རྒྱ་ནག་གི་མི་རབས་དུ་མ་ཞིག་གཞུང་གི་བོད་མི་ཚོ་ཞིང་བྲན་ལམ་ལུགས་འོག་ནས་བཅིངས་འགྲོལ་བཏང་ཚུལ་ དང་། བོད་མི་རྣམས་རྒྱ་ནག་ལ་དགའ་མོ ས་ཆེ་ཚུལ་ཁོ་ན་རྗོད་ཀྱི་ཡོད་མོད། འོན་ཀྱང་། བོད་མི་ཚོས་རང་ལུས་མེར་སྲེག་གཙོས་རྣམ་པ་འདྲ་མིན་ཐོ ག་ནས་མུ་མཐུད་རྒྱ་ནག་ལ་ངོ་རྒོལ་བྱེད་བཞིན་པ་རེད། ད་ཐེངས་རྒྱ་རིགས་ལ་སྐྱེས་པའི་བུ ད་མེད་རྩོམ་པ་པོ་ཇཱིང་ལིན་ལིང་ (Jianglin Li)གི་ “དཀའ་སྡུག་འོག་གི་བོད། ༡༩༥༩ ལོའི་ལྷ་ས།” (Tibet in Agony: Lhasa 1959) ཞེས་པའི་དཔེ་དེབ་དེ་ཧ་ཝར་ཌི་དཔེ ་སྐྲུན་ཁང་ནས་འབྱུང་འགྱུར་ཟླ་བ་ ༡༠ པའི་ནང་དཔར་སྐྲུན་བྱ་རྒྱུ་ཡིན་པ་དང་། དེབ་དེའི་ནང་རྩོམ་པ་པོས་ལོ་རབས་ལྔ་བཅུའི་ནང་བོད་མི་ཚོས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་ཡར་ལངས་བྱས་རྐྱེན་དང་། མཐར་ ༡༩༥༩ ལོའི་ཟླ་བ་ ༣ པར་མི་མང་ བཅིངས་འགྲོལ་དམག་གིས་ལྷ་སར་བཙན་བཟུང་བྱས་རྗེས་ཏཱ་ལའི་བླ་མ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་བའི་སྐོར་སོགས་གཤམ་གྱི་བཅར་འདྲིའི་ལས་ཚན་དེས་འགྲེལ་བརྗོད་བྱས་འདུག
དྲི་བ། ཁྱེད་རང་གིས་ཕྱི་ལོ་ ༡༩༥༩ ལོར་ལྷ་སའི་དོན་རྐྱེན་དང་ཕྱི་ལོ་ ༡༩༨༩ ལོའི་པེ་ཅིན་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་གྱི་དོན་རྐྱེན་གཉིས་ལ་དམག་དཔུང་གིས་དྲག་གནོན་བྱས་པ་སོགས་འདྲ་བའི་སྐོར་བརྗོད་འདུག
ལན། རྒྱ་གཞུང་ནས་ཕྱི་ལོ་ ༡༩༥༩ ལོའི་ལྷ་སར་དྲག་གནོན་སྤེལ་བ་དེ་ཕྱི་ལོགས་ཀྱི་འཛམ་གླིང་ལ་ཁ་འགེབ་ཐུབ་ཡོད་ཀྱང་། དོན་རྐྱེན་དེ་གཉིས་ལ་འདྲ་བའི་ཆ་ཤུགས་ཆེན་ལྡན་ཡོད། དོན་རྐྱེན་དེ་གཉིས་ཀར་རྒྱ་ནག་དམར་ཤོག་གཞུང་ནས་དམག་ཤུགས་སྤྱད་དེ་མི་མང་གི་སྒེར་ལངས་ལ་བཙན་བཀའ་བཏང་ཡོད་པ་གཅིག་མཚུངས་དང་། གཉིས་ཀར་ཉམ་ཆུང་མི་སེར་མང་པོ་སྡེབ་གསོད་བྱས་ཡོད། ཡིན་ཡང་ལྷ་སའི་བཙན་གནོན་དེར་མི་འདྲ་བ་ཞིག་ཡོད་པ་ནི་བོད་མི་ཚོས་བཙན་གནོན་པ་དེ་ནི་ཕྱི་རྒྱལ་བཙན་འཛུལ་པ་ཞིག་ཏུ་མཐོང་པ་དེ་རེད། བོད་རིགས་ཚོ་དྲག་པོའི་སྟོབས་ཤུགས་སྤྱད་དེ་དབང་བསྒྱུར་བྱས་པ་རེད། བོད་རིགས་ཚོས་ད་དུང་ཡང་ངོ་རྒོལ་མཚམས་འཇོག་བྱས་མེད་པ་རེད།
དྲི་བ། ཕྱི་ལོ་ ༡༩༥༩ ལོར་ཡང་སྙིང་ཅི་ཞིག་བྱུང་བ་རེད་དམ།
ལན། ང་དགུའི་དོན་རྐྱེན་དེ་ནི་ཟླ་བ་གསུམ་པའི་ཚེས་པ་བཅུའི་ཞོགས་པར་བོད་མི་སྟོང་ཕྲག་འགའ་ཤས་ནོར་གླིང་ཕོ་བྲང་གི་མདུན་དུ་ཏཱ་ལའི་བླ་མ་བསྐོར་སྲུང་ཆེད་འདུ་འཛོམས་བྱས་པ་དང་འབྲེལ་བ་ཡོད། ཏཱ་ལའི་བླ་མ་མཆོག་ནས་མི་དམངས་བཅིངས་འགྲོལ་དམག་གི་ཟློས་གར་ལ་གཟིགས་མོའི་མགྲོན་ཤོག་ལ་ཞལ་བཞེས་གནང་ཟིན་ཞིང་། སྐབས་དེར་ལྷ་སའི་མི་སེར་ཚོས་མགྲོན་ཤོག་དེ་ནི་རྒྱ་ནག་གི་ཏཱ་ལའི་བླ་མ་བཙན་འཁྲིད་ཀྱི་ཐབས་ལམ་ཞིག་དང་མི་མང་ལ་ཁ་ལོ་བསྒྱུར་བའི་ལྐོག་གཡོ་ངན་བྱུས་ཤིག་ཏུ་རློམ་གྱི་ཡོད་པ་རེད། ཏཱ་ལའི་བླ་མ་མཆོག་ནས་ཟློས་གར་གྱི་མགྲོན་ཤོག་ཕྱིར་སློག་བྱས་རྗེས་སུ་ཡང་མི་སེར་ཚོས་ཁོང་གི་བདེ་འཇགས་ཀྱི་ཆེད་མུ་མཐུད་བསྐོར་སྲུང་བྱས་ནས་བསྡད་པ་རེད། ངོ་རྒོལ་རྔམ་སྟོན་པ་ཚོས་རྒྱ་ནག་གི་དབང་འཛིན་ལ་མི་དགའ་བའི་རྣམ་པ་ཤུགས་ཆེན་བསྟན་པས་རྒྱ་ཕྱོགས་ནས་ངོ་ལོག་ཟིང་འཁྲུག་གི་ཉེས་མིང་འོག་དྲག་གནོན་བྱས་པ་རེད། ཟིང་འཁྲུག་ལངས་ནས་གཟའ་འཁོར་གཅིག་ཕྱིན་རྗེས་ཏཱ་ལའི་བླ་མ་གསང་སྟབས་ཀྱིས་བྲོས་བྱོལ་ལ་ཕྱིན་པ་དང་། གསུམ་པའི་ཚེས་ཉི་ཤུ་ལ་རྒྱ་དམག་ནས་ལྷ་སར་དངོས་སུ་དྲག་གནོན་བྱས་པ་རེད། ལྷ་ས་ལ་ཉིན་ཤས་ནང་བཙན་གནོན་ཐུབ་པ་དང་མི་སེར་དང་གནའ་བོའི་ཤུལ་བཤག་བགྲང་ལས་འདས་པ་རྩ་བརླག་བཏང་རྗེས་རྒྱ་ནག་ནས་ད་གཟོད་བོད་ས་ཡོངས་རྫོགས་ལ་དྲག་པོའི་དབང་བསྒྱུར་བྱས་མགོ་བཙུགས་པ་རེད།
དྲི་བ། ༧ཏཱ་ལའི་བླ་མ་མཆོག་རྒྱ་གར་ལ་བྲོས་བྱོལ་དུ་འགྲོ་དོན་ག་རེ་ཡིན་ནམ།
ལན། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ཉམ་ཆུང་མི་སེར་མང་པོ་དམར་གསོད་ལས་གཡོལ་ཐབས་བྱས་པ་ཞིག་རེད། ཏཱ་ལའི་བླ་མ་ནས་རང་གི་བཞུགས་སྒར་བསྐྱུར་སྟེ་ཕེབས་པ་ཡིན་ན་མང་ཚོགས་འདུ་འཛོམ་དེ་རང་སོར་ཁ་ཐོར་དུ་འགྲོ་བ་དང་སྟབས་བསྟུན་རྒྱ་དམག་གི་དྲག་གནོན་ལས་གཡོལ་ཐབས་བཙལ་བ་ཞིག་རེད། བློ་ཕམ་པ་ཞིག་ལ་ཁོང་གི་བྲོས་བྱོལ་རྗེས་ལ་ཡང་དམར་གསོད་དེ་བཀག་འགོག་བྱས་མ་ཐུབ་པ་རེད། དེ་ནི་མའོ་ཙེ་ཏུང་གིས་དམག་མི་ བསྡུ་རུབ་ཀྱིས་མཐའ་མའི་འཇིགས་སྐུལ་ཞིག་ལ་གྲ་སྒྲིག་སྔ་ས་ནས་བྱས་ཟིན་པས་རེད།
དང་ཐོག་ཏཱ་ལའི་བླ་མས་ལྷ་ས་ནས་བྲོས་བྱོལ་བྱས་སྐབས་རྒྱ་གར་ལ་འགྲོ་རྒྱུའི་འཆར་གཞི་མེད་པ་རེད། ཏཱ་ལའི་བླ་མས་ཞི་མོལ་ཐོག་ནས་གནས་དོན་ཐག་གཅོད་ཡོང་བ་བྱས་ཏེ། ལྷ་སར་ཕྱིར་ལོག་བྱ་འདོད་ཡོད་མོད། ཡིན་ཡང་ལྷ་སར་དྲག་གནོན་བྱས་པ་ཐོས་རྗེས་ཞི་མོལ་བྱ་ཐབས་མེད་པར་འགྱུར་བ་རེད།
དྲི་བ། བོད་མི་ཚོས་ཏཱ་ལའི་བླ་མ་མཆོག་བཙན་འཁྲིད་ཡོང་བའི་ཞེད་སྣང་བྱས་དོན་ག་རེ་ཡིན་ནམ།
ལན། བོད་མི་དག་ལ་མཚོན་ན་ཁོང་ནི་རྩ་ཆེན་ནོར་བུ་ཞིག་དང་ཁོང་གི་བདེ་འཇགས་ཆེད་ཡོད་ཚད་བློས་གཏོང་སྲིད་པ་བསྙོན་མེད་རེད། ཕྱི་ལོ་ ༡༩༥༤ ལོར་ཏཱ་ལའི་བླ་མ་མཆོག་པེ་ཅིན་དུ་མའོ་ཙེ་ཏུང་ཐུག་འཕྲད་དུ་ཕེབས་སྐབས་སུ་ཡང་མི་མང་གིས་རྔམ་སྟོན་བྱེད་བཞིན་པའི་སྒང་རེད། མཐར་ཕྱི་ལོ་ ༡༩༥༩ ལོར་དཀའ་རྙོག་ཇེ་ཆེར་འགྱུར་པ་དང་བོད་མི་ཚོས་ཟློས་གར་གཟིགས་འབུལ་དེ་ནི་ཁ་གཡར་ས་ཞིག་ཏུ་མཐོང་བར་རྒྱུ་མཚན་ངེས་ཅན་ལྡན་ཡོད། ཟིང་འཁྲུག་དངོས་དེ་ནི་རྒྱ་ནག་གི་ཞིང་ཆེན་ཡུ་ནན་དང་སི་ཁྲོན་མཚོ་སྔོན་ཀན་སུའུ་བཅས་ཀྱི་ས་འབྲེལ་བོད་རིགས་མི་འབོར་བརྒྱ་ཆ་ ༦༠ ཙམ་ཡོད་པའི་ས་ཁུལ་དག་ལ་སྔར་ནས་ལངས་ཟིན་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་ལོ་རབས་ལྔ་བཅུའི་མཇུག་གི་ལོ་ལྔ་དེར་བོད་ཀྱི་འབྲོག་པ་དང་ཞིང་པ་ཚོར་བཙན་ཤེད་ཐོག་མཉམ་འབྲེལ་གྱི་ལས་གཞི་མགོ་བརྩམས་པའི་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཏུ་གྱུར་ཡོད། ངོ་ལོག་དང་དཀའ་རྙོག་རིམ་པས་ཇེ་མང་དུ་ཕྱིན་སྐབས་དམར་ཤོག་ཚོགས་པས་དྲག་གནོན་ཁོ་ནས་ཡ་ལན་བྱས་པས་བོད་མི་ཚད་ལས་འདས་པ་དམར་གསོད་བྱས་པ་རེད། བོད་མི་བྲོས་བྱོལ་འགྲོ་མཁན་གློ་བུར་དུ་ཇེ་མང་ལ་ཕྱིན་པ་དང་ལྷ་སར་སྐྱི་གཡའ་བའི་དྲག་གནོན་བྱས་པའི་གསར་འགྱུར་རིམ་པས་ཁྱབ་གདལ་དུ་ཕྱིན་པ་རེད། གནས་ཚུལ་ཚབས་ཆེ་ཤོས་ཤིག་ནི་སི་ཁྲོན་དང་མཚོ་སྔོན་ས་ཁུལ་གྱི་བོད་རིགས་དཔོན་པོ་དག་གར་སོང་ཆ་མེད་ དུ་འགྱུར་པ་དེ་རེད། བོད་ཀྱི་བླ་སྤྲུལ་དང་དཔོན་པོ་སོགས་མི་མང་ལ་ཤུགས་རྐྱེན་སྤྲོད་ཐུབ་པའི་མི་སྣ་དག་རྒྱ་གཞུང་གིས་གསོལ་སྟོན་དང་གཟིགས་མོ། སློབ་འཁྲིད་འཛིན་གྲྭ་སོགས་ལ་མགྲོན་འབོད་བྱས་རྗེས་ཕྱིར་ལོག་མ་ཐུབ་པའི་གནས་ཚུལ་མང་ནས་མང་དུ་འགྲོ་བཞིན་པ་དེ་ནི། དམར་ཤོག་ཚོགས་པའི་སྲིད་བྱུས་ངན་པ་ཤིག་ཡིན་པ་ཚང་མས་ཤེས་གསལ་རེད། ལྷ་སའི་མི་སེར་ཚོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཡང་དེ་དང་མཚུངས་པའི་ཉེན་ཁ་ཡོང་སྲིད་སྙམ་པ་རེད།
དྲི་བ། ཁྱེད་རང་གིས་རྒྱ་ནག་གི་ཞིང་ཆེན་འོག་གི་བོད་མི་དམར་གསོད་བྱས་པའི་ཡིག་ཆ་བསྡུ་རུབ་བྱས་ཡོད་པ་དེའི་སྐོར་གསུང་རོགས།
ལན། ཕྱི་ལོ་ ༢༠༡༢ ལོར་རྒྱ་གར་དུ་ཡོད་པའི་སྐྱབས་བཅོལ་བོད་མི་རྒན་རབས་ཤིག་གིས་བཤད་པ་ལྟར་ང་རང་མཚོ་སྔོན་གྱི་ས་ཁུག་ཅིག་ལ་མྱུལ་ཞིབ་ཆེད་དུ་ཕྱིན་པ་ཡིན། ཁོང་གིས། “ལོ་ཞིག་ལ་ས་དེར་ཆུ་ལོག་ཆེན་པོ་ཞིག་བྱུང་བ་དང་མིའི་ཀེང་རུས་མང་པོ་གྲོག་ཤུར་དེར་སྤུར་ཡོང་ནས་རྨ་ཆུ་ཕལ་ཆེན་ཁེངས་སོང་།” ཞེས་ཕྱིར་དྲན་སྒང་ང་ལ་བཤད་བྱུང་། ཁོང་གིས་འགྲེལ་བརྗོད་བྱས་པ་ལ་གཞིགས་ཏེ། ད་གཟོད་ངས་ས་ཆ་དེ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རི་འདབས་སུ་ཡོད་པའི་འབྲོང་མཐིལ་གྲོག་ཤུར་ཡིན་པ་ཤེས་བྱུང་། ངས་དེ་སྔ་རྒྱ་ཡི་ཡིག་གི་ཆ་འགའི་ནང་ཕྱི་ལོ་ ༡༩༥༨ དང་ ༡༩༥༩ ལ་རྒྱ་ཡི་ས་དེར་དམག་དོན་དྲག་པོ་སྤེལ་ཡོད་པ་བཀླགས་མྱོང་། སྐབས་དེར་བོད་མི་ཁྱོན་ ༡༠༠༠༠ ལྷག་རང་གི་ཁྱིམ་ཚང་དང་ནོར་ཕྱུགས་ཚང་མ་འདེད་དེ་ས་དེའི་རི་ཁྲོད་ལ་ཉེན་གཡོལ་ཆེད་འགྲོ་མྱོང་འདུག འབྲོང་མཐིལ་གྲོག་ཤུར་ལ་རྒྱ་ཡིས་དམག་ཤོག་དྲུག་སླེབས་པ་དང་། དེ་དག་ནི་རྟ་དམག་དང་རྐང་དམག མེ་སྒྱོགས་རུ་ཁག་དང་ད་དུང་བོད་མི་ཚོས་རྣ་བའི་ཡུལ་ལ་མེད་པའི་ཀི་ལོ་གྷི་རམ་ ༡༠༠ ཡི་འབར་རྫས་ཅན་གྱི་གནམ་དམག་སོགས་ཀྱིས་དཔུང་འཇུག་བྱས་པ་རེད། མཚོན་ཆ་ཐོགས་པའི་བོད་མི་ཉུང་ངུ་ དེའི་ནང་འབྲོག་པའི་ཁྱིམ་ཚང་ཞིག་གི་མགོ་པས་རང་གི་ཕྱུགས་སྲུང་སྐྱོབ་ཆེད་ཉར་བའི་མེ་མདས་ཡ་ལན་བྱས་ ཡོད་འདུག་མོད། ཁོང་ཚོས་རྒྱ་ཡི་དོ་ཡ་མ་ཡོང་བས་བོད་མི་ ༨༠༠༠ ལྷག་ངོ་ལོག་ཟིང་འཁྲུག་པའི་ཉེས་མིང་འོག་དམར་གསོད་དང་། གཞན་པ་དག་ལ་རྨས་སྐྱོན་དང་བཙན་བཟུང་བྱས་ཡོད་འདུག ངས་གྲོག་ཤུར་དེ་དངོས་སུ་རིག་མ་ཐག་ལོ་རྒྱུས་དེ་ནི་དོན་དངོས་ཤིག་ཡིན་པར་ཡིད་ཆེས་སོང་། གཙང་པོ་ཞིག་གྲོག་ཤུར་གྱི་འདབས་དེ་ནས་རྨ་ཆུ་དང་འབྲེལ་འགྲོ་གི་འདུག ས་ཁུག་འདི་འདྲར་རྒྱ་དམག་ལ་རྒྱལ་ཁ་སྟབས་བདེ་ངང་ཐོབ་ཅིང་ཐང་ཆེན་པོ་བེམ་རོས་བཀང་པའི་ལོ་རྒྱུས་ཧ་ཅང་མང་པོ་ཡོད་པ་རེད།
དྲི་བ། སི་ཁྲོན་དང་ཀན་སུ་ད་དུང་ཡུ་ནན་དང་མཚོ་སྔོན་མངའ་ཁོངས་ཀྱི་བོད་རིགས་ཚོ་ཕྱི་ལོ་ ༡༩༤༩ ཙམ་ནས་རྒྱ་ནག་གི་འཛིན་སྐྱོང་འོག་བསླེབས་ཟིན་ཡོད་འདུག བོད་དེ་གང་འདྲ་བྱས་ནས་བཙན་བཟུང་བྱས་པ་རེད།
ལན། བོད་བཙན་བཟུང་བྱ་རྒྱུ་དེ་ནི་མའོ་ཙེ་ཏུང་གི་དབང་ཆ་ཐོབ་མ་ཐག་གི་དམིགས་ཡུལ་གཙོ་བོ་ཞིག་ཏུ་འགྱུར་ པ་རེད། ཕྱི་ལོ་ ༡༩༥༠ ལོའི་ཟླ་བ་ ༡ པོར་མའོ་ཡིས་བོད་ཀྱི་ས་ཡི་ཆགས་སྟངས་ནི་དམག་འཐབ་ལ་ཆེས་མཁོ་ཚུལ་དང་དགེ་མཚན་ལྡན་པའི་སྐོར་དྲིལ་བསྒྲགས་བྱས་པ་དང་། “ང་ཚོས་བོད་ལ་གང་མྱུར་དབང་བསྒྱུར་བྱས་ཏེ་མི་དམངས་ཀྱི་གཞུང་ཞིག་ཏུ་འགྱུར་དགོས།” ཞེས་བརྗོད་པ་རེད། མའོ་ཡི་དམག་དཔུང་གིས་ཕྱི་ལོ་ ༡༩༥༠ ལོའི་ཟླ་བ་ ༡༠ པར་ཆབ་མདོ་ལ་བཙན་འཛུལ་བྱས་པ་དང་བསྟུན་ཏེ། བོད་བཅིངས་འགྲོལ་གཏོང་བར་ཁ་གཡར་ཏེ་གྲོས་མཐུན་དོན་ཚན་བཅུ་བདུན་ལ་བཙན་དབང་ཐོག་མཚན་རྟགས་བཀོད་བཅུག་པ་རེད། དེ་ནས་བཟུང་གཞུང་འབྲེལ་ཐོག་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད་རེད། ཕྱི་ལོ་ ༡༩༥༡ ལོར་མི་མང་བཅིངས་འགྲོལ་དམག་མི་ལྷ་སར་སླེབས་པ་དང་དུས་མཚུངས་རྒྱ་ནག་དམར་ཤོག་གཞུང་གི་གསང་བའི་ཚོགས་པ་ཞིག་ལྷ་སར་བཙུགས་པ་རེད། དེ་ནི་རྒྱ་ནག་རང་གི་བོད་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ལ་ཐེ་གཏོགས་མི་བྱེད་ཅེས་ཁས་ལེན་བྱས་པ་དེར་མངོན་སུམ་གྱིས་རྒྱབ་འགལ་བྱས་པ་ཞིག་རེད། དུས་སྐབས་དེར་མའོ་ཙེ་ཏུང་གིས་དམག་དཔུང་གྲ་སྒྲིག་བྱས་པའི་སྒང་ཡིན་པ་དང་དུས་ཚོད་འཚམ་པོ་ཞིག་ལ་བསྒུག་ནས་བསྡད་ཡོད་པ་རེད། ཕྱི་ལོ་ ༡༩༥༩ ལོའི་ཟླ་བ་ ༣ པའི་ལྷ་སའི་ངོ་རྒོལ་རྔམ་སྟོན་དེར་དྲག་གནོན་བྱས་ཚར་མ་ཐག་མའོ་ཡིས་ད་ནི་བོད་ལ་དབང་བསྒྱུར་བྱེད་པའི་དུས་ལ་བབ་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་། ལྷ་ས་ལ་བཙན་འཛུལ་བྱས་ཚར་རྗེས། རྒྱ་ནག་ནས་དེ་སྔའི་བོད་གཞུང་དེ་མེད་པར་བཏང་བ་དང་ “བཅོས་བསྒྱུར་དང་འཐབ་འཛིང་གཅིག་ལྕོགས།” ཞེས་པའི་འབོད་ཚིག་འོག་དམར་ཤོག་གི་ལྟ་སྒྲུབ་ཚང་མ་བོད་ནང་ཁྱབ་སྤེལ་བྱས་ཏེ་མཐར་ཕྱི་ལོ་ ༡༩༦༥ ལོར་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་རེད།
དྲི་བ། མའོ་ཙེ་ཏུང་གིས་བོད་ལ་བཙན་འཛུལ་ཆེད་དམག་དཔུང་གྲ་སྒྲིག་གང་འདྲ་བྱས་པ་རེད།
ལན། མའོ་ཡིས་ཐོག་མ་ཉིད་ནས་རྒྱ་ནག་དང་ས་འབྲེལ་དུ་ཡོད་པའི་གྲངས་ཉུང་མི་རིགས་ཐོག་བཟུང་བའི་བཙན་གནོན་གྱི་ལས་གཞི་དག་ལ་རྗེས་སུ་ཡི་རངས་བྱས་ཡོད་དེ། དེ་ནི་རྗེས་སུ་བོད་ལ་དཔུང་འཇུག་གི་སྟ་གོན་དུ་བརྩིས་པ་ཞིག་རེད། མཚོ་བོད་མཐོ་སྒང་ལ་བཙན་འཛུལ་བྱ་བར་དམག་དང་མཚོན་ཆ་གསར་པ་བསྡུ་རུབ་བྱ་དགོས་པ་དང་། བཙན་འཛུལ་དེ་བདེ་བླག་ངང་མཇུག་བསྒྲིལ་དཀའ་བ་ཤེས་ཡོད། གོ་མཚོན་གསར་པ་དག་གི་ཁོངས་སུ་སི་ཏ་ལིན་གྱིས་སྤྲད་པའི་དམིགས་བསལ་གྱི་འབར་རྫས་དག་ཀྱང་ཚུད་ཡོད་ཅིང་། མའོ་ཡིས་འབར་རྫས་དེ་དག་ཚོད་ལྟ་ཆེད་ལི་ཐང་གི་བྱམས་ཆེན་ཆོས་འཁོར་གླིང་ནས་མགོ་བརྩམས་ཏེ་སི་ཁྲོན་ཁུལ་གྱི་བོད་ཀྱི་དགོན་པ་གསུམ་གྱི་སྟེང་གཡུགས་པ་རེད། ཕྱི་ལོ་ ༡༩༥༦ ལོའི་ཟླ་བ་ ༣ པའི་ཚེས་ ༢༩ ཉིན་རྒྱ་དམག་སྟོང་ཕྲག་མང་པོས་བོད་ཀྱི་དགོན་པ་དང་དམག་འཛིང་བྱེད་སྐབས་མཁའ་དམག་ལྷག་མ་གཉིས་དེ་ཡང་བེད་སྤྱད་པ་རེད། བོད་མི་ཚོས་བྱ་ཆེན་པོ་འདྲ་བ་དེ་ཚོས་དངོས་པོ་ཡ་མཚན་ཅན་ས་ཐོག་ལ་གཡུགས་བཞིན་པ་ཆེས་ཐོག་མ་རིག་པ་རེད། སྐབས་དེར་གནམ་གྲུ་དང་འབར་རྫས་སོགས་ཀྱི་ཐ་སྙད་བྱུང་མེད་པ་རེད། རྒྱ་ནག་གི་ཡིག་ཆར་གཞིག་ན་བོད་མི་ ༢༠༠༠ ལྷག་དམར་གསོད་བཏང་པའི་ནང་དགོན་པར་སྐྱབས་བཅོལ་ཡོང་བའི་ཉམ་ཆུང་མི་སེར་དག་ཀྱང་ཚུད་ཡོད། མའོ་ཡིས་རང་གི་དམག་དཔུང་ལེགས་གྲས་དག་བོད་ལ་བཏང་ཡོད་དེ། དམག་དཔོན་ཏཱིན་ཤང་(Gen. Ding Sheng) དང་ཁོའི་དམག་ཤོག་ ༥༤ པ་དེ་ཀོ་རི་ཡའི་དམག་ལ་བཞུགས་མྱོང་ཡོད་ཅིང་། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དངོས་སུ་བཙན་འཛུལ་མ་བྱས་གོང་དམག་དཔུང་དེར་ ༡༩༥༨ ལོར་མཚོ་སྔོན་དང་ཀན་སུ་ཁུལ་གྱི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱས་པའི་ཉམས་མྱོང་ཡོད་པ་རེད།
དྲི་བ། རྒྱ་ནག་གིས་བོད་མིའི་ཐོག་དམག་འཐབ་མང་ཉུང་ག་ཚོད་ཙམ་བྱས་པ་དང་བོད་མིའི་གནོད་འཚེ་ཕོག་ཚད་ག་ཚོད་ཙམ་ཟིན་གྱི་ཡོད་དམ།
ལན། བོད་ནང་དམག་དཔུང་གིས་དྲག་གནོན་བྱས་པ་དག་ལ་གཞུང་འབྲེལ་གྱིས་ཟིན་ཐོ་མེད་པས་ང་ཚོས་དྲག་པོའི་དམག་ཐབས་ག་ཚོད་ཙམ་ཞིག་བེད་སྤྱད་ཡོད་མེད་ཏག་ཏག་བཤད་ཐུབ་དཀའ་ཡང་། ངས་རྒྱ་ནག་གཞུང་འབྲེལ་གྱིས་གྲ་སྒྲིག་བྱས་ཟིན་པའི་གནས་ཚུལ་དག་ལ་བལྟས་ནས་ཚོད་དཔག་བྱས་ན། བོད་ས་ཡོངས་ལ་ཕྱི་ལོ་ ༡༩༥༦ ལོ་ནས་ ༡༩༦༢ ལོའི་བར་ཁྱོན་བསྡོམས་དམག་འཐབ་ ༡༥༠༠༠ ཙམ་ཞིག་བྱས་འདུག དམག་གི་བཙན་འཛུལ་གྱི་རྐྱེན་པས་བོད་མི་རྐྱེན་འདས་སོང་བའི་གྲངས་ཀ་ཏག་ཏག་ཅིག་རྙེད་ཁག་མོད། ཧྲང་ཧད་དམག་མིའི་དཔེ་ཁང་ཞིག་ནས་རྙེད་སོན་བྱུང་བའི་ཡིག་ཆ་ཞིག་ལ་གཞི་བཞག་ན་ཁྱོན་བོད་མི་ ༤༥༦༠༠༠ ལྷག་ཕྱི་ལོ་ ༡༩༥༦ ལོ་ནས་ ༡༩༦༢ ལོའི་བར་དམར་གསོད་བཏང་འདུག
དྲི་བ། ཉེ་དུས་ཀྱི་རང་ལུས་མེར་སྲེག་གི་ངོ་རྒོལ་དག་དང་འདས་པའི་ལོ་རྒྱུས་གཉིས་ལ་འབྲེལ་བ་གང་འདྲ་ལྡན་ཡོད་དམ།
ལན། ངས་དེ་ནི་ཐད་ཀར་འབྲེལ་བ་ཡོད་པ་ཞིག་རེད་སྙམ་གྱི་ཡོད། རང་ལུས་མེར་སྲེག་བྱས་པའི་ས་ཁྲ་ཞིག་དང་ཕྱི་ལོ་ ༡༩༥༦ ལོ་ནས་ ༡༩༦༢ ལོའི་བར་བོད་ནང་རྒྱ་ནག་གིས་དྲག་གནོན་བྱས་པའི་ས་བཀྲ་གཉིས་ལ་ཞིབ་བསྡུར་བྱས་སྐབས། རང་ལུས་མེར་སྲེག་དོན་རྐྱེན་མང་ཆེ་བ་ཞིག་ལོ་རྒྱུས་ཐོག་དྲག་གནོན་ཤུགས་ཆེན་བྱས་པའི་རྒྱ་ནག་ གི་ཞིང་ཆེན་དང་ས་འབྲེལ་ཡོད་པའི་བོད་ཀྱི་ས་ཁུལ་དག་གི་ནང་འབྱུང་བཞིན་ཡོད་པ་ར་སྤྲོད་བྱུང་སོང་།
དྲི་བ། ཁྱེད་རང་བོད་དོན་སྐོར་དོ་སྣང་ཇི་ལྟར་བསླེབས་སོང་ངམ།
ལན། རྒྱ་རིགས་ཀུན་དང་མཚུངས་པར་རང་ཉིད་ཀྱང་དམར་ཤོག་ཚོགས་པའི་འོག་འཚར་ལོངས་བྱུང་བ་དང་། རང་ཉིད་ཕྱི་ལོ་ ༡༩༨༨ ལོར་ཨ་རིར་མཐོ་སློབ་ཀྱི་སློབ་སྦྱོང་ཆེད་དུ་མ་ཡོང་གོང་གནད་དོན་དེའི་སྐོར་དོགས་འདྲི་བྱ་བསམ་པ་ཡེ་ནས་མེད་ཀྱང་། འདི་གར་མི་ཚང་མས་བོད་དོན་ཐད་ལྟ་སྟངས་སྦད་དེ་མི་འདྲ་བ་ཡོད་པ་གཞི་ནས་ཤེས་བྱུང་། ཕྱི་ལོ་ ༢༠༠༧ ལོ་ནས་བཟུང་ང་རང་ཨེ་ཤ་ཡར་ལོ་ལྟར་ཞིབ་འཇུག་ཆེད་བསྐྱོད་ཐེངས་རེར་བལ་ཡུལ་དང་རྒྱ་གར་ནང་བཞུགས་ཡོད་པའི་སྐྱབས་བཅོལ་བོད་མི་བརྒྱ་ཕྲག་མང་པོར་བཅར་འདྲི་བྱས་པ་ཡིན། དེའི་ཁྲོད་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ཁོང་གི་གཅེན་པོ་ཡང་ཚུད་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ལོར་ངས་སི་ཁྲོན་དང་ཀན་སུ་ཡུ་ནན་དང་མཚོ་སྔོན་ཁོངས་ཀྱི་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ས་གནས་མང་དག་ཅིག་ལ་མྱུལ་ཞིབ་དང་ས་གནས་མི་མང་ལ་བཅར་འདྲི་བྱས་པ་ཡིན། ངས་བོད་ཀྱི་སྐོར་གཞུང་འབྲེལ་གྱིས་སྤེལ་བའི་དཔེ་དེབ་ཁག་དང་རྒྱ་བོད་གཉིས་ཀྱི་ཡིག་ཆ་དང་ལྷག་པར་དུ་རྒྱ་བོད་མི་སྒེར་པའི་ལོ་རྒྱུ ས་དེབ་སོགས་ཡིག་ཐོག་གི་གནས་ཚུལ་དག་དང་རང་ཉིད་འགྲུལ་བཞུད་ཀྱི་གྲུབ་འབྲས་གཉིས་ཞིབ་བསྡུར་བྱས་པ་ཡིན།
དྲི་བ། རྒྱ་ནག་གཞུང་ཕྱོགས་ནས་ཁྱེད་རང་གི་ལས་ཀར་ལྟ་སྟངས་གང་འདྲ་འདུག
ལན། གཞུང་འབྲེལ་གྱི་ཡ་ལན་གཅིག་པུ་དེ་ནི་ངའི་དེབ་དག་བཀག་སྡོམ་བྱེད་རྒྱུ་དེ་རེད། དེ་དང་ཆབས་ཅིག་ཕྱི་ལོ་ ༢༠༡༢ ལོའི་བོད་ཀྱི་ས་གནས་དག་ལ་འགྲུལ་བཞུད་བྱས་པར་བརྟེན་ད་ལྟ་རང་ཉིད་ལ་ལམ་ཡིག་སྤྲོད་ཀྱི་མི་འདུག ང་ལ་ཆ་མཚོན་ན་དེ་ནི་སྡུག་བསྔལ་ཆེན་པོ་ཞིག་རེད་དེ་ངའི་ཨ་མ་ད་ལྟ་ལོ་ ༨༤ ལ་ཟིན་པ་ད་དུང་རྒྱ་ནག་ལ་ལྷག་ཡོད།
ཨ་རིའི་ནེའུ་ཡོག་དུས་བབ་ལས་བློ་བཟང་ཡེ་ཤེས་ཀྱིས་བོད་བསྒྱུར་ཞུས།
མ་རྩོམ་གྱི་འབྲེལ་ཐག http://www.nytimes.com/2016/08/15/world/asia/china-tibet-lhasa-jianglin-li.html?_r=0
དེབ་འབྲི་མཁན་རྒྱ་མོ་དང་བཅར་འདྲི་གནང་མཁན་གསར་འགོད་པ། བོད་ཡིག་ནང་བསྒྱུར་མཁན་བློ་བཟང་ཡེ་ཤེས་ཚང་མ་ལོ་ལ་བཀྲ་ཤིས་བདེ་ལེགས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་ཀྱི་འདས་པའི་དངོས་ཡོད་ལོ་རྒྱུས་ཞིབ་ཅིང་ཕྲ་བ་ཞིག་ཡོད་ཚོད་འདུག་པས་རྒྱ་ནག་གཞུང་གིས་རྫུན་གཏམ་འཁྱོག་བརྗོད་བྱེད་བཞིན་པའི་རིགས་ལ་རྒྱ་མི་རིགས་རང་གི་བློ་གཟུ་བོར་གནས་བའི་རྩོམ་པ་པོ་ཞིག་གིས་སུན་འབྱིན་དག་ཐེར་བྱས་ཡོད་པ་དེ་ཧ་ཅང་ཡག་པོ་དང་། འཛམ་གླིང་མི་མང་ལ་ཡིད་ཆེས་འཕེར་བ་ཞིག་ཡོང་བར་གདོན་མི་ཟ། དེབ་དེ་གང་ནས་རེག་པ་དང་ཇི་ལྟར་ཉོ་དགོས་པ་སོགས་ཀྱི་ལམ་སྟོན་ཞིག་གནང་རོགས་གནང་།
དྲ་གྲོགས་ཀརྨ་ལགས། ཁྱོད་ལ་ཡིག་ནོར་ཧ་ཅང་མང་གི བོད་ཡིག་གི་དག་ཆ་སོགས་ལ་ཅུང་ཙམ་དོ་སྣང་བྱས་ན་མི་ལེགས་སམ།
དྲང་བདེན་དང་། ཤེས་འཇོན་ལྡན་པའི་མི་ཚད་ལྡན་ཞིག་ཡིན་ན་གཟུ་བོར་གནས་པའི་ཡོན་ཏན་འདི་འདྲ་ཞིག་འབྱུང་ངེས་རེད། བདེན་དོན་ཡིག་ངོར་ཕབ་པར་མངོན་པར་བསྟོད།
དེ་འདྲ་མཇལ་དུས་རང་བཞིན་མེད་པ་ཞུུ་དགོས་ཐུག་གི་འདུག། དེ་ཡང་འདེས་པ་ནི་འདས་ཟིན་པ་རེད་ཡག་ཉེས་གང་ཞིག་ཡིན་ལོ་རྒྱུས་ཞིག་ལས་ཕན་པ་སྤུ་ཙམ་མེད། དེ་བས་དུས་ཚོད་ཆུ་ཟད་མ་བཏང་བར་སྐབ་འབབ་དང་མ་འོང་གལ་ཆེ་བར་རྩིས་ནས་མི་ང་མཁས་པ་ཡིན་བསམ་མཁན་ཚོས་མཁས་པ་ཡིན་ན་རྔ་ལ་གཡུག་གུས་མ་གནོན་བར་དེ་སྲིད་གཞན་དང་ཁྱེད་ཞིག་ཡོད་གསུངས་པ་ལྟར། ད་ལྟ་དང་མ་འོང་དོན་དུ་སྨན་པའི་ཕྱག་ལས་ཁ་ཡོད་ལག་ཡོད་ལ་འབད་ན་མི་ལེགས་བསམ་འོས་འཐོབ་ཟིན་དུས་ལྷོད་ཤིག་གེ་བཞགའ་ན་ཨེ་ཡོང་་བསམ་།།