སོག་ཡུལ་གྱི་སྐབས་བདུན་པའི་རྒྱལ་ཡོངས་འོས་བསྡུའ་ཁྲོད་སོག་ཡུལ་མི་མང་ཚོགས་པར་རྒྱལ་ཁ་ཐོབ་ཏེ་དེ་སྔའི་དཔལ་འབྱོར་བློན་ཆེན་ཨར་ཌིན་བྷ་ཡར་མཆོག་སྲིད་བློན་དུ་བསྐོ་བཞག་བྱས་འདུག
རོའུ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་སོག་ཡུལ་གྲོས་ཚོགས་ནས་སོག་ཡུལ་གྱི་དཔལ་འབྱོར་བློན་ཆེན་ཨར་ཌིན་བྷ་ཡར་ (Erdenebayar) སོག་ཡུལ་གྱི་སྲིད་བློན་དུ་འདེམས་ཐོན་བྱུང་ཡོད་སྐོར་གསལ་བསྒྲགས་བྱས་འདུག་ལ། ཕྱི་ཟླ་ ༦ པའི་ཚེས་ ༢༩ ཉིན་སོག་ཡུལ་གྱི་སྐབས་བདུན་པའི་རྒྱལ་ཡོངས་འོས་བསྡུའི་ཁྲོད་དུ་གཞུང་འཛིན་དམངས་གཙོ་ཚོགས་པར་ (DP) གྲོས་ཚོགས་ཀྱི་རྐུབ་སྟེགས་ ༩ དང་སོག་ཡུལ་མི་མང་ཚོགས་པར་ (MPRP) གྲོས་ཚོགས་ཀྱི་རྐུབ་སྟེགས་ ༧༦ ལས་རྐུབ་སྟེགས་ ༦༥ ཐོབ་ཡོད་པ་ལྟར། དེ་རིང་སོག་ཡུལ་མི་མང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཨར་ཌིན་བྷ་ཡར་མཆོག་གིས་སོག་ཡུལ་གྱི་བུན་དངུལ་ཉུང་རུ་གཏོང་ཐབས་དང་རང་བྱུང་ཐོན་ཁོངས་ལ་བརྟེན་ནས་རྒྱལ་མང་གི་ཁེ་ཕན་བསྒྲུབ་རྒྱུ་ཁག་ཐག་བྱས་འདུག
སོག་ཡུལ་གྱི་ཐོན་ཁོངས་དབྱེ་ཞིབ་པ་ཌལ་ཆའོ་ (Dale Choi) ཟེར་བ་ཞིག་གིས། སོག་ཡུལ་མི་མང་ཚོགས་པའི་ཚོགས་གཙོ་ཨར་ཌིན་བྷ་ཡར་མཆོག་ནི་དགུང་ལོ་གཞོན་ཁར་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ཞིག་ཡིན་པ་མ་ཟད། སོག་ཡུལ་གྱི་དཔོན་རབས་རྗེས་མའི་འཐུས་ཚབ་ཡིན་སྐོར་བརྗོད་འདུག
གནས་ཚུལ་ལྟར་ན། ཐེངས་འདིའི་སོག་ཡུལ་གཞུང་འཛིན་དམངས་གཙོ་ཚོགས་པ་དང་མི་མང་ཚོགས་པ་གཉིས་དབར་གྱི་སྐབས་བདུན་པའི་སོག་ཡུལ་རྒྱལ་ཡོངས་འོས་བསྡུའི་ཁྲོད་དུ་གཞུང་འཛིན་དམངས་གཙོ་ཚོགས་པར་ཕ་ཉེས་བྱུང་དོན་གཙོ་བོ་སོག་ཡུལ་མི་མང་བརྒྱ་ཆ་ ༩༢ ཡིས་ཕྱི་ལོ་ ༢༠༡༢ ནས་ ༢༠༡༦ བར་སོག་ཡུལ་གྱི་དཔལ་འབྱོར་གནས་བབ་ཧ་ཅང་སྐྱོ་བོ་ཡིན་སྐོར་བཤད་ཅིང་། མི་མང་བརྒྱ་ཆ་ ༦༡ གིས་གཞུང་འཛིན་དམངས་གཙོ་ཚོགས་པས་སོག་ཡུལ་རྒྱལ་ཁབ་ཀྱི་ཆབ་སྲིད་དཔལ་འབྱོར་གྱི་ཁ་ཕྱོགས་ལོག་ལམ་དུ་ཁྲིད་པར་བཤད་པ་དང་། མི་མང་བརྒྱ་ཆ་ ༨༣ གྱིས་གཞུང་འཛིན་དམངས་གཙོ་ཚོགས་པའི་འཛིན་སྐྱོང་དོན་འཁྱོལ་མ་ཡོང་བའི་སྐྱོན་བརྗོད་བྱས་ཡོད་པ་རེད།
ཐེངས་འདིའི་སོག་ཡུལ་རྒྱལ་ཡོངས་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པའི་སོག་ཡུལ་མི་མང་ཚོགས་པའི་ཚོགས་གཙོ་ཨར་ཌིན་བྷ་ཡར་མཆོག་ནི་ད་ལྟ་དགུང་ལོ་ ༤༢ ཡིན་པ་དང་། དེ་སྔོན་སོག་ཡུལ་གྱི་དཔལ་འབྱོར་བློན་ཆེན་དང་སོག་ཡུལ་མི་མང་ཚོགས་པའི་ཚོགས་གཙོ་བཅས་ཀྱི་འགན་ཁུར་ཡོད་འདུག
སོག་ཡུལ་གྱི་དཔལ་འབྱོར་ཐོན་སྐྱེད་གཙོ་བོ་རྡོ་སོལ་དང་། ཟངས་དང་གསེར་སོགས་རང་བྱུང་ཐོན་ཁོངས་ཡིན་པ་དང་། ཕྱི་ལོ་ ༢༠༡༠ ནས་ ༢༠༡༢ བར་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་གཙོས་པའི་ཕྱིའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཛུགས་སྐྲུན་བརྟེན་ནས་སོག་ཡུལ་གྱི་དཔལ་འབྱོར་ཡར་རྒྱས་ཕྱིན་ཡོད་ནའང་། ཕྱི་ལོ་ ༢༠༡༢ ལོའི་རྗེས་སུ་དཔལ་འབྱོར་འདུ་འགོད་ཀྱི་འགྲོས་ཇེ་དལ་དུ་ཕྱིན་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།