ནོར་ཝེ་སྐྱབས་བཅོལ་ལས་ཁུངས་དང་ཇི་ནི་ཝ་ཡུལ་གྱར་རྟོགས་ཞིབ་ལྟེ་གནས་ཁང་ཐུན་མོང་གིས་སྙན་ཐོ་ཞིག་བཏོན་པའི་ནང་། ན་ནིང་ཚུན་ལ་འཛམ་གླིང་རྒྱལ་ཁབ་ཁག་གི་ཟིང་འཁྲུག་ཁྲོད་མི་མང་ས་ཡ་ ༤༠.༨ སོ་སོའི་ལུང་པ་ནས་ཁ་བྲལ་ཏེ་གཞན་ལ་སྐྱབས་བཅོལ་ཞུ་དགོས་པ་ཆགས་ཡོད་འདུག
དེ་རིང་ཧྥ་རན་སིའི་གསར་ཁང་ (AFP) གིས་གནས་ཚུལ་སྤེལ་བའི་ནང་། ཇི་ནི་ཝ་རྒྱལ་ནང་ཡུལ་གྱར་རྟོགས་ཞིབ་ལྟེ་གནས་ཁང་གི་འབྲེལ་མཐུད་པ་དང་ནོར་ཝེ་སྐྱབས་བཅོལ་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་ཇོན་ཨེ་གྷི་ལན་ཌི་ (Jan Egeland) ཟེར་བ་ཞིག་གིས་འདི་ནི་འཛམ་གླིང་སྟེང་ཡུལ་གྱར་བའི་བྱུང་རབས་ལོ་རྒྱུས་ཀྱི་ཟིན་ཐོའི་ངོས་ཀྱི་ཡུལ་གྱར་བའི་གྲངས་འབོར་མང་ཤོས་དེ་ཆགས་ཀྱི་ཡོད་སྐོར་དང་། དེང་གི་ཡུལ་བྱོལ་མི་མང་གི་གྲངས་འབོར་དེ་ནེའུ་ཡོག་དང་ལོན་ཌོན། ཕ་རེ་སི་དང་སེ་རོ་གྲོང་ཁྱེར་བཅས་ཀྱི་མི་མང་གི་གྲངས་ཚད་ཟིན་གྱི་ཡོད་པ་དང་། གོང་ཞུས་རྒྱལ་ཁབ་དེ་དག་གིས་འཛམ་གླིང་ཤར་ནུབ་གང་སའི་འཚོ་གནས་ཛ་དྲག་དང་འགྲིམ་འགྲུལ་དཀའ་སྡུག་གི་གནས་སུ་གྱར་བའི་ཡུལ་བྱོལ་བ་མང་པོ་སྐྱབས་བཅོལ་དུ་ལེན་བཞིན་ཡོད་སྐོར་སོགས་བརྗོད་འདུག
ཞིབ་འཇུག་སྙན་ཐོ་དེའི་ནང་། ཕྱི་ལོ་ ༢༠༡༠ ལོར་ཨ་རབ་དཔྱིད་ཀའི་གསར་བརྗེ་དང་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་ཇེ་མང་དུ་སོང་བར་བརྟེན་ཏེ། ཡ་མིན་དང་སེ་རི་ཡ། ཨེ་རག་སོགས་དཀྱིལ་ཤར་ཡུལ་གྲུ་ཁག་ཏུ་སྐྱབས་བཅལ་བ་ལྡབ་འགྱུར་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ན་ནིང་གི་དུས་ཟིང་ཁྲོད་འཛམ་གླིང་མི་འབོར་ས་ཡ་ ༡༩.༢ ཡུལ་བྱོལ་བ་ཆགས་ཡོད་པ་དང་། རྒྱ་ནག་ནང་ཡུལ་བྱོལ་བ་ས་ཡ་ ༣.༦ དང་རྒྱ་གར་ནང་ས་ཡ་༣.༧ དང་། བལ་ཡུལ་ནང་ས་ཡ་ ༢.༦ ཟིན་གྱི་ཡོད་སྟབས། རྒྱལ་ཁབ་འདི་གསུམ་འཛམ་གླིང་སྟེང་ཡུལ་གྱར་བའི་གྲངས་འབོར་ཆེས་མང་བའི་རྒྱལ་ཁབ་དག་ཆགས་ཀྱི་ཡོད་འདུག
ཕྱི་ལོ་ ༢༠༠༣ ལོ་ནས་འཛམ་གླིང་གི་ཡུལ་གྱར་བའི་གྲངས་འབོར་མང་ཤོས་རྒྱལ་ཁབ་ ༡༠ གྲས་ནས་ཁོ་ལོམ་བྷེ་ཡ་དང་ཁོན་གྷོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ། ཨེ་རག་དང་སུ་ཌན། ལྷོ་སུ་ཌན་བཅས་རྒྱལ་ཁབ་ ༥ ནང་སྔར་བཞིན་ཡུལ་བྱོལ་གྱི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། དེ་ཡང་གཙོ་བོ་རྒྱལ་ཁབ་འདི་དག་ནང་འཇིགས་སྐུལ་དྲག་སྤྱོད་པའི་རྙོག་ཟིང་དང་། ནག་ཚོང་དང་འབྲེལ་བའི་ཟིང་འཁྲུག་བཅས་ཀྱི་རྐྱེན་པས་མི་སེར་ཁྲི་སྟོང་མང་པོ་ཡུལ་ལུང་གཞན་དུ་གྲོས་བྱོལ་བྱེད་དགོས་བྱུང་ཡོད་སྐོར་སོགས་འཁོད་འདུག
གཞན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་སྒང་གི་སྐྱབས་བཅོལ་བའི་དཀའ་རྙོག་སེལ་ཐབས་ཀྱི་ལས་གཞི་གསར་བ་ཞིག་གཏན་འབེབས་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཟིང་འཁྲུག་དང་རང་བྱུང་གོད་ཆག་ལ་འབྱོལ་བའི་ཡུལ་བྱོལ་བ་ཚོ་མཐའ་མཚམས་ཁག་ནས་བཀག་སྡོམ་མི་ཆོག་བའི་འབོད་སྐུལ་ཞུས་ཡོད་པ་དང་། ལས་གཞི་དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ལ་ལོ་རེར་འཛམ་གླིང་ལ་སྐྱབས་བཅོལ་བ་ས་ཡ་ ༡༩.༢ ཟིན་གྱི་ཡོད་པ་ལས་བརྒྱ་ཆ་ ༡༠ དཀའ་རྙོག་སེལ་ཐབས་སུ་དམིགས་པ་ཞིག་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀེ་མོན་ (Ban Ki-moon) ལགས་ཀྱིས་འཛམ་གླིང་སྟེང་སྐྱབས་བཅོལ་བ་ས་ཡ་ ༦༠ ཟིན་གྱི་ཡོད་པའི་དཀའ་རྙོག་ཐད་འཛམ་གླིང་རྒྱལ་ཁབ་ཚང་མས་ཕྱར་བ་གྲུ་འདེགས་དགོས་སྐོར་བརྗོད་འདུག
གསར་འགོད་པ། པདྨ་རྒྱལ།