མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་མཆོག་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༡༦/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་ཨ་རིའི་སྲིད་འཛིན་སྐབས་ ༥༨ པའི་འོས་བསྡུ་ཆེན་མོའི་ཁྲོད་ཀྱི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་མཆོག་གི་ལོ་རྒྱུས་སྙིང་བསྡུས།

downloadལྕམ་ཧེ་ལ་རེ་ཁི་ལེན་ཊོན་མཆོག་ནི་ཕྱི་ལོ་ ༡༩༤༧ ལོའི་ཟླ་ ༡༠ ཚེས་ ༢༦ ཉིན་ཨ་རིའི་མངའ་སྡེ་ཆེ་ཁ་གྷོ་རུ་སྐུ་ཞབས་ཧུ་ཧྥི་ (Hugh) དང་ལྕམ་ཌོ་རོ་ཐེ་ (Dorothy) གཉིས་ཀྱི་བུ་མོར་སྐྱེས་ཤིང་། ཁོང་མོར་མིང་སྲིང་གསུམ་ཡོད་པའི་གྲས་ཀྱི་ཆེ་བ་དེ་ཡིན་འདུག ལྕམ་ཧེ་ལ་རེ་ཡི་ཨ་ཕའི་རིགས་རྒྱུད་དབྱིན་ཇི་ཡིན་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཨ་རིའི་མཚོ་དམག་ཁོངས་སུ་ཞུགས་ཏེ་དམག་དོན་ཞབས་ཞུ་སྒྲུབ་པ་དང་། ཕྱིས་སུ་རས་གོས་ཚོང་ལས་གཉེར་ཏེ་ཡོད་འདུག ཧེ་ལ་རེ་ཡི་ཨ་མའི་རིགས་རྒྱུད་ཝིལ་ཤཱ་མི་རིགས་ལ་གཏོགས་ཤིང་། མོ་རང་ཁྱིམ་འཛིན་བུད་མེད་དཀྱུས་མ་ཞིག་ཡིན་ཡང་བྱིས་པ་སློབ་སྐྱོང་གི་ཐབས་ལ་མཁས་པའི་མཛངས་མ་ཞིག་ཡིན་པར་གྲགས།

ལྕམ་ཧེ་ལ་རེ་མཆོག་གཞི་རིམ་སློབ་གྲྭར་འགྲིམ་སྐབས་ཚན་རིག་དང་རྩེད་རིགས་སོགས་ལ་དགའ་བོ་ཡོད་པ་དང་། ལག་རྩེད་སྤོ་ལོ་སོགས་ཀྱི་འགྲན་བསྡུར་ནང་བྱ་དགའ་ཡང་མང་པོ་བླངས་ཡོད་འདུག ༡༩༦༡ ལོར་མོ་རང་ལོ་ ༡༤ སོན་སྐབས་ཨ་རིའི་རྒྱལ་ཡོངས་མཁའ་སྐྱོད་ཞིབ་འཇུག་ལས་ཁུངས་ (NASA) ལ་འཕྲིན་ཡིག་སྤྲིངས་ཏེ། ཁོང་མོ་མ་འོངས་པར་མཁའ་སྐྱོད་པ་ཞིག་བྱེད་འདོད་ཡོད་པས། ཁོང་མོའི་ཕུགས་འདུན་དེ་ཇི་ལྟར་མངོན་འགྱུར་ཐུབ་མིན་སྐོར་དྲིས་པ་བརྒྱུད། ཐོག་དང་པོར་ཁོང་མོ་ཨ་རིའི་རྒྱལ་ཡོངས་མཁའ་སྐྱོད་ཞིབ་འཇུག་གི་ལས་གཞིའི་ནང་མཉམ་ཞུགས་གནང་ཡོད་འདུག

༡༩༦༥ ལོར་ཝིལ་སི་ལེ་ (Wellesley) སློབ་ཆེན་དུ་ཞུགས་ནས་ཆབ་སྲིད་ཚན་རིག་སྐོར་ལ་སློབ་གཉེར་བྱས་ཤིང་། ༡༩༦༩ ལོར་མཐོ་རིམ་འཛིན་གྲྭའི་རྒན་བདག་དང་སློབ་གྲྭའི་དུས་དེབ་གསར་ཤོག་གི་རྩོམ་སྒྲིག་པ་བཅས་གནང་ཡོད་པ་དང་། དེའི་རྗེས་སུ་ཡཱལ་ (Yale) ཁྲིམས་ལུགས་སློབ་གླིང་དུ་ཞུགས་ཏེ་ཕྱི་ལོ་ ༡༩༧༣ ལོར་ཁྲིམས་ལུགས་རིག་པའི་སྡེ་ཁག་ནས་འབུམ་རམས་ཐོན་ཡོད་འདུག

༡༩༧༡ ལོར་ཁོང་མོ་ཐོག་དང་པོར་རྒྱལ་ས་ཝ་ཤིན་ཊོན་དུ་ཡོང་ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཝལ་ཊིར་མོན་ཌ་ལི་ (Walter Mondale) ལགས་ཀྱི་ཡུལ་གྱར་ལས་དོན་ཚོགས་ཆུང་ནང་ཞུགས་པ་དང་། ཕྱི་ལོ་ ༡༩༧༢ ལོའི་དབྱར་ཁར་ཁོང་མོས་ཨ་རིའི་ནུབ་རྒྱུད་མངའ་སྡེ་ཁག་ཁག་གི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་རྗོར་རྗི་མག་གྷོ་བི་རན་ (George McGovern) ལགས་ལ་རྒྱབ་སྐྱོར་གྱི་ལས་འགུལ་སྣ་ཚོགས་སྤེལ་ཡོད་འདུག དེ་སྔོན་ཁོང་མོ་སྤྱི་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ཡང་། ༡༩༦༨ ལོར་ཁོང་མོས་མི་ནག་གི་རང་དབང་བརྩོན་ལེན་པ་སྐུ་ཞབས་མར་ཊེན་ལུ་ཐིར་ཁེན་ (Martin Luther King) གྱི་གསུང་བཤད་ལ་ཉན་རྗེས། ཁོང་མོ་དམངས་གཙོ་ཚོགས་པའི་ནང་ཞུགས་ཡོད་འདུག

article-2324084-19C382DF000005DC-818_634x591ལོ་རབས་བདུན་བཅུའི་ཨ་རིའི་ཆབ་སྲིད་རྙོག་གླེང་ (Watergate Scandal) སྐབས་སུ། ཁོང་མོས་གྲོས་ཚོགས་འོག་མའི་ཁྲིམས་ཞིབ་ཚོགས་ཆུང་དུ་ཁྲིམས་ལུགས་སློབ་སྟོན་པའི་འགན་ཁུར་ཡོད་པ་དང་། དེའི་རྗེས་ཨར་ཁན་ས་ (Arkansas) ཁྲིམས་ལུགས་སློབ་ཆེན་གྱི་ཁྲིམས་ལུགས་རིག་པ་བའི་ཚོགས་མིར་གྱུར་ཅིང་། སྐབས་དེར་ཁོང་མོའི་སྔོན་ཆད་ཀྱི་ཡཱལ་ཁྲིམས་ལུགས་སློབ་གླིང་གི་འཛིན་གྲོགས་སྐུ་ཞབས་བྷེལ་ཁི་ལེན་ཊོན་ (Bill Clinton) མཆོག་གིས་ཨར་ཁན་ས་ཁྲིམས་ལུགས་སློབ་ཆེན་དུ་སློབ་ཁྲིད་བྱེད་བཞིན་ཡོད་སྟབས། ཁོང་གཉིས་བར་མཇའ་འབྲེལ་བྱུང་སྟེ་ ༡༩༧༥ ལོའི་ཟླ་ ༡༠ ཚེས་ ༡༡ ཉིན་ཁོང་གཉིས་གཉེན་བསྒྲིགས་བྱས་ཏེ། ༡༩༨༠ ལོའི་ཟླ་ ༢ པའི་ནང་བུ་མོ་ཆལ་སེ་ (Chelsea) སྐྱེས་ཤིང་། ཆལ་སེ་སྔར་རྗེས་སུ་སུ་ཊན་ཧྥོར་ཌི་དང་ཁི་ལུམ་བྷེ་ཡ། ཨོ་ཁི་སི་ཧྥོར་ཌི་གཙུག་ལག་སློབ་ཆེན་སོགས་ཀྱི་འཕྲོད་བསྟེན་དང་ཁྲིམས་ལུགས་ཐོག་སློབ་སྦྱོང་བྱས་ཏེ་འབུམ་རམས་པའི་ཐོབ་ཐང་བླངས་རྗེས། ༢༠༡༡ ལོར་ཨ་རིའི་ན་བྷེ་སེ་ (NBC News) རླུང་འཕྲིན་ཁང་གི་གསར་འགོད་པ་བྱས་ཤིང་། ད་ཆར་རྒྱལ་སྤྱིའི་འཕྲོད་བསྟེན་བདེ་དོན་དང་གཉན་ནད་རེག་དུག་ཞིབ་འཇུགས། དེ་བཞིན། སྐྱེད་མའི་ཐོབ་ཐང་གི་ཁྲིམས་རྩོད་པ་བཅས་ཀྱི་ལས་ཀ་གཉེར་བཞིན་ཡོད་འདུག

ཕྱི་ལོ་ ༡༩༧༦ ལོར་ལྕམ་ཧེ་ལ་རེ་མཆོག་གིས་ཨ་རིའི་སྐབས་ ༣༩ བའི་སྲིད་འཛིན་ཁར་ཊིར་ (Carter) ལགས་ལ་རྒྱབ་སྐྱོར་བྱེད་བཞིན་པའི་སྐབས་སུ། ཁོང་མོའི་བཟའ་ཟླ་བྷེལ་ཁི་ལེན་ཊོན་མཆོག་ཨ་རིའི་ལྷོ་རྒྱུད་མངའ་སྡེ་ཨར་ཁན་སའི་སྤྱི་ཁྱབ་ཁྲིམས་རྩོད་པར་བདམས་པ་དང་། ༡༩༨༠ ནས་ ༡༩༨༦ ལོའི་བར་སྔ་རྗེས་སུ་ཐེངས་གཉིས་ལ་ཁོང་ཨར་ཁན་ས་གྲོང་ཁྱེར་སྤྱི་ཁྱབ་པ་དང་། ༡༩༩༣ ནས་ ༢༠༠༡ ལོའི་བར་ཨ་རིའི་སྲིད་འཛིན་གནང་ཡོད་པ་རེད།

ཨ་རིའི་སྲིད་དོན་ལོ་རྒྱུས་ཁྲོད་དུ་བྷེལ་ཁི་ལེན་ཊོན་མཆོག་ནི་ཨར་ཁན་ས་གྲོང་ཁྱེར་སྤྱི་ཁྱབ་པ་ལོ་ན་གཞོན་ཤོས་དང་ཨ་རིའི་སྔོན་བྱོན་སྲིད་འཛིན་རྣམས་ཀྱི་གྲས་ནས་ཕོ་གསར་རྫིག་ཤོས་ཨང་ ༡༤ བར་བགྲང་སྲོལ་ཡོད་པ་དང་། ༡༩༩༨ ལོར་ཕོ་བྲང་དཀར་པོའི་ཁྲིམས་བཟོའི་ལས་སྒྲུབ་ཁང་གི་ལས་མི་མོ་ནེ་ཁ་ (Monica) ཟེར་བའི་བུ་མོ་ཞིག་དང་ལུས་འབྲེལ་བྱུང་བའི་རྙོག་གླེང་ལ་བརྟེན། ལྕམ་ཧེ་ལ་རེ་མཆོག་བཟའ་ཟླ་ཁི་ལེན་ཊོན་དང་གཉེན་འཐོར་བྱ་རྒྱུར་བསམ་གཞིག་བྱས་ཀྱང་། གླེང་རྙོག་དེར་བདེན་དཔང་ཁུངས་དག་མ་བྱུང་སྟབས་ཞི་འཇགས་ཕྱིན། ༡༩༩༧ ལོར་ཁོང་གིས་ཁི་ལེན་ཊོན་ཐེབས་རྩ་ཞེས་པ་ཞིག་བཙུགས་ཏེ། ད་ཆར་ཁོང་གིས་འཛམ་གླིང་འཕྲོད་བསྟེན་དང་བུད་མེད་ཀྱི་ལས་གནས་མཐོར་འདེགས། བྱིས་པའི་འཕྲོད་བསྟེན་དང་སློབ་གསོ་ལྟ་སྐྱོང་། གནམ་གཤིས་འགྱུར་ལྡོག་བཅས་ཀྱི་ཐོག་ཕྱག་ལས་གནང་བཞིན་ཡོད་འདུག

ཕྱི་ལོ་ ༡༩༧༧ ལོར་ལྕམ་ཧེ་ལ་རེ་རྒྱ་སྲས་མེ་ཏོག་ཁྲིམས་ལུགས་ཞེས་པའི་སྡེ་ཁག་ཏུ་ཞུགས་ཏེ་སྐབས་དེའི་སྲིད་འཛིན་ཁར་ཊིར་མཆོག་གིས་གཙོ་སྐྱོང་བྱེད་པའི་ཁྲིམས་ལུགས་ཞབས་ཞུའི་ཚོགས་པའི་ཚོགས་གཙོར་གྱུར་བ་དང་། ༡༩༧༩ ནས་ ༡༩༩༢ ལོའི་བར་སྔ་རྗེས་སུ། ཨར་ཁན་ས་ཤེས་ཡོན་དར་སྤེལ་ཚོགས་ཆུང་དང་། ཨར་ཁན་སའི་བྱིས་པ་དང་ཁྱིམ་ཚང་གི་ཞུ་གཏུགས་རམ་འདེགས་མཉམ་ལས་ཁང་། ཨར་ཁན་ས་བྱིས་པའི་སྨན་ཁང་དང་ཨར་ཁན་ས་ཁྲིམས་ལུགས་ཞབས་ཞུ་ཁང་བཅས་སུ་ཕྱག་ལས་གནང་བའི་གྲུབ་འབྲས་ལ་གཞིགས་ཏེ། ༡༩༨༨ ནས་ ༡༩༩༡ ལོའི་བར་ “རྒྱལ་ཡོངས་ཁྲིམས་ལུགས་གསར་དེབ” ཁང་གིས་ལྕམ་ཧེ་ལ་རེ་མཆོག་ཨ་རིའི་ཁྲིམས་རྩོད་པ་གྲགས་ཅན་བརྒྱ་ཡི་གྲས་སུ་མཚན་འདོན་གནང་ཡོད་འདུག

ཕྱི་ལོ་ ༡༩༩༣ ལོར་ཁོང་མོའི་ཁྱོ་ག་སྐབས་ ༤༢ བའི་ཨ་རིའི་སྲིད་འཛིན་དུ་བདམས་རྗེས། ཁོང་མོ་རྒྱལ་ཡོངས་འཕྲོད་བསྟེན་བཅོས་བསྒྱུར་ལས་དོན་ཚོགས་ཆུང་གི་མཚན་གནས་སུ་བསྐོ་བཞག་བྱས་ཀྱང་། ལས་དོན་དེ་ལ་མངོན་གསལ་གྲུབ་འབྲས་མ་ཐོན་པའི་རྐྱེན་གྱིས་ ༡༩༩༤ ལོར་ལས་མཚམས་འཇོག་དགོས་བྱུང་ཡོད་པ་དང་། སྐབས་དེར་ཁོང་བཟའ་མི་གཉིས་ཀྱིས་ཆུ་དཀར་པོའི་ས་ཁང་འཛུགས་སྐྲུན་ལས་གཞིའི་ནང་མ་དངུལ་བཞག་ཀྱང་། ལས་གཞི་ལེགས་འགྲུབ་མ་བྱུང་སྟབས་ཨ་རིའི་སྤྱི་མཐུན་སྲིད་གཞུང་ནས་ཨ་སྒོར་ས་ཡ་ ༧༣ སྐྱིན་ཚབ་ཏུ་འཇལ་དགོས་བྱུང་ཡོད་འདུག

ཕྱི་ལོ་ ༢༠༠༡ ནས་ ༢༠༠༩ བར་ལྕམ་ཧེ་ལ་རེ་མཆོག་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མར་བདམས་ཤིང་། ཕྱི་ལོ་ ༢༠༠༧ ལོར་ཨ་རིའི་སྲིད་འཛིན་སྐབས་ ༥༦ པའི་འོས་བསྡུའི་སྐབས་སུ། ཁོང་མོ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་པ་ཁྱབ་བསྒྲགས་བྱས་ཀྱང་། སྔོན་འགྲོའི་སྐབས་དམངས་གཙོ་ཚོགས་པའི་མཐའ་མའི་འོས་འགྲན་ནང་། ད་ལྟའི་སྲིད་འཛིན་སྐུ་ཞབས་ཨོ་བྷ་མར་འོས་གྲངས་ ༢༢༠༡ དང་ཐོབ་པ་དང་། ལྕམ་ཁི་ལེན་ཊོན་ལ་འོངས་གྲངས་ ༡༨༩༦ ལས་མ་ཐོབ་སྟབས་དངོས་གཞིའི་ཁོངས་སུ་ཞུགས་ཐུབ་མེད་ཀྱང་། ཨོ་བྷ་མར་སྲིད་འཛིན་རྒྱལ་ཁ་ཐོབ་རྗེས་ཧེ་ལ་རེ་མཆོག་ཨ་རིའི་རྒྱལ་དོན་དྲུང་ཆེར་བསྐོ་བཞག་གནང་སྟེ་ ༢༠༠༩ ནས་ ༢༠༡༣ ལོའི་བར་ལས་འགན་འཁུར་ཡོད།

ཨ་རིའི་སྲིད་དོན་ལོ་རྒྱུས་ཁྲོད་དུ་ཁོང་མོ་ནི་ཨ་རིའི་རྒྱལ་དོན་དྲུང་ཆེ་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐོར་སྐྱོད་གནང་ཐེངས་མང་ཤོས་དེ་ཆགས་ཡོད་པ་དང་། སྐབས་དེར་ཁོང་མོས་ཨ་རིའི་སྲིད་གཞུང་དང་རང་དབང་གསར་ལམ་ཁག་བར་གྱི་འབྲེལ་ལམ་ཡར་རྒྱས་སུ་བཏང་བ་དང་། དུས་སྐབས་དེའི་ཨ་རབ་དཔྱད་ཀྱི་གསར་བརྗེ་དང་ལེ་བྷི་ཡ་རྒྱལ་ནང་གི་ཟིང་འཁྲུག་སོགས་ཞི་འཇགས་བཟོས་ཏེ། ཨ་རིའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ནུས་སྟོབས་མཐོར་འདེགས་བཏང་བར་བཤད།

http---mashable.com-wp-content-uploads-2015-04-iowa

ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་སྐབས་ ༥༨ པའི་སྲིད་འཛིན་འོས་བསྡུ་ཆེན་མོ་ཚ་ཚ་འུར་འུར་དུ་མགོ་བཙུགས་པ་དང་། ལོ་དེའི་ཕྱི་ཟླ་ ༤ ཚེས་ ༡༢ ཉིན་ལྕམ་ཧེ་ལ་རེ་ཁི་ལེན་ཊོན་མཆོག་བསྐྱར་དུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་བཞེངས་པ་གསལ་བསྒྲགས་སྤེལ་བ་དང་། དམངས་གཙོ་ཚོགས་པ་ནང་ཁུལ་གྱི་སྲིད་འཛིན་འོས་མི་དག་གི་བར་འགྲན་བསྡུར་གནང་བ་བརྒྱུད་སྐུ་ཞབས་བྷིར་ནེ་སན་ཌིར་ (Bernie Sanders) མཆོག་ལ་འོས་གྲངས་ ༡༨༣༡ ཐོབ་པ་དང་། ལྕམ་ཧེ་ལ་རེ་མཆོག་ལ་འོས་གྲངས་ ༢༢༢༠ ཐོབ་སྟེ། ད་ལོའི་ཕྱི་ཟླ་ ༧ ཚེས་ ༢༨ ཉིན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་མཚན་འདོན་གནང་བ་དང་། ཁོང་མོ་ཨ་རིའི་སྲིད་དོན་ལོ་རྒྱུས་ཁྲོད་དུ་གཞུང་འབྲེལ་གྱི་ངོས་ནས་སྐྱེད་མ་སྲིད་འཛིན་འོས་མིར་བཏོན་པ་ཐེངས་དང་པོ་དེ་ཆགས་ཡོད་པ་རེད།

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༨ ཉིན་ཨ་རིའི་སྐབས་ ༥༨ པའི་དངོས་གཞིའི་སྲིད་འཛིན་འོས་བསྡུ་ཆེན་མོ་ཚུགས་རྒྱུ་ཡིན་པ་ལྟར། སྐབས་དེར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ལྕམ་ཧེ་ལ་རེ་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་སྐུ་ཞབས་ཊི་རུམ་ཕི་རྣམ་པ་གཉིས་བར་དངོས་གཞིའི་སྲིད་འཛིན་འོས་འགྲན་གནང་རྒྱུ་རེད།

གསར་འགོད་པ། པདྨ་རྒྱལ་གྱིས་བསྡུ་བསྒྱུར་བྱས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

ཆུ་ཚོད་ ༦ སྔོན་ལ།
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 1

  1. Abharu Jigwang says:
    ལོ་ 10 སྔོན།

    ༅༅།གསར་འགོད་པ་པད་མ་རྒྱལ་གྱིས་་་ ཨ་རིའི་སྲིད་འཛིན་འོས་མི་ལྕམ་ཧི་ལ་རིན་ཁེལ་ཌིན་གྱི་ལོ་རྒྱུས་
    སྙིང་བསྡུས་ལེགས་པོ་བྲིས་འདིག་པ་ཐུགས་རྗེ་ཆེ། སྐུ་ཉིད་ནས་ཁོ་མོ་ལ་་་ཁོང་མོ་་་བྲིས་འདུག་པ་ཅི་ཡིན་ནམ། དེ་བཞིན་དེང་སང་མི་ཁག་གཅིག་གི་་་ལོ་གསར་ལའང་་་ལོ་སར་ཞེས་བྲིས་ཀྱི་འདུག་པ་དག་མིན་གསལ་བཤད་
    གནང་རྒྱུ་ཡོད་གནང་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese