མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅུ་དགུ་པའི་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྐབས་བོད་འབུར་དུ་ཐོན་པ།

བོད་ཀྱི་དུས་བབ།
༢༠༡༦/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

tibettimes-1

གློག་བརྙན་ “རྒྱུད་སྐུད་སྟེང་གི་རྣམ་ཤེས།” ནང་གི་འཁྲབ་སྟོན་པ་སྦྱིན་པ་མི་སྣ་བཀྲ་བྷེའི་ཚུལ་དང་བུད་མེད་འཁྲབ་སྟོན་པ་ཆོས་ཉིད་ཚེ་རིང་མི་སྣ་ཆུང་གི་ཚུལ་དུ་ཡོད་པ།

རྒྱ་ནག་ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༩ པ་དེ་རེས་གཟའ་སྤེན་པའི་ཉིན་མགོ་འཛུགས་བྱ་རྒྱུ་ཡིན་པ་དང་། ད་ཐེངས་ཀུན་གྱིས་དོ་སྣང་བྱེད་ཡུལ་ནི་ཟླ་བ་འདིའི་ཚེས་ ༡༩ ཉིན་གསེར་གྱི་ཕོར་པའི་བྱ་དགའ་ (Golden Goblet) ལ་འགྲན་ཞུགས་བྱེད་མཁན་གློག་བརྙན་ ༡༤ ཡོད་པ་རེད། ཐེངས་འདིའི་འགྲན་ཞུགས་གློག་བརྙན་དག་གི་ཁྱབ་ཁོངས་ནི་ཧྥི་ལི་པིན་ནས་ཌེན་མརཀ་དང་། ཨི་རན་ནས་ཉི་ཧོང་སོགས་གོ་ལ་ཧྲིལ་བོར་ཁྱབ་ཐུབ་ཡོད་ཅིང་། སྐབས་ ༡༩ པའི་གློག་བརྙན་དུས་སྟོན་དེར་རྒྱ་ནག་གི་དབང་བསྒྱུར་འོག་གི་བོད་མཐོ་སྒང་དེ་ཆེས་འབུར་དུ་ཐོན་ཡོད།

རྒྱ་ནག་གི་འགྲན་ཞུགས་ནང་ཚུད་པའི་གློག་བརྙན་གསུམ་ནས་གཉིས་ནི་བོད་དང་འབྲེལ་བ་ཡོད་པ་དང་། དེ་དག་ནི་འཁྲབ་ཁྲིད་པ་ལཱིའུ་ཇཱེས་ཀྱི་༼ཊེ་ལཱན།*༽(‘De Lan’ by director Liu Jie) དང་། འཁྲབ་ཁྲིད་པ་ཛང་ཡྰང་གྱི་༼རྒྱུད་སྐུད་སྟེང་གི་རྣམ་ཤེས།༽ (‘Soul on a String’ by Zhang Yang)ཞེས་པའི་གློག་བརྙན་གཉིས་ཆགས་ཡོད།

གློག་བརྙན་འདི་གཉིས་ཕབ་སྐྲུན་ཟིན་རྗེས་རྒྱ་ནག་འོག་གི་གྲངས་ཉུང་མི་རིགས་སྤྱི་དང་། ཡང་སྒོས་བོད་རིགས་རྣམས་གློག་བརྙན་ནང་མཚོན་ཐབས་ཐད་ལ་འགྱུར་ལྡོག་གི་ནུས་པ་ཆེན་པོ་འཐོན་སྲིད་པའི་ཡིད་ཆེས་བྱེད་ཀྱིན་ཡོད་འདུག

དུས་སྟོན་དེའི་རྒྱ་ཡིག་གི་སྟངས་འཛིན་པ་ཝུ་ཇཱུ་རིན་ཟེར་བ་ཞིག་གིས། “དེ་སྔ་ཡིན་ན་རྒྱ་ནག་གི་གློག་བརྙན་ལས་རིགས་ནང་བོད་སྐོར་གྱི་གནས་ཚུལ་རེ་ཟུང་མ་གཏོགས་སྟོན་སྲོལ་མེད། དཔེར་ན། སྤྱི་ཚོགས་རིང་ལུགས་དྲིལ་བསྒྲགས་སྐོར་གྱི་གློག་བརྙན་ཏེ། མི་རིགས་ནང་ཁུལ་འཆམ་མཐུན་དང་རྒྱལ་ཁབ་ཀྱི་མཐུན་སྒྲིལ་སྐོར་དང་། ཚོང་དོན་གྱི་གློག་བརྙན་རིགས་ཏེ་བོད་དེ་གནའ་བོའི་སྒྲུང་གཏམ་བཞིན་མི་རྣམས་དེར་བྲོས་བྱོལ་ལ་འགྲོ་བའི་རིགས་ལྟ་བུ་རེད།” ཅེས་དང་། ཁོང་གིས་མུ་མཐུད་བརྗོད་དོན། “མ་གཞི་གོང་གི་གློག་བརྙན་དེ་རིགས་ད་དུང་ཕབ་སྐྲུན་བྱེད་ཀྱིན་ཡོད་ཀྱང་། རྒྱ་ནག་གི་འཁྲབ་ཁྲིད་པ་ཚོས་བོད་སྐོར་མཚོན་ཐབས་གསར་པ་སྤྱད་དེ་སྐབས་རེར་ཆབ་སྲིད་དང་འབྲེལ་བའི་ནང་དོན་གལ་ཆེན་རིགས་མངོན་པར་མི་གསལ་བའི་ཚུལ་དུ་མངོན་ཐབས་བྱེད་ཀྱིན་ཡོད་སྟབས། བོད་དང་འབྲེལ་བའི་གློག་བརྙན་གྱི་ཁ་ཕྱོགས་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།”ཅེས་བཤད་འདུག

རྒྱ་ནག་དམར་ཤོག་གཞུང་འཛིན་པ་ཚོས་འདས་པའི་ལོ་མང་རིང་། འཛམ་གླིང་ཁྱོན་ཡོངས་སུ་གུས་བརྩི་ཆེན་པོ་ཞུ་ཡུལ་བཙན་བྱོལ་བོད་མིའི་དབུ་ཁྲིད་ཏཱ་ལིའི་བླ་མས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག་ཅེས་སྐྱོན་འཛུགས་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ཡར་ལངས་ངོ་རྒོལ་རྗེས་ནས་བཟུང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ཁག་ལ་དམ་དྲག་ཤུགས་ཆེན་བྱེད་མུས་ཐོག བོད་མི་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་ཡང་བསྟུད་དམར་སྤེལ་བཞིན་ཡོད་པ་རེད།

ཐེངས་འདིའི་གསེར་གྱི་ཕོར་པའི་དཔྱད་འདེམས་པ་དང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱིས། “ད་དུང་ཡང་གློག་བརྙན་འཁྲབ་ཁྲིད་པ་ཚོས་བོད་ཀྱི་འཚོ་བ་དངོས་དེ་ཏག་ཏག་མཚོན་ཐབས་བྱེད་བཞིན་པའི་སྒང་ཡིན་པ་དང་། ད་ལྟའི་ཆར་འཁྲབ་ཁྲིད་པ་ཚོས་བོད་དང་འབྲེལ་བའི་ཕྱོགས་ལྷུང་གི་ལྟ་ཚུལ་རྙིང་པ་རྣམས་དོར་ཐབས་བྱེད་ཀྱིན་ཡོད་པ་རེད།” ཅེས་བརྗོད་འདུག

ཉེ་བའི་ལོ་ཤས་རིང་བོད་ཁུལ་དུ་ཡུལ་སྐོར་བ་རིམ་པས་ཇེ་མང་དུ་འགྲོ་བཞིན་པའི་རྐྱེན་གྱིས་རྒྱ་ནག་གི་གློག་བརྙན་ལས་རིགས་ནང་བོད་དང་འབྲེལ་བའི་འཁྲུལ་སྣང་དག་ཀྱང་རིམ་ཀྱིས་འཐོར་ཞིག་ཏུ་འགྲོ་བཞིན་ཡོད་པ་རེད། བོད་ནང་འགྲུལ་བཞུད་བྱེད་པར་ད་དུང་གཞུང་གི་དམ་དྲག་བྱེད་ཀྱིན་ཡོད་ཀྱང་། རྒྱ་རིགས་དང་རྒྱ་རིགས་མིན་པའི་ཡུལ་སྐོར་བ་འབོར་ཆེན་ཞིག་དེ་སྔ་སྒྲུང་དང་པར་རིས་ཁོ་ནའི་སྟེང་གི་བོད་དེར་དངོས་སུ་བསྐྱོད་ཐུབ་པ་བྱུང་ཡོད།

མཁས་དབང་ཁག་ཅིག་གིས་བརྗོད་དོན། “འདས་པའི་ལོ་ངོ་ ༡༠ ཡི་ནང་བོད་རང་གི་གློག་བརྙན་འཁྲབ་ཁྲིད་པ་ཡག་པོ་འགའ་ཕྱིར་ཐོན་ཐུབ་པ་བྱུང་བ་དེ་ནི་བོད་དང་འབྲེལ་བའི་གློག་བརྙན་ལས་རིགས་ཐོག་གི་འཕེལ་རྒྱས་དང་གྲུབ་འབྲས་རླབས་ཆེན་ཞིག་ཏུ་བརྩི་བཞིན་ཡོད།” ཅེས་བརྗོད་འདུག ཕྱི་ལོ་ ༢༠༡༥ ལོའི་པདྨ་ཚེ་བརྟན་གྱི་༼ཐར་ལོ།༽དང་། ཟོན་ཐར་རྒྱལ་གྱི་༼གཙང་པོ།༽སོགས་ཀྱི་གློག་བརྙན་དེ་དག་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱས་པ་དང་སྟབས་བསྟུན་ཏེ། བོད་རང་གི་འཁྲབ་ཁྲིད་པའི་ཚ་རླབས་ཤིག་འཕྱུར་བ་དེས་བོད་ཐོག་འཛིན་པའི་འཁྲུལ་སྣང་དང་འཇིག་རྟེན་གཞན་པ་ལྟ་བུའི་ལྟ་ཚུལ་དེ་དག་རིང་དུ་དོར་ཏེ། གློག་བརྙན་གཟིགས་མོ་བ་ཚོར་དེང་དུས་བོད་པའི་དངོས་ཡོད་གནས་ཚུལ་སྤྱན་འབུལ་ཞུས་ཡོད་པ་རེད།

ཀོ་ལིམ་བྷི་ཡ་གཙུག་ལག་སློབ་གྲྭའི་དེང་རབས་བོད་ཀྱི་སློབ་སྦྱོང་སྡེ་ཚན་གྱི་འགན་འཛིན་རོ་བྷེ་ཊེ་བྷ་ནྷེ་ཊེ་(Robert Barnett) ལགས་ཀྱིས་བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པ་ཚོར་བརྗོད་རྒྱུར། “བོད་ཀྱི་གཞོན་སྐྱེས་འཁྲབ་ཁྲིད་པ་འདི་དག་གིས་ང་ཚོར་ལས་སླ་པོ་དང་དྲི་ལན་ཐད་ཀར་མེད་པའི་བརྩམས་ཆོས་བསྟུད་མར་འགྲེམས་སྤེལ་བྱེད་ཅིང་། ཁོང་ཚོའི་གློག་བརྙན་མང་པོས་དེང་དུས་བོད་ཀྱི་དཀའ་རྙོག་རང་བཞིན་ཅན་གྱི་འཚོ་བ་དེ་དམར་རྗེན་དུ་སྟོན་གང་ཐུབ་བྱས་འདུག” ཅེས་དང་། ཁོང་གིས་མུ་མཐུད་བརྗོད་རྒྱུར། “གློག་བརྙན་དེ་ཚོའི་དམིགས་ཡུལ་ཆེད་མངགས་སྲིད་གཞུང་གི་ཁ་གཏད་བྱེད་རྒྱུ་དེ་མིན་ཡང་། གང་ལྟར། དེ་དག་གིས་ང་ཚོར་འདི་རེད་ཅེས་པའི་བརྡ་གསལ་པོ་ཞིག་སྤྲོད་ཀྱི་ཡོད་པ་རེད།” ཅེས་བརྗོད་འདུག

གློག་བརྙན་མང་ཆེ་བའི་ནང་དོན་ནི་སྲིད་གཞུང་གི་དེང་རབས་ཅན་གྱི་ལས་གཞི་དག་གིས་རྐྱེན་པས་བོད་ཀྱི་སྲོལ་རྒྱུན་འཚོ་བ་དང་རིག་གཞུང་ལ་ཤུགས་རྐྱེན་ཐེབས་པའི་སྐོར་ཡིན་པ་དང་། རྒྱ་ཧན་མི་རིགས་ཀྱི་གློག་བརྙན་འཁྲབ་ཁྲིད་པ་འགས། “བོད་རང་གིས་གློག་བརྙན་བཟོ་སྐྲུན་འཕེལ་རྒྱས་སུ་བཏང་བ་དེས་ང་ཚོ་དང་རིག་གཞུང་མི་གཅིག་པའི་ཕྱི་མི་དག་ལ་བོད་དང་འབྲེལ་བའི་གནས་ཚུལ་མང་པོ་གསལ་རྟོགས་ཡོང་གི་བཅུག་ཡོད།” ཅེས་བརྗོད་འདུག

སྐུ་ཞབས་ཛང་ཡྰང་གིས། “བོད་ཀྱི་སྐོར་བོད་རིགས་འཁྲབ་ཁྲིད་པ་རང་གིས་བརྙན་ཕབ་དང་བཟོ་སྐྲུན་བྱས་པའི་གློག་བརྙན་དེ་དག་ནི་བོད་རིགས་མིན་པའི་གློག་བརྙན་འཁྲབ་ཁྲིད་པ་གཞན་ཚོར་ཟུར་བལྟའི་བརྩམས་ཆོས་ཤིག་གི་ཚུལ་དུ་དགེ་མཚན་ཆེན་པོ་ལྡན་པ་དང་། གློག་བརྙན་དེ་དག་གིས་གློག་བརྙན་འཁྲབ་གཞུང་གི་སྲོལ་རྒྱུན་ནང་དོན་ལས་བརྒལ་ཐུབ་པའི་ལམ་སྟོན་བྱས་པ་རེད།”ཅེས་བརྗོད་འདུག

༼རྒྱུད་སྐུད་སྟེང་གི་རྣམ་ཤེས།༽ཞེས་པའི་གློག་བརྙན་དེའི་གྲ་སྒྲིག་གི་ཆེད་དུ་འཁྲབ་ཁྲིད་པ་ཛང་ཡཱང་ལགས་ཕྱི་ལོ་ ༢༠༡༣ ལོར་ཟླ་བ་ཁ་ཤས་རིང་བོད་ནང་བསྡད་ཡོད་འདུག ཁོང་གི་ཉམས་མྱོང་རེ་འགའ་ན་ནིང་ལོའི་དངོས་བྱུང་དང་རྟོག་བཟོ་ཟུང་འབྲེལ་ཅན་གྱི་༼སེམས་ཀྱི་འགྲུལ་ལམ།༽ཞེས་པའི་གློག་བརྙན་དེའི་ནང་མཐོང་རྒྱུ་ཡོད་པ་རེད། གློག་བརྙན་དེ་ནི་བོད་མི་གནས་སྐོར་བ་ཁྱུ་གཅིག་གིས་སྟོད་གངས་རིན་པོ་ཆེ་བསྐོར་བའི་འགྲུལ་བཞུད་རིང་མོའི་སྐོར་ཞིག་ཡིན་འདུག

གློག་བརྙན་འཁྲབ་ཁྲིད་པས། “ང་རང་ངོས་ནས་དང་ཐོག་༼རྒྱུད་སྐུད་སྟེང་གི་རྣམ་ཤེས།༽ཞེས་པའི་གློག་བརྙན་དེའི་བཟོ་སྐྲུན་གྲ་སྒྲིག་མ་བྱས་གོང་ལ་བོད་མི་ཚོར་རྒྱུས་མངའ་ལོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ཁོང་ཚོའི་ཉིན་རེའི་འཚོ་བ་དང་ཆོས་ལུགས་སོགས་ཀྱི་སྐོར་དངོས་སུ་མཐོང་ཐོས་ཡོང་བར་བྱས་པ་ཡིན།”ཞེས་བརྗོད་འདུག

དམངས་ཁྲོད་གཏམ་རྒྱུད་དང་ཆོ་འཕྲུལ་རང་བཞིན་གྱི་ཁྱད་ཆོས་ལྡན་པའི་གློག་བརྙན་གསར་པ་དེ་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་བཀྲ་ཤིས་ཟླ་བ་ལགས་ཀྱི་བརྩམས་སྒྲུང་ལ་གཞི་བཅོལ་ཡོད་པ་དང་། གློག་བརྙན་ནང་གི་མི་སྣ་གཙོ་བོ་བཀྲ་བྷེ་༼བོད་ཀྱི་འཁྲབ་སྟོན་པ་སྦྱིན་པ།༽ལགས་ལ་ཐོག་གིས་བརྒྱབ་སྟེ་འདས་གྲོངས་སུ་ཕྱིན་རྗེས་སླར་སྤྲུལ་སྐུ་ཞིག་གིས་རྫུ་འཕྲུལ་ལ་བརྟེན་ཏེ་ཕྱིར་གསོན་དུ་བཅུག་པ་རེད། གློག་བརྙན་དེའི་ནང་ཁོང་གིས་གཟི་བཙལ་བའི་འགྲུལ་བཞུད་ཀྱི་བརྒྱུད་རིམ་ཚུད་ཡོད་པ་དང་། འཁྲབ་སྟོན་པ་ཚང་མ་བོད་རིགས་ཡིན་པ་དང་བོད་སྐད་ཁོ་ན་བེད་སྤྱོད་བྱས་ཡོད་འདུག

གློག་བརྙན་དཔྱད་བརྗོད་པ་འགས། “ད་ལྟ་གཞི་ནས་མ་གཏོགས་བོད་རིགས་མིན་པའི་འཁྲབ་ཁྲིད་པ་མང་པོ་ཞིག་གིས་བོད་རིགས་དེ་མི་རིགས་བྱེ་བྲག་པ་ཞིག་ཡིན་པའི་ངོ་བོ་མཚོན་པའི་གློག་བརྙན་མང་པོ་ཕབ་སྐྲུན་བྱེད་ཐུབ་ཀྱི་མེད།” ཅེས་བརྗོད་འདུག

tibettimes-2

དེ་མིན་རྒྱ་ནག་གི་གློག་བརྙན་སྐོར་གྱི་མཁས་པ་ད་ལྟ་ཊོ་རོན་ཊོར་བཞུགས་ཡོད་པའི་ཤཱེ་ལི་ཁི་རེ་སྰི་(Shelly Kraicer)ལགས་ཀྱིས། “སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི་དྲིལ་བསྒྲགས་སྐོར་གྱི་གློག་བརྙན་དག་ཕུད་པའི་ད་དུང་སྐབས་རེར་རྒྱ་ཧན་མི་རིགས་ཀྱི་འཁྲབ་ཁྲིད་པ་རེ་ཟུང་གིས་ཀུན་སློང་རྣམ་དག་གི་སྒོ་ནས་བོད་མིའི་དངོས་ཡོད་གནས་སྟངས་ཕྱིར་མངོན་ཐབས་བྱས་པ་དེ་འདྲ་ཡང་ཡོང་གི་ཡོད་པ་རེད།” ཅེས་གསལ་བཤད་བྱས་འདུག ཁོང་གིས་མུ་མཐུད་དོན། “ཡིན་ཡང་མཐའ་མཇུག་དེར་ཚང་མས་བོད་ཀྱི་རྣམ་པ་དེ་རང་དགར་བཀོལ་སྤྱོད་གང་ཐུབ་བྱེད་ཀྱི་ཡོད་པ་རེད།” ཅེས་བརྗོད་སོང་།

གྲངས་ཉུང་མི་རིགས་སྐོར་གྱི་གློག་བརྙན་སྤྱི་དང་། དམིགས་བསལ་གྱིས་བོད་དང་འབྲེལ་བའི་གློག་བརྙན་དག་ལ་འཕྲད་སྐབས་ས་གནས་དེའི་ལོ་རྒྱུས་དང་ཆོས་ཕྱོགས་ཀྱི་འགྲེལ་བཤད་སོགས་གཞུང་གིས་ཅི་བཤད་ལ་ཉན་དགོས་སྟབས། འཁྲབ་ཁྲིད་པ་ཚོས་དམིགས་བསལ་གྱིས་ནན་ཏན་བྱེད་དགོས་འཁེལ་གྱི་ཡོད་འདུག

བོད་དང་འབྲེལ་བའི་གློག་བརྙན་ཕབ་སྐྲུན་ཟིན་པ་ཡོད་དོ་ཅོག་སྲིད་གཞུང་གི་གསར་ལམ་དོ་དམ་ཚན་པ་ཙམ་མ་ཟད། འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ནས་ཞིབ་བཤེར་ལྟ་རྟོགས་ནན་པོ་བྱེད་ཀྱིན་ཡོད་ཅིང་། ལས་ཁུངས་དེ་ནི་དམར་ཤོག་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་གནས་ཡོད་པ་རེད།

འཁྲབ་ཁྲིད་པ་སྐུ་ཞབས་ལཱིའུ་ཡིས། “གློག་བརྙན་གཞན་པ་དག་ལས་བོད་དང་འབྲེལ་བའི་གློག་བརྙན་དེ་དག་ཕབ་སྐྲུན་བྱེད་སྐབས་གཞུང་གི་ཞིབ་བཤེར་དང་གདོང་ཐུག་ཡང་ཡང་རྒྱག་གི་ཡོད་པ་རེད།” ཅེས་བརྗོད་འདུག

སྐུ་ཞབས་ལཱིའུ་ཡི་གློག་བརྙན་དེ་ནི་བོད་ཀྱི་ས་ཁུལ་ཏེ་ད་ལྟའི་རྒྱ་ནག་གི་ཡུ་ནན་ཞིང་ཆེན་གྱི་བྱང་ཕྱོགས་སུ་ཕབ་སྐྲུན་བྱས་ཡོད་པ་དང་། གློག་བརྙན་དེའི་ལོ་དུས་ནི་ ༡༩༨༠ ཡས་མས་ལ་འཁེལ་ཡོད་འདུག མི་སྣ་གཙོ་བོ་རྒྱ་ཧན་མི་རིགས་ཀྱི་གཞོན་ནུ་ཞོའུ་ཝཱང་ཞེས་པ་ཞིག་བོད་ཀྱི་གྲོང་གསེབ་དག་གི་ནང་རྒྱུན་དུ་དངུལ་བུན་གཏོང་བ་དང་། བུ་ལོན་ལེན་པར་ཡོང་བའི་དུས་ཤིག་ལ་གྲོང་གསེབ་ཅིག་གི་ནང་བུད་མེད་མིང་ལ་ཊེ་ལྰན་*ཟེར་བ་ཞིག་དང་བརྩེ་དུང་ཆགས་པའི་སྐོར་ཡིན་འདུག

ཁོང་གིས་གློག་བརྙན་དེ་རྒྱ་ནག་ནང་འགྲེམས་སྟོན་བྱས་རྗེས་གཟིགས་མོ་བ་ཚོས་བསམ་ཚུལ་འདྲ་མིན་སྤེལ་བའི་སྐོར་ཕྱིར་དྲན་བྱས་དོན། “མི་རིགས་གཅིག་གིས་ང་རང་ལ་འདི་ལྟར་བོད་ཀྱི་དབུལ་ཕོངས་ཀྱི་སྐོར་སྟོན་པ་དེ་ནི་མ་འགྲིག་པ་ཞིག་རེད།” ཅེས་དང་། “ཡང་མི་གཞན་པ་ཚོས་ང་རང་ལ་ཁྱེད་ཀྱིས་རྒྱ་ཧན་མི་རིགས་ཤིག་གིས་བོད་རིགས་ལ་དངུལ་བུན་གཏོང་བའི་སྐོར་བཀོད་འདུག་ཅེས་ནང་དོན་དེར་ཀུན་གྱིས་ཚོར་བ་རྣོན་པོ་བྱེད་ཀྱི་འདུག” ཅེས་བརྗོད་འདུག

འཁྲབ་ཁྲིད་པ་ཁ་ཤས་ཀྱིས་རང་གི་གློག་བརྙན་དེ་སྲིད་གཞུང་གི་ཞིབ་བཤེར་འོག་ནས་ཐར་ཆེད་དུ་བོད་མིའི་ཉིན་རེ་འཚོ་བའི་ཆ་ཤས་རེ་ཟུང་ལས་ཆོས་དང་ལོ་རྒྱུས་སོགས་རྒྱ་ཆེ་བའི་འཚོ་བ་དངོས་དང་གཡོལ་ཐབས་བྱེད་པའི་སྐོར་བོད་རིགས་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་བཤད་རྒྱུར། “ང་ཚོས་ཐབས་ཤེས་གང་བྱས་ཀྱང་བོད་ཀྱི་གློག་བརྙན་ཞིག་ཡིན་ཕྱིར་བོད་ཀྱི་ཆོས་དང་ལོ་རྒྱུས་ཉིན་རེའི་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་བཞིན་གློག་བརྙན་ནང་དུའང་དེ་བཞིན་ཡིན་པར་བསྙོན་ཐབས་མེད།”ཅེས་བརྗོད་འདུག

གང་ལྟར་སྲིད་གཞུང་གི་ཞིབ་བཤེར་དང་དམ་དྲག་ལ་མ་ལྟོས་པར་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་མང་པོས་མ་འོངས་པར་རེ་བ་བཟང་སར་རྒྱག་གི་ཡོད་འདུག བོད་མི་ཚོ་ཡང་གློག་བརྙན་ཟློས་གར་ལ་དགའ་སྤྲོ་ཇེ་ཆེར་འགྲོ་བཞིན་ཡོད་པ་དང་བོད་རང་གི་འཁྲབ་ཁྲིད་པ་ཚོར་ཡིན་ནའང་དེང་རབས་ཅན་གྱི་ཤུགས་རྐྱེན་སྐོར་དང་དེ་མིན་ནང་ལོགས་ས་ཁུལ་གྱི་གནད་དོན་གཞན་སོགས་ཆབ་སྲིད་དང་ཐད་ཀར་འབྲེལ་བ་མེད་པའི་ནང་དོན་མང་པོ་འཚོལ་ཞིབ་བྱ་རྒྱུ་ལྷག་ཡོད་པ་རེད།

ཡིན་ཡང་བོད་རིགས་མ་ཡིན་པའི་གློག་བརྙན་འཁྲབ་ཁྲིད་པ་མང་པོ་ཞིག་གིས་ད་དུང་ཡང་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཡོང་བའི་རེ་བ་བྱེད་ཀྱི་མེད་པ་དང་། བོད་རིགས་མིན་པའི་འཁྲབ་ཁྲིད་པ་འགའ་ཡིས་བོད་སྐོར་གྱི་སྒྲུང་གཏམ་གསར་པ་འཚོལ་ཞིབ་བྱེད་སྐབས། སྲིད་གཞུང་གི་ཞིབ་བཤེར་ནན་དྲགས་པས་དབང་གིས་བོད་ཀྱི་གློག་བརྙན་འཕེལ་རིམ་ལ་ད་དུང་འགལ་རྐྱེན་ཆེན་པོ་འཕྲད་བཞིན་ཡོད་པ་རེད།

ཀོ་ལིམ་བྷི་ཡའི་གཙུག་ལག་སློབ་གྲྭའི་སྐུ་ཞབས་བྷ་ནྷེ་ཊེ་བརྗོད་དོན་ལ། “བོད་རིགས་མ་ཡིན་པའི་གློག་བརྙན་འཁྲབ་ཁྲིད་པ་རྒྱ་རིགས་དང་ནུབ་ཕྱོགས་པ་སུ་ཡིན་རུང་ཁོང་ཚོས་བོད་ཀྱི་དོན་དངོས་མཚོན་པའི་གློག་བརྙན་དོ་གལ་ཅན་ཞིག་ཕབ་སྐྲུན་བྱ་འདོད་ན་དང་ཐོག་འཁྲབ་ཁྲིད་པ་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་མི་སེར་སྤེལ་བའི་རིང་ལུགས་ལ་ལྡན་པའི་སྐྱོན་ཆ་དག་དང་ལེན་ཐུབ་པའི་སྒོ་ནས་རང་གི་གློག་བརྙན་བརྩམས་ཆོས་ཁྲོད་མི་སེར་སྤེལ་ཡུལ་དེ་ཉིད་ཀྱི་མི་མང་ཚོའི་ཉིན་རེའི་འཚོ་བ་ཚུན་ལ་ཕྱིའི་ཤུགས་རྐྱེན་ཐེབས་ཟིན་པའི་དོན་དངོས་དེ་མཚོན་ཐབས་བྱ་དགོས།” ཞེས་དང་། ཁོང་གིས་མུ་མཐུད་བརྗོད་དོན། “གལ་ཏེ། དེ་ལྟར་མ་བྱུང་བ་ཡིན་ན་གློག་བརྙན་ག་ཚོད་ཕབ་སྐྲུན་བྱས་ཀྱང་གྲུབ་འབྲས་ནི་རྟག་པ་གཅིག་སྟེ་འཁྲབ་ཁྲིད་པར་མི་སེར་སྤེལ་ཡུལ་ལ་སྙིང་རྗེའི་འདུ་ཤེས་ཅུང་ཡོད་མོད་དོན་དམ་བརྩམས་ཆོས་ནང་ས་གནས་དེའི་འཚོ་བ་དངོས་དང་མི་འཚམ་པའི་རྟོག་བཟོ་རང་བཞིན་ཅན་ཞིག་ལས་མ་འདས།”ཞེས་གསལ་སྟོན་གནང་འདུག ཧྲང་ཧེ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འདི་ནི་ཐོག་མ་ཕྱི་ལོ་ ༡༩༩༣ ལོར་མགོ་འཛུགས་བྱས་ཡོད་པ་དང་། ད་ལྟའི་ཆར་ཤར་ཨེ་ཤ་ཡའི་གློག་བརྙན་དུས་སྟོན་ཆེ་ཤོས་ཤིག་གི་གྲས་ལ་བསླེབས་ཡོད་འདུག

ཟུར་མཆན།

* ‘De Lan’ ཞེས་པ་ནི་གློག་བརྙན་ནང་གི་བོད་ཀྱི་གྲོང་གསེབ་བུད་མེད་དེའི་མིང་ཡིན་ཡང་། བོད་མིང་ཏག་ཏག་ཤེས་ཐུབ་མ་སོང་བས་ཊེ་ལཱན་ཞེས་སྒྲ་རང་འཇགས་བཞག་པ་ཡིན།

མ་ཡིག་འབྲེལ་ཐག http://www.nytimes.com/2016/06/11/arts/international/tibet-china-shanghai-international-film-festival.html?partner=rss&emc=rss&_r=0

བློ་བཟང་ཡེ་ཤེས་ལགས་ཀྱིས་ཨ་རིའི་ནེའུ་ཡོག་དུས་བབ་དབྱིན་ཡིག་དྲ་བ་ལས་བོད་བསྒྱུར་ཞུས།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༣ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese