བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༧༠༡ སྟེང་གི་རྩོམ་སྒྲིག་པའི་གཏམ།
ཉིས་སྟོང་བརྒྱད་ལོ་ནས་བཟུང་སྤྱི་འཐུས་གྲོས་ཚོགས་རིམ་པའི་སྟེང་། གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཟེར་བ་ཞིག་བསླེབས་པ་རེད། དེ་ཐོག་མ་བོད་ནང་ས་བྱི་ཞི་རྒོལ་གྱི་རྦ་རླབས་དྲག་ཏུ་འཕྱུར་བཞིན་པའི་སྐབས་ལ། བོད་ཕྱི་ལོགས་ནས་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ་གྲོས་ཆོད་དེ་བཞག་པ་རེད། དུས་དེ་ནས་བཟུང་རྒྱུན་མ་ཆད་པར་གྲོས་ཆོད་དེ་བསྐྱར་འཇོག་ནས་སྣོན་འཇོག་བྱས་ཏེ། ད་བར་ཧ་ལམ་གྲོས་ཆོད་ཐེངས་ཉི་ཤུ་ལྷག་བཞག་ཡོད། གྲོས་ཆོད་མང་ཆེ་བའི་ནང་དོན་གཅིག་མཚུངས་རེད། བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་མི་འདུག རང་ལུས་མེར་བསྲེགས་བཏང་སོང་། ཆོས་དང་རིག་གཞུང་རྩ་གཏོར་བཏང་སོང་ཟེར་བ་འདི་དག་རེད།
སྤྱིར་བོད་ནང་གི་གནས་ཚུལ་ཛ་དྲག་མིན་པ་དང་། གདུང་སེམས་མཉམ་སྐྱེད་ཞུ་མི་དགོས་རྩ་བ་ནས་ཟེར་གྱི་མེད། གྲོས་ཆོད་འདིའི་ནང་དོན་འཁོད་སྟངས་དང་། འདི་ལ་གྲོས་ཚོགས་ནང་བགྲོ་གླེང་གནང་སྟངས་ལ་འདོད་པ་ཁེངས་མ་སོང་། སྤྱི་འཐུས་རྣམ་པ་ཁ་གཅིག་ལས་གཅིག་མཁས། མགོ་གཅིག་ལས་གཅིག་བདེ། བློ་ཁོག་གཅིག་ལས་གཅིག་ཆེ། སེམས་ཤུགས་མེད་ན་ཡོད་མདོག་དང་། ཆབ་སྲིད་མི་མཁྱེན་ན་མཁྱེན་མདོག ཁ་ཤས་ཀྱིས་གོ་སྐབས་དེ་བརྒྱུད་ནས་སྒེར་གྱི་མངོན་འདོད་བསྒྲུབ་ཐབས་དང་། གཞན་ལ་སྐྱོན་འཛུགས་དང་ཟུར་ཟ་སོགས་གོ་སྐབས་འདི་བརྒྱུད་དེ་བྱེད་ཀྱིན་འདུག
གྲོས་ཆོད་འདིས་གང་ཞིག་ལ་ཕན་པ་དང་སུ་ཞིག་ལ་རེ་བཞིན་ཡོད་པ་རེད། ཡང་ན། སུ་ཞིག་ལ་ཕོག་ཐུག་དང་གནོད་པ་གཏོང་གི་ཡོད། ཕན་གནོད་གཉིས་ཀ་མེད་ན་གྲངས་ཀའི་ཆེད་དུ་རེད་དམ། གྲོས་ཆོད་ཀྱི་ཆེད་དུ་གྲོས་ཆོད་འཇོག་གི་ཡོད་པ་རེད། སྤྱིར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་གི་གྲོས་ཆོད་མང་དག་ཅིག་ཡིག་ཐོག་ཙམ་ལས་ལག་ལེན་མེད་པ་ཡོངས་གྲགས་རེད་ལ། དོན་དངོས་ཐོག་ནས་ཀྱང་གྲོས་ཆོད་ནང་ལག་ལེན་བསྟར་དགོས་མིན་གཉིས་ཡོད་པ་ལས། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་འདི་ལག་ལེན་བསྟར་མི་དགོས་པའི་གྲས་དང་། སུ་དང་གང་ལའང་ཕན་གནོད་མེད་པའི་གྲོས་ཆོད་དེ་རེད།
ངས་ཐེངས་འདིའི་གྲོས་ཚོགས་ནང་། ནམ་རྒྱུན་སོ་སོར་གྲོས་ཆོད་དེའི་ཐོག་ལྟ་སྟངས་གང་ཡོད་པ་དེ་གསལ་བོར་བཤད་ཡོད། གྲོས་ཆོད་འདི་གཞུང་འབྲེལ་གྲོས་ཆོད་རེད། སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་གིས་འཁྱེར་ཡོང་གི་ཡོད། ད་ནས་བཟུང་གྲོས་ཆོད་འདིའི་ནང་དོན་འཁོད་སྟངས་ལ་འགྱུར་བ་བཏང་སྟེ། སྔོན་ཆད་ཀྱི་ཆོ་ག་ཕྱག་ལེན་ལྟ་བུའི་སྤྱི་བཤད་དང་སྦོམ་བཤད་དེ་དག་མ་ཡིན་པར། བོད་ནང་དུ་ཛ་དྲག་གི་གནས་ཚུལ་གང་ན་ཅི་ཞིག་འབྱུང་བཞིན་འདུག དེ་དག་ལ་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། གྲོས་ཆོད་གྲོས་འཆར་འདིའི་ནང་དོན་ཚན་རེ་རེ་བཞིན་འགོད་དགོས། རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་གི་རྩ་ཁྲིམས། ས་གནས་མི་མང་གི་ཡུལ་གོམས་གཤིས་ལུགས་གང་ལ་འགལ་ཡོད་མེད་གསལ་འདོན་བྱེད་དགོས།
དཔེ་མཚོན་ཙམ་ཞུས་ན། ཁ་སང་དེ་རིང་བོད་ཨ་མདོ་བླ་བྲང་ཨ་མཆོག་ལ་གཏེར་ཁ་སྔོག་འདོན་གྱི་གནས་ཚུལ་ཛ་དྲག་ཆགས་ཡོད་ལ། དེའི་སྔོན་ཏག་ཏག་ལ་ཁམས་དཀར་མཛེས་ལྷ་སྒང་དང་། འདས་པའི་ལོ་ཤས་གོང་གཞིས་རྩེ་བཞད་མཐོང་སྨོན་རྫོང་སོགས་སུའང་གཏེར་ཁ་སྔོག་འདོན་གྱི་དོན་རྐྱེན་ཐེངས་མང་བྱུང་ཡོད། རྒྱ་ནག་གཞུང་གི་བྱེད་སྟངས་འདི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་དང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཁྲིམས་གཞི་དག་དང་འགལ་ཡོད་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དོན་ཚན་ཞེ་ལྔ་དང་རེ་དྲུག་སོགས་ལའང་འགལ་ཡོད། དེ་བཞིན། ས་གནས་ཡུལ་མིའི་འཕྲོད་བསྟེན་དང་ཆོས་དད་རང་དབང་སོགས་ལའང་རྡོག་རོལ་བཏང་ཡོད།