མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གསར་དུ་བདམས་ཐོན་བྱུང་བའི་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྣམ་པ་དང་སྲིད་སྐྱོང་བཅས་པར་བོད་མི་སྒེར་གི་རེ་འདུན།

བོད་ཀྱི་དུས་བབ།
༢༠༡༦/༠༥/༠༡
Share on FacebookShare on TwitterShare on EmailShare on Whatsapp

བསྟན་འཛིན་ཀུན་མཁྱེན།

ད་རེབ་སྐབས་བཅོ་ལྔ་པའི་བོད་མང་སྤྱི་འཐུས་དང་སྲིད་སྐྱོང་བཅས་ཀྱི་འོས་བསྡུའི་ལས་རིམ་ཁྲོད་སྤྱི་ཚོགས་དྲ་ལམ་ཁག་དང་འོས་བསྡུའི་བགྲོ་གླེང་གི་ལས་རིམ་ནང་བསམ་མེད་ཁག་གཅིག་གིས་ཡ་རབས་བཟང་སྤྱོད་ཀྱི་རྣམ་པ་ཙམ་ཡང་མེད་པར་ནང་ཁུལ་ཤོག་ཁག་ལྟ་བུའི་ངོ་ཚ་ཁྲལ་མེད་ཐོག་ཆོལ་ཁ་དང་ཆོས་ལུགས་དབར་འཐེན་འཁྱེར་གྱི་བསམ་སྦྱོར་ངན་པས་ད་བར་རང་ཅག་བོད་མི་ཡོངས་ཀྱི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ལམ་སྟོན་འོག་ཆོལ་ཁ་གསུམ་གྱི་རང་རིགས་སྤུན་ཟླ་འདས་གསོན་རྣམས་ནས་༧རྒྱལ་བའི་དགོངས་གཞི་ཟབ་མོ་དང་བསྟུན་ནས་ངལ་བ་ཁྱད་བསད་ཀྱིས་གཞི་ལུས་རྒྱ་ཆེ་མང་ཚོགས་ཀྱིས་རེ་བའི་ཕུགས་བསམ་བཅོལ་བའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བཞིན་སྲ་བརྟན་དང་ཆོལ་གསུམ་གོང་བུ་གཅིག་བསྒྲིལ་ཐོག་གནས་མུས་དེ་དག་གཏོར་རླགས་ཉམས་དམས་སུ་གཏོང་བའི་བྱུས་ངན་བརྩམས་པ་ནི་ཆེས་བློ་ཕམ་གྱི་རང་བཞིན་དགྲ་དགའ་གཉེན་སྡུག་གི་གནས་སུ་གྱུར།

ད་རེབ་ཀྱི་འབྱུང་རྐྱེན་དེས་ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༢༣ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་ཀྱི་སྨན་རྩིས་ཁང་ནས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཐོག་མར་དབུ་བརྙེས་ཏེ་ལོ་བརྒྱ་འཁོར་བའི་དུས་དྲན་མཛད་སྒོ་སྲུང་བརྩི་གནང་སྐབས་བཀའ་སློབ་ཕེབས་དོན། <<ང་ཚོའི་སྤྱི་ཚོགས་ནང་ཡ་རབས་བཟང་སྤྱོད་ཟེར་རྒྱུ་ཁ་ནས་བཤད་པ་མ་གཏོགས། ལག་ལེན་ངོ་མའི་ཐོག་ལ་ཚད་དམའ་རུ་འགྲོ་གི་ཡོད་པའི་བཟོ་འདྲ་འདུག་>> ཅེས་བཀའ་ཕེབས་ཡོད་པ་དང། དེ་བཞིན་ཕྱི་ཟླ་ ༤ ཚེས་ ༡ ཉིན་བཀའ་སྤྱི་གཉིས་ནས་གནས་ཆུང་ཆོས་རྒྱལ་ཆེན་པོ་དང་བཀྲིས་ཚེ་རིང་མ་གཉིས་ལ་སྔ་བཅོལ་ལེགས་པའི་གཏང་རག་སྐུལ་གསོལ་སྤྱན་འདྲེན་ཞུས་སྐབས་གནས་ཆུང་ཆོས་རྒྱལ་ཆེན་པོས་བཀའ་ལུང་ཕེབས་པའི་ནང། <<དཔལ་ལྡན་དགའ་བ་བརྒྱ་ལྡན་པའི་ཆབ་སྲིད་གསེར་གྱི་ཡུ་བ་མང་མོས་ཁྲོད་དུ་གསོལ་སྩལ་གྱིས་ལས་གང་བྱས་ཀྱང་བསམ་ཤེས་དམན། དྲིན་མ་ཚོར་བཀའ་གསུང་མི་སྒྲུབ་པས། མགོན་ཐུགས་ཕན་ཆེ་བས་དུས་གྱུར་ཕྱིར། ཐུགས་རྟེན་འབྲེལ་མ་གཟབ་ན་ལས་གང་ཕྱིར་གྲུབ་པར་དོན་མི་གསལ། ཞེས་དང་། སྤྱིར་འཛམ་བུ་གླིང་གི་གཙུག་གི་ནོར་བུ་ངོས་ཀྱི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་ཉི་ཤར་སྦར་མོས་མ་ཁེབས་པའི་དཔེ་ལྟར་མཛད་བཟང་ལེགས་པར་བསྐྱངས་ན་ཡང། ཁ་བ་ཅན་གྱི་བསོད་ནམས་དམན་པས་ནང་དུ་དམ་ཚིག་མི་ལྡན་ན་སྐུ་ཕྱྭར་འགན་ལེན་མི་བཟོད་པ་ཞིག་འདུག་པས། ད་སླད་ཕྱིན་སྤང་བླང་ཚུལ་བཞིན་ཕྱིན་ཆད་གསོལ་འདེབས་ནན་པོ་མ་མཛད་ན་སྐུ་ཕྱྭའི་འགན་ལེན་མདུན་ན་འདོན་ཁྱེད་ཀྱིས་འགན་འཁུར་གྱིས་ལ། སྔོན་ཆད་བཤགས་སྡོམ་དང་ཕྱིན་ཆད་སྤང་བླང་ཚུལ་གྱིས་མནའ་ཆུ་འདི་ནི་དུས་འདི་ནས་བཟུང་སྟེ་དམ་ཚིག་དར་གྱི་མདུད་རྒྱ་བརྟན་པོར་མཛོད་ཅིག་>> ཅེས་བཀའ་ལུང་ལྕི་མོ་ཕེབས་པ་དང་། ཡང་བཀྲིས་ཚེ་རིང་མས་ཀྱང་བཀའ་ལུང་ཕེབས་པའི་ནང་། <<ད་འདི་ཕྱིན་ཆད་ལ་བདག་ཅག་རྣམས་ཀྱིས་ཐུགས་ཀྱི་དགོངས་པ་བསྒྲུབ་དགོས་པ་འདི་ལ་ཡང་། ལྷག་བསམ་ཟོལ་མེད་ངང་ནས་ལན་གཅིག་མ་ཡིན་པར་བདག་སོགས་ལྷ་མི་ཡོངས་ཀྱིས། གངས་ལྗོངས་བོད་ཀྱི་རྒྱལ་ཁབ་འདི་ལ་རྙོག་དྲ་དང་དཀའ་སྡུག་ཚད་མེད་ཡོད་པ་ལགས་ནའང་། ཆོལ་ཁ་འཐེན་འཁྱེར་དང་ཆོས་ལུགས་འཐེན་འཁྱེར་འདི་ཡིས་ཁྲེལ་ཡོད་ངོ་ཚ་མེད་པ་དང་། བྱ་སྤྱོད་གང་ཡང་འཁྲུག་རྩོད་ཀྱི་ནོར་འཁྲུལ་ཆེན་པོ་འདི་ལ་ཡང་། བླ་མ་འོ་བརྒྱལ་ཆེ་སོང་>> ཞེས་བཀའ་ལུང་ཕེབས་ཡོད་པ་བཅས་ད་རེས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་ཁྲོད་ཆོལ་ཁ་དང་ཆོས་བརྒྱུད་དབར་གྱི་འཐེན་འཁྱེར་ལྟ་བུ་འཁྲུག་ཆ་དོད་པོའི་གནས་ཚུལ་ལྷགས་པ་དེས་ཆོལ་གསུམ་བོད་མིའི་གོང་བུ་ཆིག་བསྒྲིལ་གྱི་ནུས་པར་སེར་ཀ་ཞིག་བཟོས་ཡོད་པས་དེ་ནི་བཙན་བྱོལ་བོད་མིའི་སྤྱིའི་ཚོགས་ཀྱི་ལོ་རྒྱུས་ནང་ཆེས་ཐབས་སྡུག་དང་མུན་ནག་གི་གནས་སྟངས་ཤིག་ཆགས་ཡོད་པས། ད་ཕྱིན་ཆད་བོད་མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་འབངས་རྒྱ་ཆེའི་སེར་སྐྱ་མང་ཚོགས་ནས་༧རྒྱལ་བའི་དགོངས་གཞི་དང་མཐུན་པའི་ཆོལ་གསུམ་གོང་བུ་ཆིག་ཏུ་བསྒྲིལ་ཏེ་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་བཅོལ་བའི་རེ་བ་དང་བོད་ཀྱི་བདེན་དོན་འཐབ་རྩོད་ལ་ཚང་མས་ནུས་ཤུགས་མཉམ་སྤུངས་ཡོང་བའི་སྐུལ་མ་ཞུ་རྒྱུ་ཡིན།

དེ་ཡང་འདས་པའི་བཀའ་སྤྱི་གཉིས་ཀྱི་དུས་ཡུན་ལོ་བཞི་དང་ཕྱེད་ཀ་ལྷག་གི་གནས་སྟངས་ལ་ཕྱི་མིག་བལྟ་སྐབས་སྐྱོན་གནས་འགའ་ཤས་མཐོང་ཐོས་བྱུང་བ་དེ་དག་སྤྱི་སྨན་བསམ་འཆར་གྱི་ཚུལ་དུ་འདིར་བཅོས་མིན་འབྲི་རྒྱུ་ཡིན་པས་དགེ་མཚན་གཟིགས་ཚེ་ཕྱག་བསྟར་དོན་འཁྱོལ་ཡོང་བ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་ཡང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་འོས་འདེམས་བྱུང་བའི་སྲིད་སྐྱོང་གིས་ཕྱག་འབྲེལ་བཀའ་བློན་རྣམས་ཀྱི་མིང་གཞུང་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སར་སྙན་སྒྲོན་གྱིས་དེར་གྲོས་ཚོགས་ནས་རྒྱབ་གཉེར་ཐོག་བསྐོ་གཞག་གནང་གི་ཡོད་པ་རེད། འོན་ཀྱང་འདས་པར་སྲིད་སྐྱོང་གིས་མཚན་འདོན་གནང་བའི་ཕྱག་འབྲེལ་བཀའ་བློན་ཚོའི་རྒྱབ་ལྗོངས་ཀྱི་གནས་སྟངས་ཇི་ཡིན་དང་། བྱེ་བྲག་ཕྱག་འབྲེལ་བཀའ་བློན་གྱིས་ལྷན་ཁང་བྱེ་བྲག་པ་དེའི་ཐོག་ནུས་པ་ལྡན་པའི་ཕྱག་ལས་གནང་ཐུབ་མིན་ཐུགས་ཞིབ་ཚགས་ཚུད་གནང་ཐུབ་ཀྱི་ཨེ་ཡོད་བསམ་པའི་བློ་དོགས་ཤིག་ཡོང་གི་འདུག དེ་ཡང་འདས་པའི་བཀའ་ཤག་གི་དུས་ཡུན་ལོ་བཞི་དང་ཕྱེད་ཀའི་རིང་འཕྲོད་བསྟེན་བཀའ་བློན་ལྟ་བུར་མཚོན་ན། ཁོང་འཕྲོད་བསྟེན་བཀའ་བློན་གྱི་མཛད་ཁུར་བཞེས་རིང་འཕྲོད་བསྟེན་དང་འབྲེལ་བའི་གྲོས་ཚོགས་ཀྱི་ལས་རིམ་སྐབས་བོད་མིའི་སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཕྱོགས་ལས་ཁོང་སྒེར་གྱི་གླེང་རྙོག་མང་དག་གཅིག་གི་ཐོག་གྲོས་ཚོགས་ནང་གྲོས་བསྡུར་གནང་སྟེ་དུས་ཚོད་འདའ་དགོས་པའི་གནས་སྟངས་ཆགས་ཡོད་པ་དེས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་ལས་གཞིར་དོ་ཕོག་ཏན་ཏན་ཕྱིན་ཡོད། དེ་ཙམ་དུ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་གཞན་ལས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྨན་ཁང་ལས་བྱེད་པ་ཚོར་ཕོགས་ཐོབ་དང་མཐུན་རྐྱེན་སོགས་དེ་སྔ་ནས་ཞན་པོ་ཡོད་ཀྱང་ཕོགས་ཐོབ་སྤར་རྒྱུ་དང་མཐུན་རྐྱེན་བཟང་དུ་བསྐྲུན་རྒྱུར་ཕྱག་བསྟར་ཙམ་ཡང་གནང་མེད་སྟབས་འཕྲོད་བསྟེན་ཁྱབ་ཁོངས་བོད་མིའི་གཞིས་ཆགས་ཁག་གི་སྨན་ཁང་གི་ལས་བྱེད་རྣམས་ལ་དཀའ་ངལ་མང་དག་ཅིག་འཕྲད་མུས་མ་ཟད། ལས་བྱེད་ཁག་ཅིག་དགོངས་ཞུ་བྱེད་དགོས་པའི་གནས་སྟངས་ལས་འཕྲོད་བསྟེན་ཁྱབ་ཁོངས་སྨན་ཁང་གི་ལས་བྱེད་དུ་འཛུལ་མཁན་དཀོན་དུ་ཕྱིན་པ་སོགས་བཙན་བྱོལ་བོད་མིའི་འཕྲོད་བསྟེན་གྱི་ལས་དོན་ཁག་འཐུས་ཤོར་འགྲོ་གི་ཡོད་པ་གདོན་མི་ཟ། དེར་བརྟེན་འབྱུང་འགྱུར་སྲིད་སྐྱོང་གིས་ཕྱག་འབྲེལ་བཀའ་བློན་རྣམས་མཚན་འདོན་གནང་སྐབས་སྔོན་ཚུད་ནས་ངེས་པར་དུ་བཀའ་བློན་ཚོའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ཡག་པོ་ཞིབ་འཇུག་གནང་སྟེ་མཚན་འདོན་གནང་དགོས་གལ་མཐོང་བར་མ་ཟད། བོད་མི་མང་སྤྱི་འཐུས་རྣམ་པས་ཀྱང་སྲིད་སྐྱོང་གིས་མཚན་བཏོན་གནང་བའི་ཕྱག་འབྲེལ་བཀའ་བློན་དེ་དང་དེས་ལས་དོན་འཐུས་ཤོར་མེད་པ་གནང་ཐུབ་མཁན་ལ་ངེས་པར་དུ་རྒྱབ་སྐྱོར་དང་། དེ་མིན་འགག་བྱ་གནང་སྟེ་ཤེས་འཇོན་ལྷག་བསམ་ལྡན་པའི་བཀའ་བློན་ཚད་ལྡན་ཡོང་ཐབས་ལ་འགན་འཁུར་མཉམ་ལེན་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ཡང་སྐྱོན་གནས་གཞན་ཞིག་ནི། ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཡོང་ཁུངས་ནས་མཚམས་རེ་ཤོག་ཁག་ལྟ་བུའི་ཆོལ་ཁ་དང་ཆོས་བརྒྱུད་བར་འཐེན་འཁྱེར་གྱི་རྣམ་པ་མངོན་གྱི་འདུག་པ་དེའི་རྐྱེན་གཅིག་ད་ལྟའི་གྲོས་ཚོགས་ཀྱི་འཐུས་མི་འདེམས་ཕྱོགས་ནས་ཡོང་གི་ཡོད་ཚོད་འདུག དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་མདོ་དབུས་ཁམས་གསུམ་གྱི་ཆོལ་ཁ་སོ་སོ་ནས་འོས་འདེམས་བྱུང་བའི་འཐུས་མི་རྣམ་པ་དང་། དེ་བཞིན་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ཆོས་བརྒྱུད་སོ་སོས་འཐུས་མི་འདེམས་བསྐོ་གནང་སྲོལ་ཡོད་པ་དེ་དག་ཕྱོགས་གཅིག་ནས་བོད་ཕྱི་ནང་གི་ཚབ་མཚོན་པའི་ཆོལ་ཁ་གསུམ་དང་ཆོས་བརྒྱུད་བཅས་པའི་ངོ་བོ་མཚོན་པའི་དགེ་མཚན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་ཆོལ་ཁ་དང་ཆོས་བརྒྱུད་སོ་སོ་ནས་འདེམས་ཐོན་བྱུང་བའི་འཐུས་མི་རྣམས་དོ་བདག་ཆོལ་ཁ་གང་ཞིག་དང་ཆོས་བརྒྱུད་གང་ཞིག་གི་འཐུས་མིའི་ངོ་ཚབ་མཚོན་པ་ཙམ་ལས་བོད་ཆོལ་གསུམ་མི་མང་སྤྱིའི་འཐུས་མིའམ་སྤྱི་མི་མཚོན་ཐུབ་པ་ཞིག་ཡོང་གི་མེད།

བོད་མི་མང་སྤྱི་འཐུས་ཀྱི་འཐུས་མིའི་ཡོངས་ཁུངས་ཀྱང་མང་གཙོ་ཚད་ལྡན་ལྟ་བུ་འདྲ་མཉམ་མེད་པའི་རྣམ་པ་ཞིག་ཏུ་སྣང། དེ་ཡང་ད་ལྟའི་སྤྱི་འཐུས་ཡོངས་ཁུངས་དང་འདེམས་བསྐོ་བྱ་སྟངས་ནི། རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་སེར་སྐྱ་བོད་མི་ཚོས་ཆོལ་ཁ་གསུམ་སོ་སོ་ནས་འཐུས་མི་གྲངས་ ༡༠ རེ་བསྡོམས་ཆོལ་ཁའི་སྤྱི་འཐུས་གྲངས་ ༣༠ འདེམས་བསྐོ་བྱ་གི་ཡོད། དེ་བཞིན་རྒྱ་བལ་འབྲུག་གསུམ་ནས་ས་དགེ་བཀའ་རྙིང་བོན་བཅས་པའི་ཆོས་བརྒྱུད་སོ་སོའི་གྲྭ་བཙུན་སོ་སོ་ནས་ཆོས་བརྒྱུད་ཀྱི་འཐུས་མི་ ༢ རེ་བསྡོམས་ཆོས་བརྒྱུད་ཀྱི་སྤྱི་འཐུས་གྲངས་ ༡༠ འདེམས་བསྐོ་བྱེད་བཞིན་ཡོད། འོན་ཀྱང་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་མི་སྐྱ་ཚོར་ཆོལ་ཁ་སོ་སོ་ནས་མི་བཅུ་རེ་འོས་འཕེན་གྱི་ཐོབ་ཐང་ཡོད་པ་དང་། གྲྭ་བཙུན་རྣམས་ལ་ཆོལ་ཁ་སོ་སོ་ནས་འཐུས་མི་གྲངས་ ༡༠ རེ་དང་ཆོས་བརྒྱུད་སོ་སོ་ནས་འཐུས་མི་གྲངས་ ༢ རེ་བཅས་ཁྱོན་འཐུས་མི་བཅུ་གཉིས་ལ་འོས་འཕེན་གྱི་ཐོབ་ཐང་ཡོད་པ་རེད། འོན་ཏེ་བྱང་ཨ་རི་དང་ཁེ་ན་ཌར་གནས་སྡོད་སེར་སྐྱ་བོད་མི་ཚོས་ཆོལ་ཁ་དང་ཆོས་བརྒྱུད་ལྟོས་མེད་ཀྱིས་སྲིད་སྐྱོང་གི་འོས་འཕེན་ལྟར་ས་ཁུལ་དེའི་ཆོལ་གསུམ་བོད་མི་ཡོངས་ཀྱིས་སྤྱི་འཐུས་གཉིས་ལ་འོས་འཕེན་བྱེད་ཀྱི་ཡོད། དེ་བཞིན་ཡུ་རོབ་དང་། ཨོ་སོ་ཊོ་ལི་ཡ་དང་ཨེ་ཤི་ཡ་བཅས་ཡུལ་གྲུ་སོ་སོའི་ཆོལ་གསུམ་བོད་མི་ཡོངས་ཀྱིས་འཐུས་མི་གཉིས་དང་གཅིག་སོ་སོར་འོས་འཕེན་བྱེད་ཀྱི་ཡོད།

དེ་ལྟར་ན་རྒྱ་བལ་འབྲུག་གསུམ་ནས་འོས་འདེམས་བྱེད་པའི་སྤྱི་འཐུས་ཀྱི་ཡོངས་ཁུངས་དང་། བྱང་ཨ་རི་དང་ཁེ་ན་ཌ། ཡུ་རོབ། ཨོ་སོ་ཊོ་ལི་དང་ཨེ་ཤི་ཡ་བཅས་སོ་སོ་ནས་འོས་འདེམས་བྱེད་པའི་སྤྱི་འཐུས་ཀྱི་ཡོངས་ཁུངས་གཉིས་ལ་ཁྱད་པར་ཆེན་པོ་ཡོད། དང་པོ་ནི་ཆོལ་ཁ་གང་ཞིག་དང་ཆོས་བརྒྱུད་གང་ཞིག་ནས་འདེམས་ཐོན་བྱུང་བའི་འཐུས་མི་ཚོས་རང་ཉིད་ཆོལ་ཁ་བྱེ་བྲག་པ་དང་ཆོས་བརྒྱུད་བྱེ་བྲག་པ་ཞིག་ནས་འོས་འདེམས་བྱུང་བ་ཞིག་ཡིིན་སྟབས་ཁོང་ཚོར་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཞེན་ཁོག་སླེབས་པའི་ངང་ཆགས་སྡང་གི་བློས་འཐེན་འཁྱེར་ཡོང་གི་ཡོད། ཡང་ཆོལ་ཁ་དང་ཆོས་བརྒྱུད་ལྟོས་མེད་ཀྱི་ཆོས་གསུམ་གཅིག་གྱུར་གྱི་ངོ་བོའི་ཐོག་ནས་འདེམས་ཐོན་བྱུང་བའི་འཐུས་མི་ཚོར་ཆོལ་ཁ་དང་ཆོས་བརྒྱུས་ཀྱི་ཕྱོགས་ཞེན་མེད་པར་སྤྱི་པའི་འཐུས་མིའི་ངོ་བོ་མཚོན་པ་ཞིག་ཡོང་གི་ཡོད། རྒྱུ་མཚན་དེ་དག་ལ་བརྟེན། ང་ཚོས་ད་ལྟའི་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མིའི་ཡོངས་ཁུངས་དང་འོས་འཕེན་གཅིག་གྱུར་ཞིག་ཡོང་བར་དང་ཐོག་ད་ལྟ་ཡོད་བཞིན་པའི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་ཐོག་ནས་འོས་འདེམས་བྱེད་པའི་སྤྱི་འཐུས་ཀྱི་ཡོང་ཁུངས་དེ་བོད་གཞིས་བྱེས་གཉིས་ཀྱི་ཆོལ་ཁ་གསུམ་དང་ཆོས་བརྒྱུད་ཀྱི་ངོ་བོ་མཚོན་བྱེད་ད་ལྟའི་བཙན་བྱོལ་བོད་མིའི་གནས་བབ་ལ་གཞིགས་ཏེ་དགོས་ངེས་ཀྱང་ད་ལྟ་ཡོད་བཞིན་པའི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཀྱི་གྲངས་ཚད་ ༤༠ ནས་ ༢༠ བར་ཉུང་དུ་བཏང་སྟེ་གྲོས་ཚོགས་གོང་མའི་ལྷན་ཚོགས་ཀྱི་ངོ་བོར་བསྒྱུར་རྒྱུ་དང་། ཡང་གྲོས་ཚོགས་འོག་མའི་ལྷན་ཚོགས་ཤིག་བཟོས་ཏེ་དེར་ད་ལྟའི་བྱང་ཨ་རི་དང་ཁེ་ན་ཌ། ཡོ་རོབ། ཨོ་སོ་ཀྲེ་ལི་ཡ་དང་ཨེ་ཤི་ཡ་བཅས་པར་ཆོལ་གསུམ་བོད་མི་ཡོངས་ཀྱི་གཅིག་བསྒྱུར་ཐོག་འོས་འཕེན་གྱིས་ས་གནས་ཀྱི་བོད་མིའི་མགྲིན་ཚབ་མཚོན་པའི་སྤྱི་འཐུས་འོས་འདེམས་བྱེད་མུས་ལྟར། རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་གཞིས་ཆགས་ཁག་དང་ཁ་ཐོར་ས་གནས་སོ་སོའི་ས་གནས་བོད་མིའི་མི་འབོར་གྲངས་ཚད་ལ་གཞིགས་པའི་ཆོལ་གསུམ་བོད་མི་ཡོངས་ཀྱིས་འོས་འཕེན་ཐོག་ས་གནས་ཀྱི་འཐུས་མི་འོས་འདེམས་བྱ་རྒྱུར་ཁྲིམས་བཟོ་ལྷན་ཚོགས་ནས་དེ་ལྟར་བཅོས་བསྒྱུར་ཡོང་ཐབས་གནང་གལ། དེ་ལྟར་བྱུང་ཚེ་ས་གནས་སོ་སོ་ནས་ཆོལ་གསུམ་བོད་མི་མང་ཚོགས་ཀྱིས་འོས་འདེམས་བྱེད་པའི་འཐུས་མི་དེ་དག་ས་གནས་དེ་གའི་སྤྱི་མི་ཞིག་ཆགས་སྟེ་དེས་ས་གནས་མི་མང་གི་བདེ་དོན་རྣམས་གྲོས་ཚོགས་སུ་ཆད་ལུས་མེད་པར་གླེང་སློང་གནང་ཐུབ་རྒྱུར་མ་ཟད། ས་གནས་ཀྱི་འཐུས་མི་དེ་དག་ས་གནས་མི་མང་ལ་འགན་འཁུར་ཡོད་པའི་འཐུས་མི་ཞིག་ཆགས་རྒྱུ་ཡིན་པས་ས་གནས་མི་མང་དང་སྤྱི་འཐུས་ལྷན་ཚོགས་བར་འབྲེལ་ཟམ་གལ་ཆེ་ཞིག་ཆགས་རྒྱུ་ཡིན།

དེ་ཡང་ས་གནས་མི་འབོར་ལ་གཞིགས་པའི་སྤྱི་འཐུས་ཀྱི་ཡོངས་ཁུངས་ནི། ད་ལྟའི་རྒྱ་བལ་འབྲུག་གསུམ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བཙན་བྱོལ་བོད་མིའི་གྲངས་འབོར་ཆིག་འབུམ་ལྔ་ཁྲི་ཙམ་ཡོད་པས། ས་གནས་མི་འབོར་ལ་གཞིགས་པའི་ས་གནས་ཀྱི་སྤྱི་འཐུས་རྣམས་ནི་ས་གནས་སོ་སོའི་བོད་མིའི་གྲངས་འབོར་ ༥༠༠༠ ལ་འཐུས་མི་རེ་རྩིས་བོད་མི་གྲངས་འབོར་ཆིག་འབུམ་ལྔ་ཁྲིར་འཐུས་མི་གྲངས་ ༣༠ ཆགས་ཀྱི་ཡོད་ཅིང་། དེའི་ནང་ད་ལྟའི་བྱང་ཨ་རི་དང་ཁེ་ན་ཌའི་འཐུས་མི་དང་། ཡུ་རོབ་འཐུས་མི། དེ་བཞིིན་ཨོ་སོ་ཊོ་ལི་ཡ་དང་ཨེ་ཤ་ཡའི་འཐུས་མི་བཅས་ས་གནས་མི་འབོར་ལ་གཞིགས་པའི་སྤྱི་འཐུས་འོས་འདེམས་ལྟར་མཚུངས་པས་དེའི་ཁོངས་ཚུད་རྒྱུ་ཡིན། མདོ་དོན་འབྱུང་འགྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་གྲོས་ཚོགས་གོང་མའི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་གྲངས་ ༢༠ དང་། གྲོས་ཚོགས་འོག་མའི་ས་གནས་མི་འབོར་ལ་གཞིགས་པའི་ས་གནས་ཀྱི་སྤྱི་འཐུས་གྲངས་ ༣༠ བཅས་བསྡོམས་སྤྱི་འཐུས་གྲངས་ ༥༠ ཐམ་པ་ཆགས་རྒྱུ་ཡིན། གྲོས་ཚོགས་ཀྱི་ལས་རིམ་འགྲོ་སྟངས་ནི་གྲོས་ཚོགས་གོང་འོག་གི་འཐུས་མི་ལྷན་ཚོགས་ལས་བསྒྲུབ་པའི་ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འགྲོ་ལུགས་བཞིན་ཕྱག་བསྟར་གནང་ཐུབ་ངེས་ཡིན།

གྲོས་ཚོགས་གོང་མའི་འཐུས་མི་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐུས་མི་རྣམས་འོས་འཕེན་བྱ་རྒྱའི་ཐོབ་ཐང་རྒྱ་བལ་འབྲུག་གསུམ་ཙམ་མིན་པར་བྱང་ཨ་རི་དང་ཁེ་ན་ཌ་སོགས་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་ལའང་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས་པ་དང་། དེ་བཞིན་གྲོས་ཚོགས་འོག་མའི་འཐུས་མི་ཡོང་ཁུངས་ནི་གོང་དུ་བརྗོད་པ་ལྟར་ས་གནས་མི་འབོར་ལ་གཞིགས་པའི་ས་གནས་དེ་གའི་ཆོས་གསུམ་མི་མང་ཡོངས་ཀྱིས་འོས་འཕེན་གྱིས་འཐུས་མི་འདེམས་བསྐོ་བྱ་རྒྱུ་བཅས་འོས་འཕེན་གྱི་ཐོབ་ཐང་འདྲ་མཉམ་བྱུང་སྟེ་བཙན་བྱོལ་བོད་མིའི་མང་གཙོ་མཚན་ཉིད་ལྡན་པ་ཞིག་ཡོང་རྒྱུར་མ་ཟད། དེས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཆོལ་གསུམ་གོང་བུ་གཅིག་བསྒྲིལ་གྱི་ནུས་པ་གོང་མཐོར་བཏང་སྟེ་བཙན་བྱོལ་བོད་མིའི་འཚོ་རྟེན་དང། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར་སོགས་ཀྱི་དཀའ་ངལ་མང་དག་ཅིག་སེལ་ཐབས་ལ་ཕན་ཐོགས་དགེ་མཚན་ཆེ་བར་མངོན་པའི་རྨོངས་འཆར་དུ།།

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 4

  1. གཡུ་ཐོག says:
    ལོ་ 9 སྔོན།

    ཆོས་བརྒྱུད་ཁག་གི་སྤྱི་མཐུས་ཡོད་ཀྱང་གནད་འགག་དེ་ཙམ་མེད་ཡིན་ཡང་། ད་ལམ་ཆོས་རྒྱུད་ཁག་གི་སྤྱི་མཐུས་རེ་ཟུང་གི་བྱ་སྤྱོད་ལ་བལྟས་ན་དེ་ཉིད་མེད་ན་ཡག་པའི་སྣང་བ་ཡང་འཆར་སོང་། མི་སྐྱ་ལས་ཆོས་པ་ཐབས་སྡུག་པ་ཕྱི་གསལ་ནང་གསལ་རེད། བོད་མི་རིགས་སྤྱི་ལ་ཕན་པའི་བསམ་བློ་ཡོད་མེད་མི་ཤེས་ཀྱང་གང་ལྟར་པུང་སྒྲིག་བྱེད་ནས་སྒྲོ་སྐུར་དང་མི་བདེན་པའི་གནས་ལ་རྒྱབ་བསྐྱོར་བྱེད་བཞིན་ཡོད་པ་ང་ཚོའི་ཆོས་ལུགས་སྤྱི་མཐུས་སྨོན་མཐར་དང་བསྟན་ཡར་སོགས་ཀྱི་བྱས་རྗེས་རེད། ཧཧཧཧ སྙིང་རྗེ།

    Reply
  2. ཨ་འབར་འཇིགས་དབང།Jigwwang says:
    ལོ་ 9 སྔོན།

    ༅༅། རྗ་སྨུག་ཆར་ནང་གི་འབྲོང་ཕྲུག་ངས།། མ་དྲན་ནས་ངུར་སྒྲ་རླུང་ལ་བསྐུར།།
    སེམས་སྐྱོ་ནས་ར་རྩེ་བྲག་ལ་གཏད།། ང་སྐྱོ་རུང་སེམས་གཏམ་སུ་ལ་བཤད།།

    Reply
  3. ཤར་མདའ། says:
    ལོ་ 9 སྔོན།

    ཆོལ་ཁེའི་སྤྱི་འཐུས་ཡོད་ན་ཡག་གི་རེད་འོན་ཀྱང་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཀྱིས་དགེ་འདུག་མ་སྤྱིའི་ཐོག་ལ་མཚན་སྨད་བྱེད་མཁན་མང་དུ་འགྲོ་གི་ཡོད་པ་ཞིག་ཞབས་འདྲེན་ཞུས་ནེ་མེད་ན་ཡག་ཤོས་རེད། མ་ཟད་ཆོས་བརྒྱུད་ཁག་གི་བར་མཐུན་ལམ་ལ་ཡང་གནོད་ཀྱིས་ཡོད་པ་དངོས་ཡོད་རེད། དེ་མེད་ན་འོས་པ་ཞིག་རེད་དྲན་ཡོད།

    Reply
  4. བཀྲ་རྣམ། says:
    ལོ་ 9 སྔོན།

    ཆོལ་ཁའི་སྤྱི་འཐུས་མི་དགོས་པར་ཆོལ་ཁ་གསུམ་གཅིག་གྱུར་གྱི་སྤྱི་འཐུས་འདེམས་དགོས་ཟེར་བ་དེར་མོས་མཐུན་བརྒྱ་ཆའི་བརྒྱ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese