མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་མི་གཅིག་པ་ཡིན་སྙམ་པ་མ་གཏོགས་ཏཱ་ལའི་བླ་མ་ཡིན་སྙམ་པའི་བསམ་བློ་གཏོང་གི་མེད།

བོད་ཀྱི་དུས་བབ།
༢༠༡༦/༠༨/༠༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་ལ་དྭགས་ཁྲིག་སེ་དགོན་དུ་ནང་ཆོས་བགྲོ་གླིང་ཆེན་མོའི་དབྱར་ཆོས་དབུ་འཛུགས་གནང་བའི་སྟེང་༧གོང་ས་མཆོག་གིས་ལ་དྭགས་ཁུལ་གྱི་ཆོས་ལུགས་ཁག་གིས་མཐུན་ལམ་གནང་དགོས་པ་དང་། ལ་དྭགས་སློབ་གྲྭ་ཁག་ཏུ་ནང་པའི་ལྟ་གྲུབ་སློབ་གཉེར་དང་བགྲོ་གླེང་སོགས་ཀྱི་ཐོག་ཤུགས་སྐྱོན་དགོས་པའི་བཀའ་གནང་སོང་།

tibettimes-0

དེ་རིང་ཞོགས་པའི་ཆུ་ཚོད་ ༩།༠༠ སྟེང་། ལ་དྭགས་རྒྱལ་ས་སླེའི་ཉེ་འཁྲིས་ཀྱི་ཁྲིག་སེ་དགོན་ཚུལ་ཁྲིམས་རྣམ་དག་གླིང་གི་མདུན་ཐང་དུ། དེ་རིང་ཚེས་ ༩ ནས་ ༢༠ བར་གྱི་ལ་དྭགས་དབྱར་ཆོས་ཆེན་མོ་དབུ་འཛུགས་མཛད་སྒོ་ཚོགས་སོང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག འཇམ་དགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། གླིང་མཆོག་སྤྲུལ་རིན་པོ་ཆེ། ཁྲིག་སེ་རིན་པོ་ཆེ་མཆོག དེ་བཞིན། ལ་དྭགས་རང་སྐྱོང་ཡར་རྒྱས་ཚོགས་པའི་ཚོགས་གཙོ་བསོད་ནམས་ཟླ་བ་ལགས། ལ་དྭགས་དོན་རྩའི་བློན་པོ་ཚེ་རིང་རྡོ་རྗེ་ལགས། གཞན། ལ་དྭགས་ནང་ཚོགས་དང་ཁ་ཆེའི་ཆོས་དཔོན། དགོན་སྡེ་ཁག་གི་གྲྭ་བཙུན་དང་སེར་སྐྱ་མི་མང་ ༨༠༠༠ ལ་ཉེ་བ་འདུ་འཛོམས་གནང་སོང་།

མཛད་སྒོའི་སྟེང་ཁྲིག་སེ་དགོན་པའི་དགོན་བདག་རྗེ་བཙུན་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་མཆོག་གིས་མཎ་ཊལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་རྒྱ་གར་དང་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་། དེའི་རྗེས་ཁྲིག་སེ་ལྷ་སྡེ་མི་སྡེའི་ཡོངས་ནས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་དང་བསྟུན་ཏེ་བྱམས་བརྩེའི་གསེར་གྱི་གཟེངས་རྟགས་ཤིག་༧གོང་ས་མཆོག་ལ་ཕུལ་སོང་། ཐེངས་འདིའི་དབྱར་ཆོས་ཆེ་མོའི་སྟེང་བོད་པའི་གདན་ས་ཁག་དང་། ལ་དྭགས་ཁུལ་གྱི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཁག དེ་བཞིན། སློབ་གྲྭ་ཁག་བཅས་ཀྱི་དགེ་བཤེས་དང་མཁས་པ་ཚོས་ནང་ཆོས་སྐོར་ལ་བགྲོ་གླེང་གནང་རྒྱུ་ཡིན་འདུག

སྐབས་དེར་ཁྲིག་སེ་དགོན་པའི་དགོན་བདག་རྗེ་བཙུན་ངག་དབང་འཇམ་དབྱངས་བྱམས་པ་བསྟན་འཛིན་མཆོག་གིས་ད་ལོའི་དབྱར་ཆོས་ཆེན་མོ་ངོ་སྤྲོད་གནང་བ་ལྟར་ན། དེ་སྔོན་༧གོང་ས་མཆོག་གིས་ལ་དྭགས་སུ་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་མང་པོ་གདན་འཛོམས་པའི་ཆོས་ཀྱི་བགྲོ་གླེང་འཚོགས་རྒྱུ་གལ་ཆེན་པོ་ཡིན་ཚུལ་གསུངས་པ་ལྟར། ལོ་བཞིའི་སྒོང་ནས་མཁས་པའི་ནང་ཆོས་བགྲོ་གླེང་དེ་དབུ་འཛུགས་གནང་བ་དང་། ལོ་གསུམ་ཙམ་ནས་དབྱར་ཆོས་ཆེན་མོ་ཞེས་མིང་བཏགས་ཡོད་འདུག

རིན་པོ་ཆེ་མཆོག་གིས་གསུངས་དོན། “༧གོང་ས་མཆོག་ ༡༩༨༤ ལོར་ཁྲིག་སེ་མགོན་པའི་སྐུ་རྟེན་རབ་གནས་གནང་བར་ཕེབས་སྐབས། དོལ་རྒྱལ་མ་བསྟེན་ན་ལེགས་ཚུལ་དང་། དེའི་ཚབ་ཏུ་དཔལ་ལྡན་ལྷ་མོ་བསྟེན་ན་ཕན་རླབས་ཡོད་སྐོར་གསུངས་པ་ལྟར། བཀའ་གསུང་དང་ལེན་ཞུས་ཏེ་དོལ་རྒྱལ་བསྟེན་མཚམས་རྩ་བ་ནས་བཞག་པ་ཡིན། དེའི་རྗེས་ནས་དགོན་སྡེ་འདིའི་དགེ་འདུན་པ་རྣམས་ཐུགས་མཐུན་ཁྲིམས་གཙང་གི་བཀྲ་ཤིས་པའི་དགེ་མཚན་སྔར་མེད་པ་ཞིག་བྱུང་སོང་། མ་འོངས་པར་ཡང་༧གོང་ས་མཆོག་གིས་བཀའ་གང་དང་ཅི་བསྩལ་དང་ལེན་ལག་བསྟར་ཞུ་རྒྱུ་ཡིན་པའི་དམ་བཅའ་ཞུ་བཞིན་ཡོད།” ཅེས་གསུངས་སོང་།

tibettimesམཇུག་ཏུ་༧གོང་ས་མཆོག་གིས་མི་མང་ལ་གསུངས་བཤད་གནང་དོན། ང་ཚོ་འགྲོ་བ་མི་གཅིག་མཚུངས་ཆགས་ཡོད་པ་རེད། མི་རིགས་དང་ཆོས་ལུགས་མི་འདྲ་བ་ཡོད་ཀྱང་། ང་ཚོ་འདི་ལྟར་འཛོམས་ཡོང་གི་ཡོད་པ་དེ་མི་དང་མིའི་བརྩེ་བ་དང་། གྲོགས་པོའི་འདུ་ཤེས་ཤིག་གི་ཐོག་ནས་འཛོམས་ཡོང་གི་ཡོད་པ་རེད། ང་ཚོ་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་གྱུར་རེད། དེར་བརྟེན། སྡུག་བསྔལ་སེལ་ནས་བདེ་བ་བསྒྲུབ་རྒྱུའི་ལས་འགན་དང་ཐོབ་ཐང་ང་ཚོ་ཚང་མར་ཡོད་པ་རེད། གཞི་བརྟེན་དེའི་ཐོག་ནས་ང་ཚོ་མི་དང་མི་ཕན་ཚུན་བར་བརྩེ་བ་ཡོང་གི་ཡོད་པ་རེད།

འཛམ་གླིང་འདིའི་ཐོག་མིས་བཟོས་པའི་དཀའ་ངལ་མང་པོ་ཡོད་པ་རེད། དེ་དག་ང་ཚོས་མི་གཅིག་གྱུར་གྱི་འདུ་ཤེས་གལ་ཆེན་པོར་མ་བརྩིས་ཏེ། ནང་གསེས་མི་རིགས་མི་འདྲ་བ་དང་ཆོས་ལུགས་མི་འདྲ་བ། མཚོན་མདོག་མི་འདྲ་བ། རྒྱལ་ཁབ་དང་ལམ་ལུགས་མི་འདྲ་བ། དབུལ་ཕྱུག་མི་འདྲ་བ། ཤེས་ཡོན་ཅན་དང་ཤེས་ཡོན་མེད་མཁན། རིགས་རུས་ཡག་བཙོག་སོགས་གལ་ཆེན་པོར་བརྩིས་པའི་དབང་གིས་རྙོག་དྲ་མང་པོ་ཡོང་གི་ཡོད་པ་རེད། ང་ཚོ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་བཟུང་བ་ཡིན་ན་རྙོག་དྲ་དེ་དག་སེལ་ཐུབ་ཀྱི་ཡོད་པ་རེད། ང་འཛམ་གླིང་གི་རྒྱལ་ཁབ་དང་ལུང་པ་འདྲ་མིན་ནང་འགྲོ་བཞིན་ཡོད་པ་དང་མི་འདྲ་མིན་ལ་ཐུག་གི་ཡོད་པ་རེད། གང་ཞིག་ཏུ་ཕྱིན་ན། སུ་ཞིག་ལ་ཐུག་ན། ང་མི་གཅིག་པ་ཡིན་བསམ་པའི་ཀུན་སློང་འཁྱེར་གྱི་ཡོད་མ་གཏོགས་ང་ནང་པ་ཡིན། ང་བོད་པ་ཡིན། ང་སྐྱབས་མགོན་ཏཱ་ལའི་བླ་མ་ཡིན་བསམ་པ་ཁྱོན་ནས་བསམ་བློ་གཏོང་གི་མེད། མི་གཅིག་པ་ཡིན་བསམ་པའི་ཐོག་ནས་སྐད་ཆ་བཤད་ནས་འགྲོ་བཞིན་ཡོད།

ད་ལྟ་འཛམ་གླིང་གི་རང་བྱུང་འབྱུང་བའི་གནོད་པ་ཆེ་རུ་འགྲོ་བཞིན་འདུག་ལ། མ་འོངས་པར་ཡང་ད་དུང་ཆེ་རུ་འགྲོ་རྒྱུ་རེད། རང་བྱུང་འབྱུང་བའི་གནོད་པ་དེ་ཙམ་ཞིག་ཡོད་བཞིན་པའི་སྟེང་ལ། ད་དུང་མིས་དང་དུ་བླངས་པའི་ཐོག་ནས་རྙོག་དྲ་སྣ་ཚོགས་བཟོས་ན་ཕན་ཐོགས་ག་རེ་འདུག མི་དུད་འགྲོ་བཞིན་བསམ་བློ་མེད་ན་གནས་ཚུལ་ཐ་དད་རེད། དུད་འགྲོ་ལྟར་མིན་པར་འཕྲལ་ཕུགས་རྒྱང་གསུམ་གྱི་བསམ་བློ་འཁོར་མཁན་ཞིག་ཡིན་ན། ད་ནི་ང་ཚོ་མིས་བཟོས་པའི་རྙོག་དྲ་མི་ཡོང་བ་ཞིག་བྱེད་དགོས་སྙམ་པའི་བསམ་བློ་ཚང་མས་གཏོང་དགོས་པ་རེད། འཛམ་གླིང་སྤྱི་ལ་ཕན་པ་དང་སྐྱིད་པོ་ཡོང་དགོས་པར་འདོད་ན། ཐོག་མ་སོ་སོའི་ཉེ་འཁོར་ལ་འཆམ་པོ་མཐུན་པོ་དང་། སོ་སོའི་ཉེ་འཁོར་ལ་བདེན་པ་དང་དྲང་མོ། ཞི་བདེ་བག་ཕེབས་ཡོང་བ་ཞིག་བཟོས་དང་། དེ་ནས་ཁྱིམ་མཚེས་དང་སྤྱི་ཚོགས། ཡུལ་ལུང་དང་རྒྱལ་ཁབ་བྱས་ཏེ་འཛམ་གླིང་སྤྱི་ལ་ཞི་བདེ་ཡོང་གི་རེད།

འཛམ་གླིང་ཐོག་ཐབས་སྐྱོ་བ་ཞིག་ལ། རྙོག་དྲ་འབྱུང་ས་ཞིག་ཆོས་དད་མི་འདྲ་བའི་ཐོག་ནས་ཡོང་གི་འདུག དེ་ཧ་ཅང་སེམས་སྐྱོ་དགོས་པ་ཞིག་རེད། བྱམས་པ་དང་བརྩེ་བའི་བསླབ་བྱའི་འབྱུང་ཁུངས་སུ་བརྩི་བའི་ཆོས་བརྒྱུད་དེ་ཆགས་སྡང་འཕེལ་བའི་གཞི་རྩ་ཞིག་ཆགས་པ་ཡིན་ན་སྨན་དུག་ཏུ་གྱུར་པ་དང་གཅིག་པ་རེད། ངས་འདས་པའི་ལོ་མང་རིང་ཆོས་ལུགས་མཐུན་བསྒྲིལ་ཐོག་འབད་བརྩོན་བྱེད་ཀྱིན་ཡོད། དེས་ཕན་ཐོགས་གང་ལ་གང་འཚམ་ཡོང་གི་ཡོད་པ་ཞིག་མཐོང་སོང་། ངས་ཆོས་ལུགས་ཚང་མར་བརྩི་བཀུར་ཞུ་བཞིན་ཡོད། ཆོས་ལུགས་ཚང་མས་མི་ལ་ཕན་ཐོགས་ཀྱི་ཡོད་པ་རེད། ལྟ་གྲུབ་མི་འདྲ་བ་ཡིན་ཡང་བྱམས་པ་དང་བརྩེ་བའི་བསླབ་བྱ་དེས་མི་ལ་ཕན་ཐོགས་ཀྱི་ཡོད་པ་རེད། ཐེངས་ཤིག་ངས་ཨོ་སི་ཊོ་ལི་ཡར་སྐད་ཆ་བཤད་སྐབས། ཡེ་ཤེས་བླ་མ་ཞིག་གིས་ང་ངོ་སྤྲོད་གང་སྐབས། ང་ཡེ་ཤེས་པ་ཡག་པོ་ཞིག་ལ་བརྩི་བཞིན་ཡོད་གསུངས་སོང་། རྗེས་ལ་ངས་སྐད་ཆ་བཤད་སྐབས་ཁོ་རང་ནང་པ་ཡག་པོ་ཞིག་ལ་ངོས་འཛིན་བཞིན་ཡོད་ཞུས་པ་ཡིན། གང་ལྟར་ང་ཚོའི་ཉམས་ལེན་གཅིག་པ་ཆགས་ཀྱི་ཡོད་པ་རེད། ལ་དྭགས་ལ་མཚོན་ན་ནང་པ་དང་། ཁ་ཆེའི་བར་འབྲེལ་བ་ཡག་པོ་འདུག ཁ་ཆེའི་ནང་ལོགས་སུའང་ཤི་ཡཱ་དང་སོའོ་ནེ་འབྲེལ་བ་ཡག་པོ་ཡོད་པ་ཞིག་མཐོང་སོང་། དེ་འཛམ་གླིང་སྤྱི་ལ་མིག་དཔེ་སྟོན་ཐུབ་པའི་ནོར་བུ་རེད། དེ་ལ་བདག་པོ་ཡག་པོ་རྒྱག་རོགས། ག་ལེར་ནོར་བུའི་འོད་ཟེར་འཕྲོས་ཏེ་རྒྱ་གར་ཡོངས་དང་། དེ་ནས་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ་ང་ཚོ་ཚང་མའི་ལས་འགན་རེད། ཁྱེད་རང་ཚོས་ལ་དྭགས་གཅིག་པུར་བསམ་བློ་བཏང་ནས་མི་སྡོད་པར་བསམ་བློ་རྒྱ་ཆེན་པོ་གཏོང་རོགས།

སློབ་དཔོན་དབྱུག་གཉེན་གྱིས་སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱས་པ་སྨྲ་བྱེད་པ། །སྒྲུབ་པར་བྱེད་པ་ཁོ་ཡིན། ། ཞེས་གསུངས་ཡོད་པ་རེད། སངས་རྒྱས་བསྟན་པ་ཟེར་བ་དེ་ལྷ་ཁང་རྫིག་པོ་དང་སྐུ་རྫིག་པོའི་སྐད་ཆ་མ་རེད། ཐོས་བསམ་སློབ་གཉེར་ཡག་པོ་བྱས་ཏེ་ནང་གཤིས་རྒྱུད་ཡག་པོ་ཡོད་པ་དེ་ལུང་གི་བསྟན་པ་རེད། དེ་ལག་ལེན་དང་ཉམས་ལེན་བྱས་ནས་ལུས་ངག་ཡིད་གསུམ་གྱི་སྤྱོད་ལམ་ཞི་ཞིང་དུལ་བ་དེ་འདྲ་ཞིག་ལ་རྟོགས་པའི་བསྟན་པ་ཟེར་ཆོག་གི་རེད། མང་པོ་ཞིག་གིས་སངས་རྒྱས་བསྟན་པ་རྒྱས་བར་ཤོག་ཟེར་གྱི་ཡོད་ཀྱང་། བསྟན་པ་ངོ་མ་གང་ཡིན་པ་ངོས་ཟིན་གྱི་མི་འདུག

tibettimes-1དེ་རིང་འདིར་ས་གནས་ལ་དྭགས་ཀྱི་ཆབ་སྲིད་མི་སྣ་དང་། ཁ་ཆེ་ཤི་ཡཱ་དང་སོའོ་ནེ་ཆོས་ལུགས་མི་སྣ་ཚོས་ཁ་ཙམ་མ་ཡིན་པར་སེམས་པའི་གཏིང་ནས་ཚོར་བ་ཡོད་པའི་ཐོག་ནས་གསུང་བཤད་གནང་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན། ཁྲི་ཆེན་རིན་པོ་ཆེ་མཆོག་གི་མདུན་ནས་ངས་གསུང་ཆོས་མང་པོ་ཞུས་པ་རེད། དགེ་སློང་འདུལ་བ་འཛིན་པ་མཁས་གྲུབ་གཉིས་ལྡན་བསམ་གྱིས་མི་ཁྱབ་པ་རེད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྔོན་མ་བཀའ་གདམ་པའི་དགེ་བཤེས་མངོན་ཤེས་ཡོད་མཁན་ཞིག་དགོན་པ་ཞིག་ཏུ་མཆོད་མཇལ་ལ་ཕེབས་སྐབས། དགོན་པ་དེའི་ནང་གི་དགེ་བཤེས་ཤིག་ཞལ་མར་གཟིགས་ཏེ་བསྡད་ཡོད་པའི་རྒྱུད་དུ་སྐྱབས་འགྲོ་རྣམ་དག་ཅིག་མེད་པ་མངོན་ཤེས་ཀྱིས་གཟིགས་པ་རེད། དེ་ནས་དགེ་བཤེས་དེས། གནད་དོན་གཞན་ཕར་ཞོག་ད་དུང་ནང་པ་སངས་རྒྱས་པའི་གྲས་སུ་མ་ཚུད་པའང་གཅིག་འདུག་ཨང་གསུངས་པ་རེད། དེ་བཞིན། ང་ལ་མངོན་ཤེས་མེད་པ་སྟབས་ཡག་པ་རེད་མ་གཏོགས། ང་ལ་མངོན་ཤེས་ཡོད་ན། དེ་རིང་འདིར་ཁྱེད་རང་ཚོའི་ནང་དུའང་ཁ་ཤས་ལ་ཞུས་དང་མ་ཞུས་མི་འདུག་གསུང་དགོས་ཐུག་མི་སྲིད་པ་མ་རེད། སྐུ་རྩེད་དང་སྦྲགས།

མདོར་བསྡུས་ན། ལུང་གི་བསྟན་པ་བསླབ་པ་གསུམ། རྟོགས་པའི་བསྟན་པ་སྡེ་སྣོད་གསུམ་རེད། སྡེ་སྣོད་གསུམ་ལ་སློབ་སྦྱོང་བྱས་ཏེ་བསླབ་པ་གསུམ་གྱི་ཉམས་ལེན་ཇི་ལྟར་བྱ་དགོས་པ་ཤེས་པར་བྱས་ན་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱིན་ཡོད་པ་རེད། དེར་བརྟེན། ཁྱེད་རང་ཚོ་ལ་དྭགས་པ་ཚོས་ནང་ཆོས་ལ་སློབ་སྦྱོང་བྱ་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། སྐྱབས་སུ་མཆི། ཕྱག་འཚལ་ལོ་ལབ་བསྡད་པས་ཕན་གྱི་མ་རེད།

མ་འོངས་པའི་མི་རབས་གསར་པ་དེ་སངས་རྒྱས་པའི་ཆོས་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཆ་ཚང་ཤེས་པའི་ཐོག་ནས་ཤེས་རབ་ཀྱི་གྲོགས་དང་བཅས་པའི་དད་པ་དང་། ཤེས་རབ་ཀྱི་གྲོགས་དང་བཅས་པའི་སྙིང་རྗེ་ཡོད་མཁན་གྱི་སྤྱི་ཚོགས་ཤིག་ཡོང་རྒྱུར་འབད་བརྩོན་བྱེད་དགོས་པ་རེད། དེ་ལ་གསུང་ཆོས་ཚར་གཅིག་ཉན་པས་ཕན་གྱི་མ་རེད། སློབ་གྲྭའི་ནང་དུ་སློབ་སྦྱོང་བྱེད་དགོས་པ་རེད།

དེ་སྔ་བོད་པ་བཙན་བྱོལ་བའི་སློབ་གྲྭ་ཁག་གི་ནང་ཆོས་དགེ་རྒན་ལ་ཆོས་དགེ་ཞུ་བཞིན་འདུག བར་སྐབས་ཤིག་ལ་ངས་མིང་དེ་ལ་འགྱུར་བ་ཞིག་བཏང་སྟེ། ལྟ་གྲུབ་སློབ་དཔོན་ལབ་ན་གང་འདྲ་འདུག་ཞུས་པ་ཡིན། སངས་རྒྱས་པའི་ཆོས་སློབ་ཁྲིད་བྱེད་སྐབས་ལྟ་གྲུབ་དང་འབྲེལ་ནས་བཤད་དགོས་པ་རེད། སྤྱོད་པ་འཚེ་བ་མེད་པ་ཆོས་ལུགས་ཚང་མའི་ནང་ཡོད་པ་རེད། ལྟ་བ་རྟེན་འབྱུང་གི་ཐོག་ནས་ཐུན་མོང་མ་ཡིན་པའི་སངས་རྒྱས་ཀྱི་ཆོས་དེ་ངོ་སྤྲོད་དགོས། ལྟ་བ་རྟེན་འབྱུང་ལས་བདག་མེད་པ་བཤད་ཀྱི་ཡོད། དེ་ལ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བ། སེམས་ཙམ་པ། དབུ་མ་བ་ཞེས་བདག་མེད་པའི་གོ་བ་ཕྲ་ནས་ཕྲ་རུ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན། སློབ་གྲྭ་ཁག་ཏུ་ནང་ཆོས་སློབ་ཁྲིད་བྱེད་མཁན་དེ་ལྟ་གྲུབ་སློབ་མཁན་ཆགས་ཡོད་པ་རེད། ངས་དེ་ལྟར་ཤེས་རིག་ལས་ཁུངས་ལ་བསམ་འཆར་ཞུས་ཏེ། རྗེས་ལ་ཁོ་རང་ཚོས་དེ་ཡག་པོ་འདུག་གསུངས་ཏེ། ད་ལྟ་ང་ཚོས་ལྟ་གྲུབ་སློབ་དཔོན་ཟེར་གྱི་ཡོད། ཁྱེད་རང་ལ་དྭགས་པ་ཚོས་ཀྱང་སློབ་གྲྭ་ཁག་ནང་ཞལ་འདོན་སློབ་བསྡད་པ་དེ་འདྲ་མ་ཡིན་པར། ནང་ཆོས་ངོ་སྤྲོད་གནང་བའི་ཐོག་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དེ་རིགས་པའི་ལམ་ནས་བཤད་དགོས།

ལ་དྭགས་དབྱར་ཆོས་ཆེན་མོ་ ༢༠༡༤ ལོར་ཀླུ་འཁྱིལ་དགོན་པ་དང་། ༢༠༡༥ ལོར་སྤུས་ཐུབ་དགོན་པ། ད་ལོར་ཁྲིག་སེ་དགོན་པ་བཅས་སུ་བཙུགས་ཡོད་འདུག

ལ་དྭགས་རྒྱལ་ས་སླེ་ནས་གསར་འགོད་པ་དོན་འགྲུབ་བཀྲ་ཤིས་ཀྱིས་སྤེལ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༦ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༧ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese