མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་པ་མགོ་ནས་བཤིག་མཁན་གྱི་བཀའ་སྤྱི།

བོད་ཀྱི་དུས་བབ།
༢༠༡༦/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཞང་བློན།

ཕྱི་ལོ་ ༢༠༡༦ ཟླ་ ༥ ཚེས་ ༢༧ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་དབུ་བཞུགས་ཐོག་དཔལ་ལྡན་ཁྲིམས་ཞིབ་པའི་མདུན་དུ་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་བློ་བཟང་སེངྒེས། “བདག་མིང་བློ་བཟང་སེངྒེ་ཞེས་བགྱི་བ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ལ་འོས་ཐོན་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་། བློ་གཏད་ཀྱི་ཐོག་ནས། སྲིད་སྐྱོང་གི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོམ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།” ཞེས་ལས་འཁུར་དམ་བཅའ་ཕུལ་བ་རེད།

1

སྲིད་སྐྱོང་གི་དམ་འབུལ་གྲུབ་ནས་ཉིན་གཉིས་ཕྱིན་པའི་རྗེས་ཏེ། ཕྱི་ཚེས་ ༣༠ ཉིན་སྐབས་བཅུ་དྲུག་པའི་སྤྱི་འཐུས་རྣམ་པས་སྤྱི་འཐུས་ཀྱི་ལས་འཁུར་དམ་བཅའ་ཕུལ་བ་དང་། ཕྱི་ཚེས་ ༣༡ ཉིན་ཚོགས་གཙོ་སྦྲེལ་པོས་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ།   ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོ་བསྐོང་ཚོགས་གནང་བ་དང་། སྔ་དྲོའི་ཚོགས་དུས་ཐོག་སྲིད་སྐྱོང་མཆོག་གིས་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་འོས་དམིགས་རྣམ་པའི་མཚན་འདོན་གནང་བ་རེད། སྐབས་སྔ་མ་དང་མི་འདྲ་བར་རེབ་འདིར་བཀའ་བློན་གཅིག་ལའང་སྤྱི་མོས་མ་བྱུང་སྟབས། སྲིད་སྐྱོང་གིས་བཀའ་བློན་འོས་དམིགས་རེ་རེ་བཞིན་གྱི་ལོ་རྒྱུས་སྒྲོག་སྦྱང་དང་སྦྲགས་”བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འོས་ཆོས་ཆ་ཚང་ཚང་གི་ཡོད།”ཅེས་གསུངས་གྲུབ་མཚམས། གྲོས་ཚོགས་འཐུས་མི་རྣམ་པས་གསང་བའི་འོས་འཕེན་ཏེ། མཐར་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་ཆ་ཚང་མང་མོས་ཐོག་ནས་བསྐོ་བཞག་གནང་ཡོད།

ཉིན་གུང་གསོལ་ཚིགས་གྲུབ་མཚམས་བདམས་ཐོན་བཀའ་བློན་རྣམ་པས། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་སྲོང་བཙན་ཚོམས་ཆེན་དུ་ལས་ཁུར་དང་གསང་རྒྱའི་དམ་བཅའ་འབུལ་བར་ཕེབས་ཡོད་པ་དང་། སྐབས་དེར་དབུས་གཙང་སྤྱི་འཐུས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་སྤྱི་འཐུས་ནས་རྩ་དགོངས་མ་ཞུས་པར། བྲེལ་བྲེལ་ཚུབ་ཚུབ་ཀྱིས་བཀའ་བློན་ལས་གནས་ཐོག་དམ་འབུལ་ཞུ་བར་བཅར་ཡོད་པས། འབྲེལ་ཡོད་འགའ་ཤས་ཀྱིས་ལམ་སྟོན་གནང་བ་ལྟར་འཕྲལ་མ་ཉིད་དུ་སྤྱི་འཐུས་ནས་རྩ་དགོངས་ཞུ་བར་མངགས་པ་རེད། དེ་ནས་ཁོང་རྣམས་ཀྱིས་དཔལ་ལྡན་ཁྲིམས་ཞིབ་པ་མཆོག་གི་མདུན་དུ་ལས་ཁུར་དང་གསང་རྒྱའི་དམ་བཅའ་ཕུལ་ཏེ། གཟི་བརྗིད་ལྡན་པའི་ངང་དམ་འབུལ་མ་དེབ་ཏུ་བཀའ་བློན་རེ་རེ་བཞིན་མཚན་རྟགས་བཀོད་པ་དང་། ཁྲིམས་ཞིབ་པ་རྣམ་པ་དང་། ཚོགས་གཙོ་སྦྲེལ་པོ། ལྷན་ཁང་ཁག་གི་སྐུ་ཚབ་རྣམ་པ་བཅས་ཀྱིས་རྟེན་འབྱུང་མཇལ་དར་བསྒྲོན་ཏེ་བཀྲ་ཤིས་བདེ་ལེགས་ཞུས་གནང་མཛད།

དེའི་ཕྱི་དྲོར་བཀའ་དྲུང་ཡིག་ཚང་ནས་གསལ་བསྒྲགས་ཤིག་སྤེལ་ཏེ། “ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ཉིན་སྐབས་ ༡༦  པའི་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་འདེམས་ཐོན་བྱུང་བའི་བཀའ་བློན་རྣམས་བཅའ་ཁྲིམས་དོན་ཚན་ ༢༩ ནང་གསེས་ ༢ པའི་དགོངས་དོན་ལྟར། བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་དང་། བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་མཆོག་ནང་སྲིད་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཀརྨ་ཡེ་ཤེས་མཆོག་དཔལ་འབྱོར་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཤར་གླིང་ཟླ་སྒྲོན་མཆོག་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ཆོས་སྐྱོང་དབང་ཕྱུག་མཆོག་འཕྲོད་བསྟེན་ལས་ཁུངས་ཀྱི་བཀའ་བློན་བཅས་ཀྱི་མཛད་ཁུར་བཞེས་རྒྱུ་དང་། ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་སྲིད་སྐྱོང་མཆོག་ནས་གཅིག་ལྕོགས་གནང་རྒྱུ་དང་། འདེམས་ཐོན་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་ཨ་རིར་ཐོངས་མཆན་དུས་འགྱངས་ཞུ་རྒྱུར་ཕེབས་ཡོད་པས་རིང་མིན་ཕྱིར་ཕེབས་ཀྱིས་དམ་འབུལ་ཞུས་མཚམས་ལས་འགན་བཀོད་སྒྲིག་གནང་རྒྱུ།” ཞེས་ཕེབས་པ་རེད། མདོ་དོན་ཉིན་གཅིག་ནང་བཀའ་བློན་འོས་དམིགས་འདོན་པ་དང་། གསང་བའི་འོས་བསྡུའི་ལམ་ནས་འདེམས་བསྐོ་གནང་བ། ལས་ཁུར་དང་གསང་རྒྱའི་དམ་བཅའ་བཞེས་པ། ལས་ཁུངས་བཀོད་སྒྲིག་གནང་བ་བཅས་ཚ་ཚ་འུར་འུར་གྱི་ལས་རིམ་སྤེལ་བ་རེད།

འོན་ཀྱང་དེའི་སང་ཉིན་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༢ ཉིན་གསར་འགྱུར་བརྒྱུད་ལམ་དང་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་སུ་བཀའ་བློན་གྱི་འོས་ཆོས་ཚང་གི་མེད་པའི་གནས་ཚུལ་ཞིག་རྒྱ་ཁྱབ་འགྲོ་བཞིན་ཡོད། ལས་ཁུར་དམ་འབུལ་ཞུས་ཟིན་པ་མ་ཟད་ལྷན་ཁང་ཡང་གཏན་འབེབས་བྱུང་བའི་བཀའ་བློན་ཞིག་ལ་འོས་ཆོས་ཚང་གི་མི་འདུག་ཟེར་བ་ནི་དཀྲོགས་གཏམ་རང་རེད་སྙམ་པ་དང་། དེ་བས་ཀྱང་སྲིད་སྐྱོང་མཆོག་ནས་གྲོས་ཚོགས་ལ་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་འོས་ཆོས་ཆ་ཚང་ཚང་གི་ཡོད་ཅེས་གསལ་པོ་གསུངས་ཡོད་པ། ལྷག་པར་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་། བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོམ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་ཕུལ་མཁན་གྱི་ཚོགས་གཙོ་སྦྲེལ་པོས་གཙོས། ངོ་ཡོད་སྤྱི་འཐུས་ ༤༣ གྱིས་མི་མང་གི་ཚབ་བྱས་ནས་བཀའ་བློན་དུ་འོས་མིན་འདེམས་ཤོག་འཕེན་ཡོད་པས། འོས་ཆོས་མ་ཚང་བའི་གནད་དོན་དེ་འདྲ་ཞིག་གཏན་ནས་ལྷག་ངེས་མ་རེད་སྙམ་བྱུང་།

བློ་ཡུལ་དུ་ཤོང་དཀའ་བ་ཞིག་ལ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཕྱི་ལོ་ ༡༩༨༡ ཟླ་ ༩ ཚེས་ ༢༣ ཉིན་སྐྱེས་ཡོད་པ་དང་། ད་ལྟ་རང་ལོ་ ༣༤ ལས་སོན་མེད་སྟབས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ཉེར་གཅིག་པའི་ནང་གསེས་གཉིས་པར། “རང་ལོ་སོ་ལྔ་ཧྲིལ་པོར་ལོན་པ།” ཞེས་པའི་འོས་ཆོས་ཚང་གི་མེད་པ་དངོས་བདེན་རེད་འདུག་པས། བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་འཛོལ་བྱུང་བའི་བཀའ་བློན་འདི་འདྲ་ཞིག་གང་འདྲ་སླེབས་པ་ཡིན་ནམ་སྙམ་ནས་ཧང་སངས་བྱུང་། དེ་ཡང་ཞིབ་ཏུ་བསམ་ཚེ། གཅིག་ནས་རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཁས་པར་གྲགས་པའི་སྲིད་སྐྱོང་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་དོ་གལ་ཆེན་པོར་མ་གཟིགས་པར། གྲོས་ཚོགས་སུ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་འོས་ཆོས་ཚང་གི་ཡོད་ཅེས་དབུ་སྐོར་ཞུས་པ་དང་། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བཀའ་བློན་འོས་དམིགས་རྣམ་པའི་འོས་ཆོས་ལ་དོ་ནན་མ་གནང་བ། འཛིན་སྐྱོང་གི་ལས་དོན་ཚགས་ཚུད་མེད་པར་བཀའ་བློན་གྱི་འོས་དམིགས་འདོན་པ།

2

གཉིས་ནས་དོ་བདག་ཤར་གླིང་བསྟན་འཛིན་ཟླ་སྒྲོན་རང་ཉིད་ཀྱིས་ཀྱང་རང་ལོ་གསལ་པོར་ཤེས་བཞིན་དུ་གསལ་འདོན་མ་བྱས་པ་དང་། བོད་མི་མང་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་ཁྲིམས་དང་བཟང་སྤྱོད་ཀྱི་འགན་འཁུར་མེད་པ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལ་དོ་ནན་མ་བྱས་པར། བཀའ་བློན་གྱི་ལས་འགན་ཁས་ལེན་དང་དམ་འབུལ་བྱས་པ།

གསུམ་ནས། ཚོགས་གཙོ་སྦྲེལ་པོས་གྲོས་ཚོགས་ཀྱི་ལས་རིམ་སྔར་ལམ་ལྟར་མ་བསྒྲིགས་པ་དང་།  བཀའ་བློན་འོས་དམིགས་ཀྱི་ལོ་རྒྱུས་དང་འོས་ཆོས་ཡིག་ཆ་ཁག་དུས་ཐོག་ཏུ་མ་འགྲེམས་པ། གྲོས་ཚོགས་ཀྱི་གསོལ་ལྕོགས་ཐོག་འབུལ་རྒྱུའི་ཡིག་ཆར་སྤྱི་སྤམ་དུ་འགྲེམས་འཐུས་ངོས་ལེན་བྱས་པ།

བཞི་ནས་མི་མང་གི་སྐུ་ཚབ་སྤྱི་འཐུས་རྣམས་རིག་པ་དང་གསལ་མེད་པ་དང་། ཁྲིམས་སྒྲིག་ལ་དོ་ནན་མེད་པ། གལ་འགངས་ཆེ་བའི་གནད་དོན་ཐག་གཅོད་སྐབས་ཧོལ་རྒྱུགས་ཤོར་བ་བཅས་ལ་བརྟེན། བཀའ་སྤྱི་གཉིས་ཀྱིས་བཅའ་ཁྲིམས་ལ་འགལ་འཛོལ་བྱས་པའི་གནས་ཚུལ་འདི་བྱུང་བར་བསམས།

བཅའ་ཁྲིམས་འགལ་འཛོལ་གྱི་གནས་ཚུལ་འདི་བྱུང་རྗེས། ཕྱི་ཟླ་ ༦ ཚེས་ ༣ ཉིན་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ལ་དགོངས་སེལ་ཞུས་པ་དང་སྦྲགས། བཀའ་ཤག་ནང་བཀའ་སྡུར་གནང་སྟེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ད་ལྟའི་བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་བྱས་པ་ཡིན་ཞེས་གྲོས་ཚོགས་ལ་སྙན་གསན་ཞུས་པ་རེད། ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་བོད་མི་མང་སྤྱི་འཐུས་ནས་དགོངས་པ་ཞུས་ཟིན་པ་དང་། དེའི་ཚབ་ཏུ་སྤྱི་འཐུས་གཞན་ཞིག་བསྐོ་བཞག་ཟིན་པ། གྲོས་ཚོགས་ཀྱིས་མང་མོས་ཐོག་ནས་བཀའ་བློན་དུ་བདམས་པ། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བཀའ་བློན་གྱི་དམ་བཅའ་ཕུལ་ཟིན་པ། དམ་འབུལ་མ་དེབ་ཐོག་ཏུ་མཚན་རྟགས་བསྐྱོན་གྲུབ་པ། བཀའ་དྲུང་ཡིག་ཚང་ནས་ལྷན་ཁང་བཀོད་སྒྲིག་གནང་ཟིན་པ་བཅས་ལ་བརྟེན། དུས་དེ་ནས་བཟུང་ཁོང་བཀའ་བློན་ཞིག་ཡིན་པས། སྟབས་བདེ་པོའི་ཐོག་ནས་ཕྱིར་འཐེན་ཡིན་ཟེར་བ་ནི་ཁྲིམས་སྒྲིག་དང་མི་མཐུན་པའི་ཐག་གཅོད་ཅིག་ཡིན། མ་ཟད་བཀའ་བློན་གྱི་ལས་གནས་ནས་ཕྱིར་འཐེན་ཞེས་པ་ནི་བཅའ་ཁྲིམས་ཀྱི་དོན་ཚན་གང་དུ་ཡང་མེད་པའི་ཚིག་གཅིག་ཡིན་པས། བཀའ་བློན་འཕོ་འགྱུར་གཏོང་དགོས་ཚེ་དེ་ངེས་པར་དུ་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གནང་ལུགས་གནང་སྟངས་ཤིག་ཡོད་པ་ལས། ཕྲུ་གུའི་རྩེད་མོ་ལྟར་གང་འདོད་བྱ་ས་ག་ལ་ཡོད། འདེམས་བསྐོ་ཟིན་པའི་བཀའ་བློན་སུ་རུང་ཞིག་བཀའ་བློན་གྱི་ལས་གནས་ནས་འཕོ་དགོས་ཚེ།  བཀའ་བློན་རང་ཉིད་ཀྱིས་དགོངས་པ་ཞུ་བའམ། ཡང་ན་གྲོས་ཚོགས་ནས་འཕོ་འགྱུར་བཏང་བ། དེ་མིན་བཅའ་ཁྲིམས་དོན་ཚན་ཉེར་དགུ་པའི་ནང་གསེས་བཞི་པར། སྲིད་སྐྱོང་གིས་བཀའ་བློན་བྱེ་བྲག་པ་སུ་རུང་དགོངས་ཞུ་བྱེད་དགོས་ཀྱི་བསམ་འཆར་བཏོན་ཚེ། བཀའ་བློན་དེས་ངེས་པར་དུ་དགོངས་པ་ཞུ་དགོས། ཞེས་པའི་དགོངས་དོན་ལྟར། སྲིད་སྐྱོང་གི་བསམ་འཆར་འོག་བཀའ་བློན་གྱི་ལས་གནས་ནས་དགོངས་པ་ཞུ་རྒྱུ་ལས། དེ་མིན་ཐབས་ལམ་ཞིག་གང་ནའང་མེད། ཐེངས་འདིར་སྲིད་སྐྱོང་མཆོག་གིས་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཕྱིར་འཐེན་ཡིན་གསུངས་པ་དེ། ཁོང་ལ་བསམ་འཆར་ཡོད་པ་ལྟར། བཀའ་བློན་ལས་འཁྱུར་བར་ངོས་འཛིན་བྱ་དགོས་སམ། དེ་ལྟར་ཡིན་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཉེར་དགུ་པའི་ནང་གསེས་ལྔ་པར། བཀའ་བློན་བྱེ་བྲག་པ་འཕོ་འགྱུར་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་མུས་ཡིན་ན་ཚོགས་དུས་དེ་གའི་ནང་དང་། དེ་མིན་ཚོགས་དུས་རྗེས་མའི་ནང་སྲིད་སྐྱོང་གིས་ཚབ་གསར་བཅའ་ཁྲིམས་དོན་ཚན་ ༢༢ པ་ནང་གསལ་བཞིན་མིང་འདོན་བྱེད་དགོས་ཞེས་པའི་དགོངས་དོན་ལྟར། རེབ་འདིར་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་འཚོགས་མུས་ཡིན་པས། བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་ཚབ་གསར་མིང་འདོན་བྱ་དགོས་པས། དེ་མི་བྱེད་དོན་གང་རེད་དམ། སྤྱི་འཐུས་རྣམ་པས་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། ཚབ་གསར་མིང་འདོན་བྱེད་རྒྱུའི་བཀའ་མོལ་མི་གནང་བའི་རྒྱུ་མཚན་གང་ཡིན་ནམ། ཁྱེད་ཚོས་ག་རེ་རྩོད་ནས་བཞུགས་ཡོད། ནམ་རྒྱུན་མཛད་གཙོ་རྣམ་པའི་ཕོགས་ཐོབ་དང་བགྲེས་ཤག་སོགས་ཀྱི་སྐོར་ལ་བཀའ་སྤྱི་གཉིས་ཀས་འགྲེལ་བཤད་ལ་ཡང་བཤད་བྱས་ཏེ་གསལ་བཀྲོལ་བྱེད་ཀྱི་འདུག་པས། ད་ཐེངས་བཅའ་ཁྲིམས་ཀྱི་དགོངས་དོན་མི་མཐུན་པར་བཀའ་བློན་བསྐོས་པ་དང་། ཡང་བཅའ་ཁྲིམས་ཀྱི་དགོངས་དོན་དང་མི་མཐུན་པར་བཀའ་བློན་འཕོ་འགྱུར་བྱས་པ་སོགས། བཅའ་ཁྲིམས་དོན་ཚན་རིམ་པ་བཞིན་འགལ་འཛོལ་བྱུང་ཡང་། སྐབས་བཅུ་དྲུག་པའི་གྲོས་ཚོགས་ཚོགས་དུས་དང་པོ་གཟི་བརྗིད་ལྡན་པའི་ངང་གྲོལ་སོང་། ཞེས་གསུངས་ཕོད་པ་ནི་ངོ་མ་ཧ་ལས་དགོས་པ་ཞིག་མ་རེད་དམ།

གོ་ཐོས་ལྟར་ན་བཀའ་ཤག་ལྷན་རྒྱས་ནང་ཟླ་སྒྲོན་ཤར་གླིང་ལགས་གནས་སྐབས་ངང་སྒུག་གནང་སྟེ། མ་འོངས་པར་བསྐྱར་དུ་ཕྱི་དྲིལ་བཀའ་བློན་ལ་བསྐོ་རྒྱུའི་ནང་མོལ་ཞིག་བྱུང་ཡོད་ཚོད་འདུག ཁོ་མོར་མཚོན་ན་ཟླ་ཤས་ངང་སྒུག་བྱ་རྒྱུ་ཙམ་ལས་དོན་དུ་རང་ཉིད་ཕྱི་དྲིལ་བཀའ་བློན་ཡིན་སྙམ་གྱི་ཡོད། འོན་ཀྱང་ཐེངས་རྗེས་མར་བཀའ་བློན་ལ་ཡོང་སའི་ལམ་ཁ་ཞིག་གང་ན་ཡོད། བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་གསེས་བརྒྱད་པར། བཀའ་བློན་གྱི་འོས་ཆོས་ནང་། “བཅའ་ཁྲིམས་དོན་ཚན་ ༢༩ པའི་ནང་གསེས་ ༣ པའི་ཀ་དང་ ༤ པ་ལྟར་སྲིད་སྐྱོང་ངམ་བཀའ་བློན་འཕོ་འགྱུར་བྱེད་དགོས་བྱུང་བ་མ་ཡིན་པ།” ཞེས་པའི་དགོངས་དོན་ལྟར། ཁོ་མོ་ནི་ནང་གསེས་ ༤ པའི་འོག་”སྲིད་སྐྱོང་གིས་དགོངས་ཞུ་བྱེད་དགོས་ཀྱི་བསམ་འཆར་བཏོན་ནས་འཕོ་འགྱུར་བྱུང་བ་ཞིག་ཡིན་”དགོས་པས། དོན་ཚན་འདིའི་འོག་ཁོ་མོར་བཀའ་བློན་གྱི་འོས་ཆོས་མ་ཚང་བར་གྱུར་ཡོད། དེ་བས་ཀྱང་བཅའ་ཁྲིམས་ལ་འགལ་འཛོལ་བྱུང་བ་དང་། བཟང་སྤྱོད་དང་འགལ་འཛོལ་བྱུང་བའི་གང་ཟག་ཅིག་བསྐྱར་དུ་བཀའ་བློན་འོས་དམིགས་སུ་འདོན་པ་དང་། སྤྱི་འཐུས་རྣམ་པས་ཀྱང་དེ་ལ་འོས་འཕེན་ནས་བཀའ་བློན་ལ་བསྐོ་བཞག་གནང་ན། བོད་ཀྱི་མང་གཙོའི་རིན་ཐང་ཐལ་བར་གཏོང་བའི་བྱ་སྤྱོད་ཅིག་ལོས་ཡིན།

སྤྱི་ཚོགས་དྲ་ལམ་ཁག་ཏུ་ཟླ་སྒྲོན་ཤར་གླིང་སྤྱི་འཐུས་ནས་དགོངས་ཞུ་བྱ་རུ་བཅུག་སྟེ་དེའི་ཚབ་ཏུ་འཕྲོད་བསྟེན་བཀའ་ཟུར་གྱི་སྤུན་མཆེད་དེ་ཡར་འཐེན་ཆེད། སྲིད་སྐྱོང་མཆོག་གིས་ཆེད་དུ་ཆབ་སྲིད་འཁྲབ་པ་ཡིན་ཚུལ་གླེང་མཁན་རིགས་གཅིག་ཡོད་ལ། ཡང་ལ་ལས་སྤྱི་འཐུས་འགའ་ཤས་ཀྱིས་ཟླ་སྒྲོན་ཤར་གླིང་ལ་འོས་ཆོས་ཚང་གི་མེད་པ་ཤེས་བཞིན་དུ་ཆབ་སྲིད་འཁྲབ་ནས་བཀའ་བློན་ལ་བསྐོས་ཏེ། རྐང་བཙུགས་ནས་སྲིད་སྐྱོང་ལ་ཁག་པོ་བཟོས་པ་དང་། སྲིད་སྐྱོང་གིས་གྲོས་ཚོགས་ལ་དགོངས་སེལ་ཞུ་རུ་བཅུག་པ་རེད་ཅེས་གླེང་མཁན་ཡང་འདུག གསར་ལམ་དང་སྤྱི་ཚོགས་དྲ་རྒྱ་ཁག་གི་སྐད་ཆ་མང་པོ་ཞིག་ལ་ཆ་འཇོག་བྱེད་ས་མེད་ཅིང་། ལྷག་པར་མཛད་གཙོ་རྣམ་པས་མཁྱེན་ཡོན་ཞེ་དྲགས་ཡོད་མདོག་གིས་སྣང་ཆུང་གཏོང་གི་ཡོད་མོད། ད་ཐེངས་གསར་ལམ་དང་སྤྱི་ཚོགས་དྲ་ལམ་བརྒྱུད་ནས་ཐེར་འདོན་བྱས་ན་མ་གཏོགས། དེ་མིན་མགོ་རུལ་རྣ་བས་མ་ཚོར་བར་བཅའ་ཁྲིམས་ཀྱི་དགོངས་དོན་ལས་བརྒལ་རུང་ལྷོད་ཀྱིས་སྡོད་ཚོད་ཡིན། སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ནང་“ཉིན་དང་པོར་ཞུས་པ་ལྟར་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་ ༡༡ ཡས་མས་ནས་བཀའ་བློན་རིམ་པར་འབྲེལ་བ་ཞུས་པ་ཡིན། སྐབས་དེར་ཆ་རྐྱེན་གཉིས་ཏེ་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་དང་དབུ་མའི་ལམ་གཞིར་བཟུང་ཕྱག་ལས་གནང་དགོས་པ་རེད་ཅེས་ཞུས་པ་དང་སྦྲགས། བཀའ་བློན་ཁོང་རང་ལ་ཁྱེད་རང་གི་སྐྱེས་ལོ་གང་འདྲ་རེད་ཅེས་འདྲི་སྐབས། སྐྱེས་ལོ་ ༡༩༨༡ རེད་གསུངས་དུས་ཧོབ་དེ་གྲངས་ཀ་རྒྱག་ཡོང་སྐབས་དགུང་ལོ་ ༣༥ ཚང་འདུག་དགོངས་པ་རེད།”  ཅེས་ལོ་ ༣༥ ཚང་ཡོད་གསུངས་མཁན་དེ་དོ་བདག་ཟླ་སྒྲོན་ཤར་གླིང་ཡིན་པའི་མཐའ་བསྡོམས་བརྒྱབས་ཏེ། མང་ཚོགས་ཀྱི་མིག་མདའ་དེ་གང་ཟག་གཅིག་གི་ཐོག་ཏུ་འཕེན་ཐབས་བྱས་ཡོད། གང་ལྟར་ཡང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ནང་འོས་གྲངས་མཐོ་ཤོས་ཡིན་པའི་ཟླ་སྒྲོན་ཤར་གླིང་ལགས། དབུས་གཙང་མི་མང་གིས་རེ་སྐུལ་བྱས་པ་བཞིན་མི་མང་གི་སྐུ་ཚབ་བྱས་ནས་སྤྱི་འཐུས་སུ་མ་བཞུགས་པར། ཟང་ཟིང་གི་འཁྲབ་སྟོན་ནང་ཞུགས་སྟབས། ད་ཆ་ཕར་རིའི་ལྕི་བ་མེད། ཚུར་རིའི་སླེ་པོ་མེད་པ། ཟེར་བའི་དཔེ་ཟླར་གྱུར་བ་མ་ཟད། ཐེངས་འདིའི་བཅའ་ཁྲིམས་འགལ་འཛོལ་ལ་བརྟེན་ནས་མ་འོངས་པར་བཀའ་བློན་དང་སྲིད་སྐྱོང་གི་འོས་མིར་ཞུགས་རྒྱུའི་ཆ་རྐྱེན་དང་འགྲོ་ལམ་གཏན་དུ་བརླགས་པ་རེད།

ཉིན་ཤས་གོང་སྲིད་སྐྱོང་དམ་འབུལ་མཛད་སྒོའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་”དངོས་གནས་དྲང་གནས་ཡ་རབས་སྤྱོད་བཟང་དང་དྲང་བདེན། རྒྱབ་མདུན་ངོ་ལྐོག་མེད་པ། ཕྱི་གསལ་ནང་གསལ་གྱིས་ང་ཚོས་སྤོབས་པ་བྱས་ནས་འཛམ་བུ་གླིང་འདིའི་སྒང་ལ་གདོང་སྟོན་ཐུབ་པའི་ཆ་རྐྱེན་གཙོ་བོ་དེ། ང་ཚོའི་ཡ་རབས་དྲང་བདེན་དང་སྤྱོད་བཟང་དེ་ཚོ་ཆགས་ཀྱི་ཡོད་པ་རེད། དེ་ཚོ་ཏོག་ཙམ་བསྟན་པ་མགོ་ནས་བཤིག་པ་འདྲ་པོ་ཞིག་ཆགས་ཡོང་དུས། དགའ་རབ་བློ་ཕམ་ཡོང་གི་འདུག” ཅེས་དང་། “ང་ལ་ཏོག་ཙམ་གྲོགས་པོའི་འདུ་ཤེས་ཡོད་ན་ཁ་ལ་ཉན་དགོས་པ་རེད། ༧རྒྱལ་བ་རིན་པོ་ཆེ་ཞེས་མདུན་དུ་ཐུག་པའི་སྐབས་ལ་དགའ་རབ་ཡིན་མདོག་མདོག་བྱས། རྒྱབ་ལོགས་ལ་ཆོས་ལུགས་འཐེན་འཁྱེར་དང་ཆོལ་ཁའི་འཐེན་འཁྱེར་བྱས། སྐྱག་རྫུན་དང་ཧམ་པ་ཏོག་ཙམ་ཏོག་ཙམ་བཤད་བསྡད་པ་ཡིན་ན་ཡག་པོ་ཡོད་པ་མ་རེད་པཱ།” ཞེས་བཀའ་སློབ་ལམ་སྟོན་ཟབ་རྒྱས་ཕེབས་ཡོད།   བཀའ་སློབ་འདིའི་དྲོད་མ་ཡལ་གོང་”བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་། བློ་གཏད་ཀྱི་ཐོག་ནས། སྲིད་སྐྱོང་གི་ལས་འཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་དགོངས་དོན་དང་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང་འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོམ་མེད་ཀྱི་སྒོ་ནས། རང་ནུས་གང་ཐེག་ཞུ་རྒྱུའི་མཆོག་གསུམ་དཔང་བཙུགས་ཀྱི་དམ་བཅའ་བརྟན་པོ་”ཕུལ་བའི་བཀའ་སྤྱི་གཉིས་ནས་བླ་ན་མེད་པའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ལ་རྡོག་རོལ་བཏང་སྟེ། བསྟན་པ་མགོ་ནས་བཤིག་ཡོང་དུས། མང་ཚོགས་ཀྱིས་བློ་གཏད་སུ་ལ་བཅོལ་དགོས་སམ། །

 

“སྟོབས་དང་ལྡན་རྣམས་རང་འདོད་ལྷུར་ལེན་ཕན་ཚུན་རྩོད་ཅིང་དམའ་ལ་འཚེ། །

དམན་པ་རྣམས་ནི་རྟག་ཏུ་འཁོལ་ཞིང་གྱི་ནའི་ཟས་ཀྱང་རྙེད་པར་དཀའ། །

མི་བཟད་སྙིགས་མའི་ངང་ཚུལ་འདི་འདྲར་འཕགས་པས་བཏང་སྙོམས་མཛད་ལགས་ན། །

སྔོན་གྱི་ཐུགས་དམ་དེ་ཡིས་ཅི་འཚལ་འབངས་རྣམས་སུ་ཞིག་སྐྱབས་ལ་བསྟེན།” ཞེས་ཀྱང་བྱའོ། །

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 18

  1. བློ་བཟང་ཡེ་ཤེས says:
    ལོ་ 9 སྔོན།

    ཤར་གླིང་ཟླ་སྒོྲན་ནས་ཉེ་སྔོན་ལ་བཀའ་ཁྲི་མཆོག་ལ་ནོར་འཁྲུལ་ཤོར་བའི་སྐྱོན་བརྗོད་བྱས་བ་དེས་རང་ཉིད་ལའང་ཤ་ཁ་ནང་ཟ་རྒྱུ་རེག་ན་འདོད་རྔམས་ཆེ་བས་བཅའ་ཁྲིམས་ཡང་གནང་མེད་ཤོར་བ་གསལ་བོ་རེད།། གཞུང་ཞབས་ལོ་མང་རིང་ལས་འཁུར་གནང་བ་ཙམ་དུ་མ་ཟད་བཅའ་ཁྲིམས་་ཐོག་བཀའ་ཁྲི་མཆོག་ལ་སྐྱོན་བརྗོད་བྱེད་དེ་འདྲ་ཡིན་ན་ངེས་པར་མི་རང་གི་ལས་དོན་ཡོད་ཚད་ལ་བཅའ་ཁྲིམས་དང་མི་འགལ་བར་ཡིད་གཟབ་གནང་དགོས་བཤད་མ་དགོས་ཅིག་རེད།། དེ་ཙམ་དུ་ཤར་སྒྲོན་ནས་ངས་ཤེས་མ་སོང་ཟེར་ས་མེད་པ་རེད།། ཡིན་ཡང་མི་གཅིག་གིས་མི་ཚེ་ནང་འཁྲུལ་འབྱུང་སྲིད་པ་ཅིག་རེད།། ཡ་རབས་དང་བཟང་སྤྱོད་ཐོག་ནས་རང་ལ་ནོར་འཁྲུལ་ཤོར་ཚེ་མི་དམངས་དང་བཅའ་ཁྲིམས་ལ་གུས་བརྩི་ཐོག་ནས་དགོངས་སེལ་ཞུས་བ་དེ་འགྲོ་སྟངས་ཅིག་རེད།། འདིས་བཀའ་ཁྲིས་རང་ལ་སྐྱོན་བརྗོད་བྱེད་པའི་ཤར་སྒྲོན་ཡང་མི་དམངས་ཀྱི་འདུན་སར་ཁེ་ཕན་གྱིས་ཤར་སྒྲོན་མིག་འཁྲུལ་ནས་ནོར་རྒྱུ་ཡོད་པ་ར་སྤྲོད་གནང་བ་ཙམ་རེད།། ཕྱོགས་གཞན་ཅིག་ནས་གྲོས་ཚོགས་ནང་སྤྱི་འཐུས་ཁ་ཤས་ནས་བཀའ་ཁྲི་མཆོག་ལ་སྐྱོན་བྱས་བ་དེ་ལ་ཐད་ཀར་གསལ་བཤད་དང་ལན་འདེབས་གང་ཡང་མེད་པར་རང་ལ་སྐྱོན་བརྗོད་བྱེད་མཁན་སྤྱི་འཐུས་ལ་གྲོས་ཚོགས་ར་བའི་ནང་དམའ་དབབ་དང་མཐོང་ཆུང་ཆེན་པོ་བྱས་པ་དེར་ངོ་མ་བློ་ཕམ་བྱུང་།། སྤྱི་འཐུས་དང་བཀའ་ཁྲི་སུ་ཡིན་ཀྱང་གཞན་གྱིས་ནོར་འཁྲུལ་ལ་སྐྱོན་བརྗོད་དང་རང་གིས་ནོར་འཁྲུལ་ལ་དགོངས་སེལ་ཞུ་རྒྱུ་ལས་བཁའ་ཁྲི་དང་སྤྱི་འཐུས་སུ་ལ་ཡང་འམའ་ནབབ་དང་མཐོང་ཆུང་བྱེད་པ་ཡིན་ན་དེ་ནི་༧གོང་ས་མཆོག་གིས་་བཀའ་ལྟར་ཡ་རབས།། བཟང་སྤྱོད་དང་འགལ་བ་ངསལ་བོ་རེད།། འདི་བཀའ་ཁྲི་ཡིན་ན་འདྲ་སྤྱི་འཐུས་ཡིན་ན་འདྲ།། གང་ཡིན་རུང་བོད་མིས་ཚང་མས་སྤྱི་མོས་ཀྱི་ངོ་ཚབ་མཚོན་པའི་ཞུགས་ཁྲི་ཅིག་གི་སྟེང་དུ་བཞུགས་ནས་ལས་འཁུར་གནང་དུས་བཅའ་ཁྲིམས་དགོངས་དོན་གཞི་བཟུང་དང་མི་རང་མཆོག་གསུམ་དཔང་བཞག་ཐོག་དམ་འཕུལ་བྱས་ཟིན་བརྗེད་ངང་ལས་དོན་ཡོད་སྤྱི་སེམས་ཐོག་ཕྱག་ལས་གནང་རྒྱུ་ལས་གཞན་མི་སྒེར་གྱིས་བསམ་བློ་ཐོག་ཕྱག་གནང་ན་ཕན་ཚུན་དམའ་དབབ་དང་མཐོང་ཆུང་སོགས་གྲོས་འཐུས་གྲོས་རྭ་ཡང་གཡུལ་སར་འགྱུར་བའི་གནས་ཚུལ་ཡང་་བྱུང་བ་ལོ་རྒྱུས་ཀྱིས་དཔང་པོ་བྱས།།

    Reply
  2. བཀྲ་ཤིས། says:
    ལོ་ 9 སྔོན།

    མི་སྒེར་ལ་དགོངས་སེལ་ཞུས་པའི་དག་སྲིད་ཀྱང་ཁྲིམས་ཤིག་ལ་དགོངས་སེལ་ཞུས་པའི་དག་ཐབས་མེད་པར་སྔ་འགྱོད་ཕྱིས་བསྡོམས་ཙམ་གྱིས་མི་ཕན་པར་ངེས་པར་དུ་གཙང་སེལ་བཟོ་དགོས། འུ་ཚོ་བོདཔ་ཚང་འདི་དགོས་དུས་ཆོས་ཀྱི་ཐ་སྙད་སྔ་འགྱོད་ཕྱི་བསྡོམས་ཟེར་མི་དགོས་དུས་ཆོས་འདིས་ལན་ཟེར་བའི་བཀྲ་མི་ཤིས་པའི་སྣ་འདྲེན་བྱེད་མ་འོངས་རོགས་ཞུ།

    Reply
  3. བཀྲ་ཤིས། says:
    ལོ་ 9 སྔོན།

    ཡག་པོ་བྲིས་འདུག

    Reply
  4. བོད་པ། says:
    ལོ་ 9 སྔོན།

    སློབ་གྲྭ་ཞིག་ལ་འཛུལ་ཞུགས་བྱས་ནའང་སྒྲིག་འཛུགས་ཀྱི་དབང་གིས་སྐྱེ་ལོ་སྐྱེ་ཚེས་ཚོད་འཛིན་ཡོད་པ་ལྟར་དཔང་རྟགས་ཡིག་ཆ་སྟོན་དགོས་ཀྱི་འདུག། འོན་ཀྱང་བཙན་བྱོལ་སྒྲིག་འཛུགས་ཀྱི་བཀའ་བློན་ཆགས་རྒྱུར་ཡང་ལོ་ཚད་ཀྱི་དཔང་རྟགས་ཡིག་ཆ་དགོས་ཀྱི་མེད་པ་འདྲ། དེ་འདྲའི་སྒྲིག་འཛུགས་ཚགས་ཚུད་པོ་ཞིག་ཕལ་ཆེར་མཐོང་ཁག་རྒྱུ་རེད།

    Reply
  5. བརྩོན་རྒྱམ། says:
    ལོ་ 9 སྔོན།

    སྤྱིར་བོད་མི་སུ་ཞིག་ཡིན་རུང་དྲང་བདེན་དང་གནས་ལུགས་ཡོད་པ་ཞིག་གསུང་དགོས་པ་གལ་ཆེན་རེད། ལྷག་པར་ད་བར་བཀའ་བློ་འདི་གནས་བབས་ལ་ལྟས་ནས་གླེང་བ་ཡིན་ན་ཡང་གཙོ་བོ་བཀའ་བློན་བཞེངས་མཁན་བུ་མོ་རང་ཉིད་ཀྱི་སྐྱེ་ལོ་སྐྱེ་ཚེས་གསལ་བོ་ཞིག་བརྗོད་དགོས་པ་གལ་ཆེན་སྲིད་སྐྱོང་ཡིན་ན་ཡང་དེའི་སྐྱེས་ལོ་ཤེས་པ་གང་ཞིག་ལ་སྐྱེས་ཚེས་ཡང་འདྲི་དགོས་པ་ཞིག་རེད་མ་ཟད་ད་དུང་སྐབས་སྔོན་མའི་བཀའ་ཤག་གི་ཡིག་ཆའི་ནང་མི་འདུག་ཟེར་བ་སོགས་དོན་དམ་ཧམ་བཤད་གནང་སོང་དྲན་ཡོད། སྔོན་མའི་བཀའ་བློ་རྣམ་པ་དང་མ་འདྲ་བོར་གཞོན་སྐྱེས་ཤེས་ཡོན་ཅན་ཡིན་པ་གང་ཞིག་ཆེད་དུ་ཁྲིམས་ལ་སྦྱང་བ་བྱེད་མཁན་ཞིག་ཡིན་དུས་ཆུང་ཙག་དེ་ལྟ་བུ་ལ་དོན་སྣང་མ་བྱས་པ་ཧ་ཀྱང་བློ་ཕམ་སྐྱེ་བ་ཞིག་རེད་དྲན་ཡོད། ཡིན་ན་ཡང་ད་ཚར་ཚར་བ་ཡིན་འབྱུང་འགྱུར་དེ་འདྲ་མི་ཡོང་བའི་རེ་བ་ཞུ་རྒྱུ་བཅས།

    Reply
  6. ཁམས་གསུམ་དབང་འདུས། says:
    ལོ་ 9 སྔོན།

    འོ་བསམ་ཚུལ་དཔེ་ཡག་པོ་བྲིས་འདུག དེང་སང་མི་ཧམ་ཆེན་དེ་འདྲ་དཔེ་མང་པོ་འདུག་ག་་་་ང་ཚོ་མི་མང་དཀྱུས་མ་ཚོས་བཤད་ཕོད་པ།་་་་བྱེད་ཕོད་པ་ཡག་པོ་རེད་ད།་་་་་ང་ཚོ་སྔར་ནས་ད་བར་ཁ་འཚུམ་ནས་བསྡད་རྒྱུ་མང་དྲག་པ་རེད།་་་་་ད་ཡིན་ན་ཁ་བཙུམ་ནས་སྡོད་ཀྱི་མིན་དཱ།་་་་་་་་་་་ད་དུང་མི་ཧམ་ཆེན་དེ་ཚོར་ངེས་པར་དུ་ཁྲིམས་འཆད་གཏོང་དགོས་རེད་ད།་་་་་་་་་་་་་་་སྐྱག་ལངས་ཤོར་ནས་ཉིན་ཞིག་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཡང་ཁོ་རང་ཚོའི་ཁྱིམ་ཚང་བཟོ་བའི་ཉེན་ཁ་འདུག་གཱ།་་་་་་་་་་་་་་་་་་་་་ད་སྤྱི་འཐུས་ཀྱིས་ལས་ཀ་ཡག་པོ་མ་བྱས་ན་མི་མང་འདུ་འཛོམས་ཀྱི་ཚོགས་ཆེན་འཚོགས་ཏེ་ཐག་གཅོད་ངེས་པར་དུ་བྱ་དགོས་འདུག

    Reply
  7. སྐལ་བཟང་རྣམ་རྒྱལ། says:
    ལོ་ 9 སྔོན།

    ཞང་བློན་གྱི་དབྱེ་ཞིབ་ལ་བསམ་གཞིག་བྱས་ན་བཅའ་ཁྲིམས་དགོངས་དོན་ལ་འགལ་འཛོལ་ཐེངས་གསུམ་བྱུང་འདུག དང་པོ་འོས་ཆོས་མ་ཚང་བ་བཀའ་བློན་དུ་བདམས་པ། གཉིས་པ་འདེམས་ཐོན་བཀའ་བློན་བཅའ་ཁྲིམས་ཀྱི་དགོངས་གཞིར་འཛིན་མེད་པར་ཕྱེར་འཐེན་བྱས་པ། བཅའ་ཁྲིམས་ཟུར་འཇོག་གིས་བཀའ་ཤག་ལྷན་རྒྱས་ནས་ཟླ་བ་གསུམ་རྗེས་བཀའ་བློན་དུ་བསྐྱར་བསྐོ་བྱེད་རྒྱུར་ཐག་བཅད་པ། ད་ལོའི་བཀའ་ཤག་འདི་སྒྲིག་འགལ་ནས་དབུ་ཚུགས་སོང་།

    Reply
  8. ཨ་འབར་འཇིགས་དབང་། says:
    ལོ་ 9 སྔོན།

    ༅༅། གསན་དང་སྲིད་སྤྱི་ཁྲིམས་ཞིབ། དང་པོ་བཅའ་ཁྲིམས་གཟིགས་དགོས།།
    དེ་ནས་ལས་དོན་བྱེད་དགོས། ཁྲིམས་སྒྲིག་འགལ་བའི་རྗེས་ལ།
    དགོངས་སེལ་ཞུ་སྲོལ་གང་ཡོད། ཁྲིམས་འགལ་ཉེས་པ་གྲུབ་དགོས།
    ཁྲིམས་འགལ་ཉེས་པ་ཕོགས་ཡུལ་། སྲིད་སྤྱི་ཁྲིམས་ཞིབ་གསུམ་དང།
    ཟླ་སྒྲོན་ལའང་ཕོགས་དགོས། འོས་བསྡུར་འབྲེལ་བའང་ཆགས་ཡོད།
    བསྟན་པ་འགོ་ནས་བཤིགས་པའི་ལེའུ་དེ་གཉིས་པའོ།

    Reply
  9. རང་བཙན་བུ། says:
    ལོ་ 9 སྔོན།

    ཕར་ཁྲིམས་དང་འགལ་བའི་ལས་ཀ་བྱེད་ཀྱི་འདུག་ཟེར་དུས། ཚུར་ང་རྒྱལ་སྤྱིའི་ཁྲིམས་ལུགས་འབུམ་རམ་པའི་ལག་འཁྱེར་ཡོད་ཏ། ཁྱེད་ཚོར་དེ་འདྲ་ཡོད་པས་གསུངས་དུས། ཁྲིམས་ལུགས་འབུམ་རམས་པའི་ལག་འཁྱེར་ཡོད་ན་ཁྲིམས་ལ་རྩི་དགོས་ཀྱི་མེད་པ་དེ་གཞི་ནས་ཤེས། གལ་སྲིད་སྐྱེ་བོ་སུ་ཞིག་ཁྲིམས་སྒྲིག་འཁུར་འདོད་མེད་ན་ཁྲིམས་ཀྱི་འབུམ་རམས་པའི་ལག་འཁྱེར་ལེན་དགོས་པ་འདྲ།

    Reply
  10. ཚ་བ་བློ་བཟང་དོན་ལྡན། says:
    ལོ་ 9 སྔོན།

    བཅའ་ཁྲིམས་རྡོག་རོལ་གཏོང་བ་ནི་ཉེས་པ་ཚབས་ཆེན་ཡིན་པས། མང་ཚོགས་མགོ་སྐོར་བཏང་སྟེ་དྲང་བདེན་གྱི་གསལ་མ་བྱེད་པ་ཐབས་རྡུག་རེད།

    Reply
  11. གློག་འོད། says:
    ལོ་ 9 སྔོན།

    ཞང་བློན་ལགས་ནས་བསྐྱར་དུ་ཁྲིམས་སྒྲིག་ལུང་འདྲེན་གྱིས་གནད་དོན་གལ་ཆེན་ཞིག་གླེང་བར་ངོ་སོ་བསྟོད།
    ཁྲིམས་དང་འགལ་ན་སུ་ཡང་རྒྱ་ཡན་དུ་གཏོང་མི་རུང་།

    Reply
  12. ལྷ་སྒང་ཆོས་གྲགས། says:
    ལོ་ 9 སྔོན།

    བཀའ་ཟུར་ཟླ་སྒྲོན་ལགས་ཀྱི་འགྲོ་སྟངས་སྡོད་སྟངས་ཚང་མ་ཤོར་སོང་། ལྕམ་ལགས་ཀྱི་འགྲོ་སྟངས་མ་ཤེས། བུ་མོ་ང་རང་གི་འགྲོ་སྟངས་ཀྱང་ཤོར་སོང་། བསམ་བཞིན་ཡིན་ནའང་རེད། བསམ་བཞིན་མ་ཡིན་ཀྱང་རུང་། གང་ལྟར་ཕམ་ཉེས་ཆེན་པོ་ཤོར་བ་རེད། དོན་དུ་དེ་ནི་ཤར་གླིང་ཟླ་སྒྲོན་ལགས་ཀྱི་ཕམ་ཉེས་ཙམ་མིན་པར། ཁོང་ལ་འོས་ལྡུག་མཁན་གྱི་མི་ཁྲི་སྐོར་ཁ་ཤས་ཀྱི་ཕམ་ཉེས་རེད།

    Reply
  13. ཁ་བ་རི་བ says:
    ལོ་ 9 སྔོན།

    ཕྱི་དགྲ་་མི་ཐུབ་ནང་ལ་རྒོད། གདོངས་དམར་བོད་ཀྱི་ཆེས་ཆོས་རེད།

    Reply
  14. དཀར་བཟང་། says:
    ལོ་ 9 སྔོན།

    བཅའ་ཁྲིམས་དགོངས་དོན་དཱ་མོ་རང་གི་མི་ཚེའི་ནང་བཀའ་བློན་བྱེད་རྒྱུ་ཆ་རྐྱེན་ཚང་མེད་པར་ཆགས་ཚར་སོང་། དཱ་བསྐྱར་བཅོས་མ་སོང་བར་རེ་བ་མེད།

    Reply
  15. བློ་བཟང་། says:
    ལོ་ 9 སྔོན།

    ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལ་བཀའ་བློན་གྱི་འོས་ཆོས་ཚང་མེད་པའི་གནས་ཚུལ་ཐོག་མར་ཕྱི་ལོགས་སུ་འདོན་མཁན་བོད་ཀྱི་དུས་བབ་རེད། གསར་ཁང་ཞིག་གི་ལས་དོན་རླབས་ཆེན་ཞིག་འགྲུབ་སོང་། བཀའ་སྤྱི་གཉིས་དང་ཁྲིམས་ཞིབ་ཁང་གིས་འཐུས་ཤོར་དུ་བཏང་ཟིན་པ་ཞིག བོད་ཀྱི་དུས་བབ་ཀྱི་མཆན་གྱི་ནང་དུ་བསླེབས་ཏེ་བརྒྱུད་ལམ་གཞན་དུ་གླེང་སློང་ཆེན་པོ་བྱུང་སོང་། སྤྱི་ཟླ་ ༦ ཚེས་ ༡ ཉིན་གྱི་སྔ་དྲོ་བཀའ་བློན་བདམས་ཏེ་གནས་ཚུལ་དེ་དུས་བབ་ཐོག་སྤེལ་མ་ཐག གསར་འགྱུར་དེའི་འོག་ཏུ་དྲ་མིང་ལ་’ནག་པོ་ཆེན་པོ’ཟེར་མཁན་ཞིག་གིས་མཆན་བཏབས་ཏེ། ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལ་ལོ་འདང་མེད་པའི་གནས་ཚུལ་ཆེས་ཐོག་མར་ཕྱི་ལོགས་སུ་བསྒྲགས་སོང་། གནས་ཚུལ་དེ་གཞན་གྱིས་བརྒྱུད་འགོད་བྱས་ཏེ་ངོ་དེབ་དང་སྐད་འཕྲིན་སོགས་སུ་ཤུགས་ཆེན་པོ་ཆགས་པ་རེད།

    ནག་པོ་ཆེན་པོའི་མཆན་ཧྲིལ་བོ་འདི་རེད།

    ནག་པོ་ཆེན་པོ།
    ༢༠༡༦/༠༦/༠༡ ༡༧:༠༨:༢༨
    གནད་འགག་ 5 གྲོལ་བ།
    ༡༽ བཀའ་བློན་འོས་མི་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་རང་ལོ་ ༣༤ ལས་སོན་མེད་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བཀའ་བློན་གྱི་འོས་ཆོས་ཚང་མེད།
    ༢༽ བཀའ་བློན་འོས་མི་དངོས་གྲུབ་ཚེ་རིང་ལགས་སུ་བོད་ཀྱི་ཡུལ་མི་ཡིན་པའི་དཔྱ་ཁྲལ་ལག་དེབ་མེད་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར་བཀའ་བློན་གྱི་འོས་ཆོས་ཚང་མེད་པ་མ་ཟད། སྲིད་སྐྱོང་མཆོག་ཀྱང་ཁྲིམས་འགལ་ཆགས་ཡོད།
    ༣༽ སྲིད་སྐྱོང་མཆོག་གིས་ཐོག་མ་བཀའ་བློན་འོས་མི་དངོས་གྲུབ་ཚེ་རིང་ལགས་མཚན་འདོན་གནང་སྟེ་དགག་པ་བྱུང་རྗེས་རིམ་པ་བཞིན་འོས་ཤོག་འཕེན་དགོས་ཐུག་སོང་མ་གཏོགས། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་ལ་སྤྱི་མོས་འཐོབ་རྒྱུར་རེ་བ་ཆེན་པོ་མཐོང་སོང་ཡང་། སྲིད་སྐྱོང་མཆོག་གི་གནང་སྟངས་དེའི་བཀའ་བློན་ཚོའི་ཆེ་མཐོང་ལ་གནོད་པ་བྱུང་སོང་།
    ༤༽ བཀའ་བློན་འོས་མི་དག་ལས་ཀརྨ་ཡེ་ཤེས་དང་ཆོས་སྐྱོང་དབང་ཕྱུག་གཉིས་སྤྱི་འཐུས་ཀྱང་མ་ཐོབ་པའི་མི་སྣ་གཉིས་ཆགས་ཡོད་པ་མ་ཟད། རང་བཙན་གྱི་ལགས་ཕྱོགས་འཛིན་མཁན་གཉིས་ཆགས་ཡོད་སྟབས། བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་ལྷན་ཚོགས་འདིས་༧གོང་ས་མཆོག་གི་དགོངས་གཞི་དང་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བརྟན་པོ་སྲུང་མི་ཐུབ།
    ༥༽ བཀའ་ཤག་སྐབས་སྔ་མ་རྣམ་པས་བཀའ་བློན་འོས་མི་ཚོའི་ལོ་རྒྱུས་གྲོས་ཚོགས་ནང་བཀྲམས་པའི་རྗེས་ལ་མང་མོས་སྤྱི་མོས་ལྟར་ཐག་གཅོད་གནང་གི་ཡོད་པ་དང་། ད་རེས་སྲིད་སྐྱོང་མཆོག་གིས་བཀའ་བློན་འོས་མི་དག་གི་མཚན་དང་ལོ་རྒྱུས་གསང་བ་བྱས་ཏེ་ལྐོག་ལྐོག་སིལ་སིལ་གྱིས་མཚོན་འདོན་གནང་བ་དེ་གྲོས་ཚོགས་ནང་དགག་བྱ་ཡོང་རྒྱུ་ཡིན་པ་ཤེས་བཞིན་དུ་འོས་མི་དེ་དག་འཁྲིད་ཡོང་བ་མཚོན་ཐུབ་པས་གྲོས་ཚོགས་ལ་འགན་འཁུར་མ་ཞུས་པ་མཚོན་ཡོད།

    Reply
  16. བསམ་ནོར says:
    ལོ་ 9 སྔོན།

    སྲིད་སྐྱོང་གིས་རྟག་ཏུ་གསུང་ཡ་གཅིག་ནི་གསར་གཏོད་འདི་རེད། འོན་ཀྱང་ནོར་འཁྲུལ་ལམ་ཐུད་ཤོར་ཞིག་ཕྱིན་ན་སྔོན་མ་དེ་འདྲ་བྱས་འདུག་ཟེར་བ་དང་། རང་གི་ཐུད་ཤོར་ཕྱིན་པ་དེ་གཞན་ལ་གཡོགས་གི་འདུག དེ་རིང་ཐུད་ཤོར་དེ་ཤར་གླིང་ཟླ་སྒྲོན་གྱི་ཐུད་ཤོར་ཡིན་པ་ལས་་འཛིན་སྐྱོང་མིན་པ་ལྟ་བུ།
    དེ་སྔོན་འོས་བསྡུའི་སྐབས་ནས་བཀའ་བློན་རྣམས་གྲ་སྒྲིགས་ཡིན་གསུངས་པ་རྫུན་མ་ཡིན་པ་དེ་རིང་ཤེས་སོང་། མི་བདུན་གྱི་ལོ་རྒྱུས་ལ་དཔྱད་ཞིབ་དེ་འདྲ་ཞིག་མ་གནང་ན་བོད་མི་ས་ཡ་དྲུག་གི་མདུན་ལམ་ལ་གང་འདྲ་གནང་ཐུབ་བམ།
    སྲིད་སྐྱོང་ལགས། ཁྱེད་རང་གི་ཞབས་སྟེགས་འདི་བཙན་བྱོལ་སྒྲིག་འཛུགས་ཤིག་ཞབས་རེད་མ་གཏོགས་ཚོགས་པ་ཞིག་གི་རྐུབ་བཀྱག་རེད་ད། མཁྱེ།ན་པ་གནང་རོགས།

    Reply
    • ཨ་འབར་འཇིགས་དབང་། says:
      ལོ་ 9 སྔོན།

      ༅༅། བོད་ཀྱི་དུས་བབ་ལགས།
      བཀྲིས་བདེ་ལེགས་ཡོད།
      ཁྱེད་ཚོས་དངོས་གནས་གསར་འགྱུར་ཚ་བོ་ཚ་བོ་དང། དྲང་བདེན་གནས་ཚུལ་གསལ་བསྒྲགས་བྱས་པར་བརྟེན།
      སྲིད་སྤྱི་ཁྲིམས་ཞིབ་གསུམ་གཏི་མུག་གཉིད་ལས་སད་དེ་ཁྲིམས་སྒྲིག་འགལ་བྱུང་བ་གཞི་ནས་ཤེས་ཏེ་
      གློ་བུར་དུ་ཟླ་སྒྲོན་ལགས་བཀའ་བློན་ནས་ཕྱིར་འཐེན་བྱས་པ་འདི་ཧོལ་རྒྱུགས་ཆེན་པོ་རེད་།
      བྱིས་པ་ལ་རྕེད་མོ་རྩེད་པ་དང་ཁྱེད་ཅི་འདུག་
      ༅༅།སྲིད་སྐྱོང་ཚ་ཀི་ཚིག་གེ། སྤྱི་འཐུས་འ་རེ་འུ་རེ།། ཁྲིམས་ཞིབ་འཐམ་མེ་འཐོམ་མེས་།
      ཟླ་སྒྲོན་རྩེ་མོ་རྕེད་སོང།། དགྲ་ལ་བཤད་ན་དགའ་འགྲོ།། གཉེན་ལ་བཤད་ན་སྐྱོ་འགྲོ།།
      ངས་འདིར་འཁོད་སོགས་ཀྱི་་གནས་ཚུལ་སྙིང་བསྡུས་ཤིག་ཁྱེད་ཚོར་ཡང་གློག་འཕྲིན་ཐོག་བཏང་ཡོད།།

      Reply
      • ཤར་ཕྱོགས་པ། says:
        ལོ་ 9 སྔོན།

        རེ་བ་རེ་བའི་ཀློང་ནས་འདས། །
        འདས་སོང་རི་མོ་བཞིན་དུ་མངོན། །
        མངོན་སུམ་གཡོ་འཕྲུལ་བར་ནས་བསུབས། །
        བསུབ་མེད་ལས་འདི་བོད་པའི་སྡུག །

        Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese