ཨེ་ཁུ་ཌོར་རྒྱལ་ནང་དུ་ཚད་རིམ་ ༧.༨ ཅན་གྱི་ས་ཡོམ་བརྒྱབ་པའི་ཁྲོད་དེ་རིང་བར་ཡུལ་མི་ ༢༠༠ ལྷག་རྐྱེན་འདས་དང་ཡུལ་མི་ ༢༠༠༠ ལྷག་ལ་རྨས་སྐྱོན་བྱུང་ཡོད་འདུག
དེ་རིང་སྔ་དྲོར་ཡ་ཧོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨེ་ཁུ་ཌོར་ (Ecuador) རྒྱལ་ནང་དུ་གཟའ་སྤེན་པའི་ཉིན་གྱི་ཞོགས་པའི་ཆུ་ཚད་ ༧ ཙམ་ལ་ཚད་རིམ་ ༧.༨ ཅན་གྱི་ས་ཡོམ་བརྒྱབ་སྟེ། དེ་རིང་བར་ཡུལ་མི་ ༢༧༢ རྐྱེན་འདས་དང་ཡུལ་མི་ ༢༥༢༧ ལྷག་ལ་རྨས་སྐྱོན་བཟོས་ཡོད་པ་མ་ཟད། ཟམ་པ་དང་གཞུང་ལམ། འགྲིམ་འགྲུལ་ས་ཚིགས་དང་ཚོང་གཉེར་ཁང་། སློབ་གྲྭ་ཁག་དང་། ལྷག་པར་དུ་ཡུལ་མིའི་སྡོད་ཁང་སྟོང་ཕྲག་མང་པོ་རྡིབ་སྐྱོན་བྱུང་ཡོད་པ་དང་། ཐེངས་འདིའི་ས་ཡོམ་དེ་ཨེ་ཁུ་ཌོར་རྒྱལ་ཁབ་ཀྱི་མཚོ་ཁུལ་གྲོང་རྡལ་དང་གྲུ་ཁ་སོགས་སུ་བྱུང་ཡོད་ཅིང་། ད་དུང་ཡུལ་མི་སྟོང་ཕྲག་མང་པོ་རྡིབ་སྐྱོན་བྱུང་བའི་ཁང་རྩེག་འོག་ཤོར་ཡོད་པ་འཚོལ་ཞིབ་བྱེད་མུས་ཡིན་འདུག
ཨེ་ཁུ་ཌོར་གྱི་རྒྱལ་གྲམ་དམར་པོ་ཚོགས་པའི་མགྲིན་ཚབ་པ་ཁ་སི་ཊི་ལ་ནོ་སི་ (Castellanos) ཟེར་བ་ཞིག་གིས། ཡུལ་མི་ཚོའི་སྡོད་ཁང་བརྒྱ་ཆ་ ༨༠ ལ་ས་ཡོམ་གྱི་གོད་ཆག་ཐེབས་ཡོད་པ་མ་ཟད། ཐོག་རྩེག་ཁང་བརྒྱ་ཆ་ ༤༠ ལྷག་རྡིབ་སྐྱོན་བྱུང་བའི་འོག་ད་དུང་ཡུལ་མི་སྟོང་ཕྲག་མང་པོ་ཤོར་ཡོད་སྐོར་སོགས་བརྗོད་འདུག
ཨེ་ཁུ་ཌོར་རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་ཇོར་ཇི་གྷ་ལ་སི་ (Jorge Glas) ཡིས་ཨེ་ཁུ་ཌོར་སྲིད་གཞུང་གིས་མྱུར་སྐྱོབ་རུ་ཁག་དང་འཕྲོད་བསྟེན་ལས་ཁུངས། དེ་བཞིན་རྒྱལ་སྲུང་དམག་མི་དང་ཉེན་རྟོག་དམག་མི་སོགས་ཆེད་གཏོང་གིས་ས་ཡོམ་གོད་ཆག་ཁྲོད་ཀྱི་ཡུལ་མི་ཚོ་འཚོལ་ཞིབ་དང་མྱུར་སྐྱོབ་བྱེད་བཞིན་ཡོད་པ་མ་ཟད། ཛ་དྲག་ཐེབབས་རྩ་ཁག་ནས་ཨ་སྒོར་ས་ཡ་ ༣༠༠ ལྷག་དང་། གློག་དང་སྡོད་གནས་སོགས་གོ་སྒྲིག་བྱས་ཡོད་སྐོར་བརྗོད་འདུག
གནས་ཚུལ་ལྟར་ན། ཨེ་ཁུ་ཌོར་རྒྱལ་ནང་དུ་བྱུང་བའི་ས་ཡོམ་གོད་ཆག་ཐད་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་རོགས་དངུལ་དང་མྱུར་སྐྱོབ་དམག་མི། སྨན་པ་སོགས་ཆེད་གཏོང་གིས་རོགས་སྐྱོར་བྱེད་བཞིན་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།