན་པ་
      ལས་ལས་ཤོག་བེད་སྤྱོད་གནང་ལམ་མེད་པ་མཁྱེན་དགོས།

      Reply
  15. གངས་ཅན་ཕོ་ཉ། says:
    ལོ་ 9 སྔོན།

    ༧གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་གསུང་དོན། ནང་ཆོས་ཀྱི་སྙིང་པོ་ནང་ནས་ཡོད་པའི་དགྲ་བོ་དྭངས་མ་ཆགས་སྡང་སོགས་ཉོན་མོངས་ལ་གདོང་ལེན་བྱེད་ནས་ཤེས་རྒྱུད་ཞི་ཞིང་དུལ་བ་ཡ་རབས་བཟང་སྤྱོད་གནང་དགོས་ཞེས་ཡང་ཡང་གདམས། གདམས་པ་ཟབ་མོ་དེ་ལྟར་བུ་ལ་ཉིན་རེ་བཞིན་ཉམས་ལེན་བྱེད་ན་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་ཡང་དེ་ཡིན། སྲིད་མཐའི་བར་དུ་བརྟན་པ་བཞུགས་པའི་བརྟན་བཞུགས་ཡང་དེ་ལས་ལྷག་པ་མེད། བླ་མས་ཐུགས་སྐྱོ་བ་མེད་པ་དགྱེས་བཞིན་གདམས་པ་ཟབ་མོ་ཕངས་པ་མེད་པ་རང་ཅག་ལ་བྱིན་བྱིན་པ་ལ། སློབ་མ་རྣམས་ཀྱི་དེ་ལྟར་ཉམས་སུ་མི་ལེན་པ་སེམས་ལ་ཡར་སྐྱེད་ཏེལ་འབྲུ་ཙམ་ཡང་མེད་པ། རྡོ་བའི་སྐམ་པོ་རང་བཞིན་གནས་ཞེས་པའི་དཔེར་ལྟར། ཉེ་བའི་ཆ་གླེང་གཞི་བྱུང་བའི་ཁྱོད་དང་ང་ཞེས་མཐའ་ན་སོ་སོ་རང་ཉིད་ཀྱང་ངོ་མི་ཤེས་པའི་ཚོད་དུ་འདུག བོད་མི་དམངས་བཟང་སྤྱོད་ཉམས་པས་ལས་བསགས། འབྲས་བུ་འདི་ཕྱི་གཉིས་ཀྱི་བླ་མ་དམ་པ་༧རྒྱལ་དབང་ཐམས་ཅད་མཁྱེན་པ་ཐུགས་ཕམ་བྱུང་བ་དེ་ལྟར་ཡིན། ཤིན་ཏུ་ནས་ཡིད་སྐྱོ་བའི་གནས་རེད།

    Reply
  16. ཐོས་པ་དགའ། says:
    ལོ་ 9 སྔོན།

    བདེ་སྐྱིད་ཆོས་དབྱིངས་དགོངས་པ་ཞུས་སྐབས་བློ་ཕམས་ཀྱིས་དགོངས་པ་ཞུས་པ་རེད། འབྲོང་ཆུང་དངོས་གྲུབ་ཀྱིས་འགན་མ་ཆོག་པར་དགོངས་པ་ཞུས། འདི་དག་ཚང་མའི་འབྱུང་རྩ་བློ་སེང་ལ་ཐུག་ཡོད་པ་གསལ་པོ་རེད། དེས་ན་བློ་སེང་གིས་ཡང་བཟང་སྤྱོད་ལྡན་པའི་ཐོག་ནས་དགོངས་པ་ཞུས་ཏེ། ༧གོང་ས་མཆོག་དང་། བོད་མི་མང་ལ་དགོངས་སེལ་ཞུས། སྲིད་སྐྱོང་གི་སྒུག་ཐོའི་ནང་གི་སྐུ་ངོ་སྤེན་ཚེ་ཡར་བསྐོ་བ་ཡིན་ན་ཚང་མ་འགྲིག་འགྲོ་ཡི་རེད། སྲིད་སྐྱོང་མཆོག་གིས་དགོངས་པ་རྒྱ་ཆེ་སར་བཞེས་ནས་ཨོ་རྒྱན་སྟོབས་རྒྱལ་སོགས་ཀྱི་ཁ་ལ་མི་གསན་རྒྱུ་དེ་ཧ་ཅང་གལ་ཆེ།

    Reply
  17. བསྟན་འཛིན་གེ་སར། says:
    ལོ་ 9 སྔོན།

    ཆོས་ལུགས་དང་ཆོལ་ཁའི་ཞེན་ཁོག་ལ་གཞི་གཙོ་བོར་བཅོལ་ནས་གྲོས་ཚོགས་ནང་དུ་སྲིད་བྱུས་བགྲོ་གླེང་དང་ཐག་གཅོད་བྱེད་མཁན་གྱི་བཀའ་བློན་དང་སྤྱི་འཐུས་སུ་འདྲ་ཞིག་ཡིན་རུང་། བཟང་སྤྱོད་ཀྱི་ཐོག་ནས་རྩ་དགོངས་ཞུས་ན་་ཡག་ཤོས་རེད། རྒྱུ་ཚན་གལ་ཆེ་ཤོས་ནི། དབུས་བོད་མིའི་སྒྲིག་འཛུགས་འདིས་གཞིས་སུ་གནས་པའི་བོད་རིགས་སྤུན་ཟླ་རྣམས་ཀྱི་མགྲིན་ཚབས་བྱེད་ཐུབ་པ་དགོས་ལ། བོད་ནང་དུ་ཆབ་སྲིད་ཀྱི་གོ་རྟོགས་ཡོད་པའི་གཞོན་སྐྱེས་ཤེས་ཡོན་ཅན་རྣམས་ཀྱིས་ནི། ཆོས་ལུགས་ཆོལ་ཁའི་སྲོལ་རྒྱུན་གྱི་དབྱེ་གཞི་དེ་དུས་ཚོད་དང་གནས་སྟངས་ཀྱི་ཆ་ནས་གོ་དོན་མེད་པ་མ་ཟད། དགོས་མཁོའང་མེད་ཅིང་བོད་སྤྱི་བའི་རྩ་དོན་དང་གོང་བུ་གཏོར་ཤིག་གཏོང་བའི་རྒྱུ་ཞིག་ལ་ངོས་འཛིན་གསལ་པོར་གནང་ཐུབ་ཀྱི་ཡོད།

    Reply
  18. བསྟན་པ། says:
    ལོ་ 9 སྔོན།

    བཟང་སྤྱོད་ལྡན་པའི་བདེ་སྲུང་བཀའ་བློན་གྱིས། །
    བཟང་སྤྱོད་སྟེང་ནས་རྩ་དགོངས་ཞུས་གྱུར་ཀྱང་། །
    བཟང་སྤྱོད་མེད་པའི་སྲིད་སྐྱོང་སློབ་སངས་ཀྱིས། །
    བཟང་སྤྱོད་མི་དྲན་སྡིག་པ་མིག་བཙུན་བྱེད། །

    བཟང་མདོག་སྟོན་པའི་དཔལ་འབྱོར་བཀའ་བློན་དེས། །
    བཟང་ངན་མ་བརྟགས་དཔལ་བདེ་གཅིག་ལྕོག་བྱས། །
    བཟང་ངན་མི་ཤེས་བོད་མི་གླེན་རྨོངས་ཚོས། །
    བཟང་རྫུ་ཅན་ལ་ཡིད་ཆེས་ལྷག་ཏུ་བྱེད། །

    བཟང་ངན་གཅིག་པར་ལྟ་བའི་སྤྱི་ཚོགས་འདིར། །
    བཟང་སྤྱོད་ཅན་རྣམས་ད་ནས་ཇེ་ཉུང་འགྱུར། །
    བཟང་ངན་དབྱེ་འབྱེད་མེད་པའི་སྤྱི་ཚོགས་ལ། །
    བཟང་སྤྱོད་ལྷག་བསམ་ཅན་རྣམས་ཇི་ལྟར་གནས། །

    ངན་པས་ངན་པར་རྒྱབ་སྐྱོར་སྤྱི་ཚོགས་འདིར། །
    ངན་པ་རྣམས་ཀྱི་མགོ་འཕང་གནམ་ལས་མཐོ། །
    ངན་པའི་རྗེས་སུ་བཟང་པོ་ཇི་ལྟར་འབྲང་། །
    ངན་རྗེས་འབྲང་ན་བཟང་པོའང་ངན་པར་འགྱུར། །

    ངན་པའི་རིགས་ལ་བཟང་པོ་གནས་ནུས་ན། །
    ཁྱི་སྐྱག་ལས་ཀྱང་དྲི་བཟང་ཅིའི་མི་འབྱུང་། །
    བཟང་པོ་ལྷན་དུ་ངན་པ་་རྒྱུན་གནས་ན། །
    སངས་རྒྱས་ས་ལ་རྐུན་ཇག་ཅིའི་མི་འབྱུང་། །

    དེའི་ན་ངན་པས་དབང་བསྒྱུར་སྤྱི་ཚོགས་ལ། །
    ༸ཕྱག་ན་པདྨོའི་དགྱེས་པ་ཅིའི་ཕྱིར་གནང་། །
    གཞུང་བསྟེན་དགྲ་ལྷའི་ཐུགས་དགོངས་ཅིའི་མི་འཁྲུགས། །
    བཟང་པོའི་ཚོགས་རྣམས་ཇེ་ཉུང་ཅིའི་མི་འགྱུར། །

    Reply
  19. ཀརྨ་དགེ་ལེགས། says:
    ལོ་ 9 སྔོན།

    སློབ་བཟང་སངས་རྒྱས་ཀྱིས་སྲིད་སྐྱོང་ནས་དགོངས་པ་ཞུ་དགོས། ༧རྒྱལ་བ་རིན་པོ་ཆེའི་ཐུགས་དཀྲུག་མཁན་གྱི་སྲིད་སྐྱོང་ཞིག་བོད་མི་མང་ལ་མི་དགོས། བོད་མིའི་སྒྲིག་འཛུགས་ཀྱི་བློ་ཕམ་དུ་འཇུག་མཁན་གྱི་སྲིད་སྐྱོང་ཞིག་མི་དགོས།

    Reply
  20. ཁབ། says:
    ལོ་ 9 སྔོན།

    ཉེ་ལམ་སྨན་རྩིས་ཁང་གི་མཛད་སྒོའི་ཐོག་༧གོང་ས་མཆོག་གིས་བཀའ་ནན་ཕེབས་པ་དང་། དེའི་རྗེས་ཚེ་རིང་མཆེད་ལྔ་དང་གནས་ཆུང་སོགས་ཀྱིས་བཀའ་ལུང་ཕེབས་པ་དེ་དག་ལ་འགན་མ་ཁྱོག་པར་བཟང་སྤྱོད་ཐོག་ནས་བདེ་སྲུང་བཀའ་བློན་མཆོག་གིས་དགོངས་པ་ཞུས་པ་དེའི་ཚབ་ལ། དཔལ་འབྱོར་བཀའ་བློན་མཆོག་གིས་འགན་ཁྱོག་ནས་ཐུགས་འགན་བཞེས་རྒྱུ་ཁས་བླངས་ཐུབ་པ་དེའང་། ཏོག་ཙམ་བློ་ཁོག་ཆེན་པོ་རེད་འདུག་གཱ

    Reply
  21. ལི་ཐང་འཇམ་དབྱངས། says:
    ལོ་ 9 སྔོན།

    དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་རྩ་དགོངས་ཞུ་འཆར་ཡོད་འདུག
    གོ་ཐོས་སུ། ཉེ་ལམ་༸གོང་ས་མཆོག་གི་ཞལ་དྲོན་མོ་ནས་བཀའ་ཤག་གི་འཐུས་ཤོར་སྐོར་ཕེབས་རྗེས་སུའང་། སྲིད་སྐྱོང་གིས་༸གོང་ས་མཆོག་ལ་དགོངས་སེལ་ཞུ་འཆར་མེད་པ་དང་། དེའི་རྗེས་སུ་གཞུང་བསྟེན་ལྷ་སྲུང་ཁག་གིས། དམ་ཚིག་ལ་སེལ་ཞུགས་པ་དང་། ༸གོང་ས་མཆོག་གི་སྐུ་ཕྱྭ་ལ་ཉེན་ཁ་ཡོད་པ་གནས་ཆུང་ཆོས་སྐྱོང་གིས་འགན་ལེན་མི་ཐུབ་ཚུལ། འཕྲལ་དུ་དགོངས་སེལ་ཞུ་དགོས་ཚུལ་ཕེབས་ཏེ། མནའ་ཆུ་ཚུན་ནས་བླུད་ཀྱང་། སྲིད་སྐྱོང་གིས་༸གོང་ས་མཆོག་དང་བོད་མི་མང་ལ་དགོངས་སེལ་ཞུ་འདོད་གནང་གི་མེད་པར་བརྟེན། བདེ་སྲུང་བཀའ་བློན་བཟང་སྤྱོད་ཀྱི་ཐོག་ནས་རྩ་དགོངས་ཞུས་ཤིང་། དཔལ་འབྱོར་བཀའ་བློན་ཡང་། ཉེ་ལམ་ནས་ཐུགས་ཧ་ཅང་མ་སྤྲོ་བ་ཆགས་ཐོག རིང་མིན་རྩ་དགོངས་ཞུ་རྩིས་ཡོད་པའི་གནས་ཚུལ་འདུག
    ཁང་གསར་རྡོ་རྗེ།

    Reply
  22. བཀྲ་ཤིས། says:
    ལོ་ 9 སྔོན།

    མགོན་༸རྒྱལ་བའི་དགོངས་པ་གཞི་རྩར་བཟུངས། །
    ལྷ་ཆོས་སྐྱོང་སྲུང་མའི་ལུང་བསྟན་དང་། །
    དཔའ་མི་འགྱུར་འབྲོང་ཆུང་དངོས་གྲུབ་ཀྱིས། །
    བོད་སྤྱི་དོན་བསྒྲུབས་པ་ཉུང་ཉུང་མིན། །

    ཁོ་སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་དེས། །
    ལོ་ལྔ་དེ་འཁྱོལ་ཙམ་བྱུང་བ་དེ། །
    ཁོང་བདེ་སྲུང་བཀའ་བློན་ཆེན་པོ་ཡིས། །
    གྲོགས་ཐབས་མཁས་ཐུགས་རྗེ་ཆེན་པོས་ཡིན། །

    མགོན་༸རྒྱལ་བའི་ཐུགས་སྲས་མི་རྗེ་མཆོག །
    དཔལ་འབྲོང་ཆུང་དངོས་གྲུབ་མ་བཞུགས་ན། །
    ད་བདེ་སྲུང་གི་གསང་བ་སུ་ཡིས་ཉལ། །
    བོད་གཞིས་བྱེས་སུ་ཡིས་ཡིད་ཆེས་བྱེད། །

    གནས་རྒྱ་གར་གཞུང་གིས་ཡིད་ཆེས་དང་། །
    མགོན་རྒྱལ་བའི་༸གཟིགས་པ་ཆེ་ས་དང་། །
    འབངས་མི་མང་སྙིང་ནས་དགའ་ས་ཡི། །
    སྐུ་ཁྱེད་ཉིད་དྲན་ཚེ་བཀའ་དྲིན་དྲན། །

    Reply
  23. བསྟན་འཛིན། says:
    ལོ་ 9 སྔོན།

    གངས་སྐྱིད་ལ་ས་ཡོམ་བརྒྱབ་སོང་། སེང་གེ་བཀའ་ཤག་ལ་ས་ཡོམ་བརྒྱབ་སོང་།

    Reply
  24. དབང་ཕྱུག says:
    ལོ་ 9 སྔོན།

    ཨ་རི་དང་ཡོ་རོབ་རྒྱལ་ཁབ་ཁག་ལ་མཚོན་ན། གཞུང་གི་བཀའ་བློན་ནམ་བློན་ཆེན་ཞིག་གིས་བློ་བུར་དུ་རྩ་དགོངས་ཞུས་སོང་བ་ཡིན་ན། སྲིད་འཛིན་ནམ་སྲིད་བློན་གང་དེའི་འཛིན་སྐྱོང་ནང་ས་ཡོམ་བརྒྱབ་སོང་ཟེར་གི་རེད། གནས་ཚུལ་ཆུང་ཆུང་ཞིག་རྩ་བ་ནས་མ་རེད། ཡིན་ནའང་བོད་རྒྱ་ཆེ་མི་མང་ད་དུང་ཅི་མི་སྙམ་པར་བསྡད་ཡོད་པ་རེད་ལ། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོས་ཀྱང་སྡིག་པ་མིག་བཙུམ་བྱས་ཏེ་ནག་ཐོག་ལ་ཉེས་གསོག་བྱས་ཏེ་བསྡད་ཡོད་པ་རེད།

    Reply
    • ཁ་ཕྱོགས་མེད། says:
      ལོ་ 9 སྔོན།

      ཁ་ནས་བློ་བཟང་སེང་གེ་བརྗོད། །
      ལག་པས་སློབ་བཟང་སངས་རྒྱས་བྲིས། །
      ཁ་ལག་གཉིས་ཀ་མི་མཚུངས་པས། །
      སྲིད་སྐྱོང་འདི་ཡི་དོན་མི་འགྲུབ། །
      ཁ་ཡིས་བོད་དོན་རྟག་ཏུ་བསྒྲགས། །
      ལག་པས་རང་དོན་ཁོ་ན་གཉེར། །
      ཁ་ལག་གཉིས་ཀ་མི་མཚུངས་པས། །
      ལོ་ལྔའི་གྲུབ་འབྲས་ལྷིང་འཇགས་ཙམ། །
      ཁ་ཡིས་མཐུན་འབྲེལ་མཉམ་གནས་གླེང་། །
      ལག་པས་རང་བློར་གང་ཤར་བྱས། །
      ཁ་ལག་གཉིས་ཀ་མི་མཚུངས་པས། །
      ལས་རོགས་རྣམ་པ་རྩ་དགོངས་བཏང་། །
      མདོར་ན་ཁ་དང་ལག་པ་གཉིས། །
      མི་མཚུངས་པ་ཡི་སྲིད་སྐྱོང་འདིས། །
      ད་དུང་ལོ་ལྔ་བསྐྱང་རྒྱུ་ན། །
      མཇུག་འབྲས་ཀོར་ཐིག་ཉིད་དུ་ངེས། །

      Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese