ད་ལོའི་རེའོ་ཨོ་རྩེད་འགྲན་ཚོགས་ཐོག་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༢༠༥ ཡི་རྩེད་འགྲན་པ་ ༡༡༡༧༨ མཉམ་ཞུགས་བྱས་ཡོད་འདུག
ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་ ༢༡ བར་བྷར་རྫིལ་(Brazil)གྱི་གྲོང་ཁྱེར་རེའོ་ (Rio) ཨོ་རྩེད་འགྲན་ཚོགས་འཚོགས་བཞིན་ཡོད་པ་དང་། ཐེངས་འདིའི་རྩེད་འགྲན་ནང་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ ༢༠༥ ཡི་ཁྱོན་རྩེད་འགྲན་པ་ ༡༡༡༧༨ དང་རྩེད་མོའི་རྣམ་གྲངས་ ༣༠༦ ཡོད་པ་དང་། ད་ལན་གྱི་རྩེད་འགྲན་ནང་གཞུང་འབྲེལ་མིན་པའི་རྩེད་འགྲན་རུ་ཁག་གཉིས་དང་དམིགས་བསལ་འཛམ་གླིང་སྐྱབས་བཅོལ་བའི་འཐུས་ཚབ་རྩེད་འགྲན་རུ་ཁག་གཅིག་བཅས་མཉམ་ཞུགས་བྱས་ཡོད་པ་དང་། རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྟེང་འཛམ་གླིང་སྐྱབས་བཅོལ་བའི་འཐུས་ཚབ་རྩེད་འགྲན་རུ་ཁག་མཉམ་ཞུགས་བྱས་པ་ཐོག་མ་དེ་ཆགས་ཡོད་པས་རྒྱལ་སྤྱིའི་ཐོག་དགའ་བསུ་ཆེན་པོ་བྱེད་ཀྱི་ཡོད་འདུག
ཡེ་ཤུ་རྣམ་དག་ཆོས་ལུགས་ཀྱི་བླ་ཆེན་ཕོབ་ཧྥ་རན་སི་ (Pope Francis) མཆོག་གིས། རྩེད་འགྲན་པ་ ༡༠ ལས་གྲུབ་པའི་འཛམ་གླིང་སྐྱབས་བཅོལ་བའི་འཐུས་ཚབ་རྩེད་འགྲན་རུ་ཁག་ལ་གསུང་འཕྲིན་ཞིག་གནང་སྟེ། སྐྱབས་བཅོལ་འཐུས་ཚབ་རྩེད་འགྲན་རུ་ཁག་རེའོ་ཨོ་རྩེད་འགྲན་ཚོགས་ཐོག་ཞུགས་པར་འཚམས་འདྲི་དང་སྦྲགས། ཁོང་ཚོར་རྒྱལ་ཁ་འཐོབ་ཐུབ་པའི་ཐུགས་རེ་ཡོད་ལ། ཐེངས་འདིའི་ཨོ་རྩེད་འགྲན་ཚོགས་ཐོག་ཞུགས་པ་བརྒྱུད་ཁོ་ཚོའི་བློ་སྤོབས་དང་ནུས་སྟོབས་གོང་སྤེལ་དང་། ཆིག་སྒྲིལ་དང་ཞི་བདེའི་འབོད་སྐུལ་སྒྲོག་ཐུབ་པའི་སྨོན་འདུན་ཡོད་སྐོར་སོགས་གསུངས་ཡོད་འདུག
ཨ་རིའི་སྲིད་འཛིན་ཨོ་བྷ་མས། འཛམ་གླིང་སྐྱབས་བཅོལ་བའི་འཐུས་ཚབ་རྩེད་འགྲན་ཚོགས་རུ་ཁག་གི་རྩེད་འགྲན་པ་ཚོ་རྒྱལ་ཁབ་གང་གི་ཡིན་མིན་དེ་གཙོ་བོ་མིན་པར། ཁོ་ཚོ་རེའོ་ཨོ་རྩེད་འགྲན་ཚོགས་སྟེང་ཞུགས་པ་དེས་ད་ལོའི་ཨོ་རྩེད་འགྲན་ཚོགས་དེ་དྲང་བདེན་ཡིན་པ་མཚོན་ཞིང་། ལྷོ་སུ་ཌན་དང་སི་རི་ཡ། ཁན་གྷོ་དང་ཨ་ཐོ་ཕེ་ཡ་རྒྱལ་ཁབ་གཙོས་པའི་འཛམ་གླིང་སྐྱབས་བཅོལ་བའི་འཐུས་ཚབ་རྩེད་འགྲན་རུ་ཁག་དེ་ཐོག་དང་པོར་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་སྟེང་མཉམ་ཞུགས་གནང་བར་དགའ་མགུ་ཡི་རངས་ཡོད་སྐོར་གསུངས་ཡོད་འདུག
རེའོ་ཨོ་རྩེད་འགྲན་ཚོགས་ཀྱི་འགྲན་སྡུར་རེའུ་མིག་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་གྱི་ས་གནས་ཀྱི་ཆུ་ཚོད་ ༢།༣༠ ཡས་མས་སུ། བོད་རིགས་འདུར་རྒྱུག་ལུས་རྩལ་བ་ཆོས་དབྱངས་སྐྱིད་ལགས་བུད་མེད་ཀྱི་སྤྱི་ལེ་ ༢༠ ཡི་འདུར་རྒྱུག་འགྲན་སྡུར་ནང་ཞུགས་རྒྱུ་དང་། བོད་རིགས་རྒྱང་རྒྱུག་ལུས་རྩལ་བ་སྟོབས་རྒྱས་ལགས་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་ས་གནས་ཀྱི་ཕྱི་དྲོའི་ཆུ་ཚོད་ ༦།༣༥ ཐོག་སྐྱེས་པའི་རྨིད་ ༥༠༠༠ གི་རྒྱང་རྒྱུག་ནང་ཞུགས་རྒྱུ་དང་། ཕྱི་ཚེས་ ༢༡ ཉིན་ས་གནས་ཀྱི་སྔ་དྲོའི་ཆུ་ཚོད་ ༦ པ་ཐོག་རྟིང་རྩོད་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་འདུག
གསར་འགོད་པ། པདྨ་རྒྱལ།
ད་ལོའི་འཛམ་གླིང་ཨོ་རྩེད་འགྲན་ཚོགས་ཐོག སྐྱབས་བཅོལ་བའི་རུ་ཁག་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་གསར་བ་ཞིག་བྱུང་ཡོད་མོད། བོད་མི་སྐྱབས་བཅོལ་བ་རྣམས་དེར་མཉམ་ཞུགས་མ་ཐུབ་པ་སྐུ་ཞབས་སློབ་བཟང་གི་འཐུས་ཤོར་ཆེན་པོ་རེད།