མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས་ནེ་གྷི་རེ་ཡའི་ཟིང་འཁྲུག་ཁྲོད་དུ་ཉིན་རེར་ཆ་སྙོམ་བྱིས་པ་ ༡༣༧ ལྟོགས་ཤི་ཐེབས་བཞིན་ཡོད་སྐོར་བརྗོད་འདུག
ཁ་སང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་ (UNICEF) གིས་ཛ་དྲག་གསལ་བསྒྲགས་ཤིག་སྤེལ་ཏེ། ཨ་ཧྥི་རི་ཁའི་རྒྱལ་ཁབ་ནེ་གྷི་རེ་ཡ་ (Nigeria) ནང་ཁ་ཆེ་འཇིགས་སྐུལ་ཚོགས་ཁག་གི་ཟིང་འཁྲུག་ལ་བརྟེན་ནས་རྒྱལ་ཁབ་དེའི་ནང་བྱིས་པ་ ༤༩༠༠༠ ལྷག་ལ་ཟས་བཅུད་ཀྱིས་མ་འདང་བ་དང་འཕྲོད་བསྟེན་སྨན་བཅོས་མ་ཐུབ་པར་རྐྱེན་འདས་སུ་འགྲོ་ཉེན་ཆེན་པོ་ཡོད་སྐོར་བརྗོད་འདུག
མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ཁང་གི་འགན་འཛིན་ཧྥོན་ཊེན་ (Fontaine) ལགས་ཀྱིས། འཚོ་བཅུད་ཀྱིས་མ་འདང་བ་དང་འཕྲོད་བསྟེན་སྨན་བཅོས་མ་ཐུབ་པའི་རྐྱེན་གྱིས། ནེ་གྷི་རེ་ཡའི་བྱང་ཤར་མངའ་སྡེ་བྷོར་ནོ་ (Borno) ནང་ཉིན་རེར་ཆ་སྙོམ་བྱིས་པ་ ༡༣༤ ལྷག་རྐྱེན་འདས་སུ་འགྲོ་བཞིན་ཡོད་པ་དང་། གལ་ཏེ་གནད་དོན་དེ་མྱུར་བ་མྱུར་དུ་ཐག་གཅོད་མ་བྱུང་ཚེ། ས་ཁུལ་དེའི་བྱིས་པའི་ཤི་གྲངས་ཇེ་མང་དུ་འགྲོ་སྲིད་པའི་ཛ་དྲག་གི་ཉེན་བརྡ་བཏང་འདུག
ནེ་གྷི་རེ་ཡའི་སྲིད་འཛིན་བྷུ་ཧ་རེ་ (Buhari) ལགས་ཀྱིས། ནེ་བྷི་རེ་ཡ་ཁོང་ཚོར་བདག་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ཟིང་འཁྲུག་གི་འཇིག་ཉེན་ལ་མ་ལྟོས་པར་མུ་མཐུད་སོ་སོའི་ས་གནས་སུ་བསྡད་དེ་རྒྱལ་ཁབ་སྲུང་སྐྱོབ་བྱེད་དགོས་སྐོར་བརྗོད་ཡོད་པ་དང་། རྒྱལ་མཚམས་མེད་པའི་སྨན་པའི་མཐུན་ཚོགས་ (DWB) ཀྱིས་ད་ལོའི་ཕྱི་ཟླ་ ༦ པའི་ནང་ནེ་གྷི་རེ་ཡའི་བྱང་ཤར་གྱི་བྷོར་ནོ་མངའ་སྡེའི་གྲོང་ཁྱེར་བྷ་མ་ (Bama) ནང་ཡུལ་མི་ ༢༠༠ ལྷག་ལྟོགས་ཤི་ཐེབས་ཡོད་པ་མ་ཟད། ས་གནས་དེའི་ཡུལ་བྱོལ་བའི་བྱིས་པ་མང་པོ་ཉིན་བཞིན་བཀྲེས་ལྟོགས་ཀྱིས་རྐྱེན་འདས་སུ་འགྲོ་བཞིན་ཡོད་པ་དང་། ན་ནིང་གཅིག་པུར་ཡུལ་དེའི་ངོ་ལོག་ཤོག་ཁག་བྷོ་ཁོ་ཧ་རམ་ (Boko Haram) གྱི་རམ་འདེགས་ལ་བརྟེན་ནས་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་ཁག་གིས། ནེ་གྷི་རེ་ཡའི་མཐའ་མཚམས་ཁག་བཙན་བཟུང་བྱས་ཏེ་ཡུལ་མི་ ༢༠༠༠༠ ལྷག་དམར་གསོད་དང་ཡུལ་མི་ས་ཡ་ ༢.༧ ཕྱིར་ཕུད་བཏང་ཡོད་སྐོར་བརྗོད་འདུག
གནས་ཚུལ་ལྟར་ན། ནེ་གྷི་རེ་ཡའི་བྱང་ཤར་མངའ་སྡེ་བྷོར་ནོ་ (Borno) ནང་གི་བྱིས་པ་ས་ཡ་གཅིག་གི་བཞི་ཆའི་གཅིག་ལ་ཟས་བཅུད་ཀྱིས་འདང་གི་མེད་སྟབས། རྒྱལ་སྤྱིའི་བདེ་རྩ་ཁག་དང་ཞལ་འདེབས་གནང་མཁན་ཚོས་འཆི་ལ་ཉེ་བའི་ཕྲུ་གུ་དེ་ཚོའི་འཚོ་བཅུད་དང་འཕྲོད་བསྟེན་ཐད་རོགས་སྐྱོར་མཐུན་འགྱུར་ཡོང་བའི་ཛ་དྲགས་ཀྱི་འབོད་སྐུལ་ཞུས་ཡོད་པ་དང་། ན་ནིང་ལོ་སྟོད་ནས་ས་ཁུལ་དེའི་མཐའ་མཚམས་ཁག་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པས་བཙན་བཟུང་བྱས་ཡོད་སྟབས། ས་གནས་མི་མང་གི་ཉིན་རེའི་འཚོ་གནས་ལ་འཇིག་ཉེན་ཆེན་པོ་བཟོས་ཡོད་པ་དང་། ནེ་གྷི་རེ་ཡ་སྲིད་གཞུང་གིས་ས་ཁུལ་དེའི་དྲག་སྤྱོད་ཚོགས་ཁག་གི་ངོ་ལོག་ཟིང་འཁྲུག་ལ་མུ་མཐུད་གདོང་ལེན་བྱེད་མུས་ཡིན་ནའང་། ཟིང་འཁྲུག་གི་གནས་སྟངས་སྔར་ལས་ཛ་དྲག་ཆགས་ཡོད་པ་དང་། ད་ལོའི་ལོ་སྟོད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ཁང་གིས་ས་ཁུལ་དེའི་མི་མང་གི་འཚོ་བའི་རོགས་དངུལ་ཨ་སྒོར་ས་ཡ་ ༥༥.༥ བསྡུ་རུབ་མཁོ་སྤྲོད་བྱས་ཡོད་ནའང་ད་དུང་ས་གནས་དེའི་མི་མང་དང་བྱིས་པ་མང་པོ་ལྟོགས་ཤི་ཐེབས་བཞིན་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།