འདས་པའི་བདུན་ཕྲག་གཅིག་རིང་ཧེ་ཊེ་སྤྱི་མཐུན་རྒྱལ་ཁབ་ནང་བསྟུད་མར་ཆར་རླུང་དྲག་པོ་གཡུགས་ཏེ་ཡུལ་མི་ཆིག་ཁྲི་ལྷག་གི་ཚེ་སྲོག་ཤོར་ཡོད་འདུག
དེ་རིང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་བདུན་ཕྲག་གཅིག་རིང་ལྷོ་ཨ་མི་རི་ཁ་གླིང་གི་རྒྱལ་ཁབ་ཧེ་ཊེ་ (Haiti) ཞེས་པའི་གྲོང་ཁྱེར་ཁག་ ༡༥ ནང་བསྟུད་མར་ཆར་རླུང་དྲག་པོ་གཡུགས་ཏེ། ད་ལྟའི་བར་ཡུལ་མི་ཆིག་ཁྲི་ལྷག་རྐྱེན་འདས་དང་ཡུལ་མི་ས་ཡ་ ༡.༤ ཙམ་གྱི་འཚོ་གནས་དང་ཚོང་ལས་སོགས་ལ་གོད་ཆག་ཚབས་ཆེན་བྱུང་ཡོད་འདུག
ཆར་རླུང་གི་གནོད་སྐྱོན་ཁྲོད་ཚེ་སྲོག་ཤོར་བའི་ཡུལ་མི་སྟོང་ཕྲག་མང་པོའི་ཕུང་པོ་རུལ་བཞིན་ཡོད་སྟབས། ཧེ་ཊེའི་གཞུང་གིས་འདས་གྲོངས་སུ་གྱུར་བའི་ཡུལ་མི་ཚོའི་ཕུང་པོ་གྲོང་ཁྱེར་རྗི་རི་མེན་ (Jeremie) གྱི་དུར་ཁྲོད་དུ་དུར་སྦེད་བྱེད་ཀྱིན་ཡོད་འདུག
ཧེ་ཊེ་དབུས་གཞུང་གི་དཔོན་རིགས་ཧྥ་རི་ནིལ་ (Frenel) ཟེར་བ་ཞིག་གིས། ཧེ་ཊེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ (Grand’Anse) མཚོ་མཐའ་གཅིག་པུར་ཡུལ་མི་ ༥༢༢ དང་ (Sud) མངའ་ཁུལ་གྱི་གྲོང་དང་གྲོང་ཁྱེར་ཁག་ ༡༥ ནང་ཡུལ་མི་ ༣༨༦། དེ་བཞིན། མངའ་ཁུལ་གཞན་ནང་ཡུལ་མི་ ༩༢ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ད་ཆར་ད་དུང་ཡང་ཆར་རླུང་གི་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་སྟབས། ཧེ་ཊེའི་གཞུང་གིས་ཆར་རླུང་གི་གནོད་སྐྱོན་ཁྲོད་ཀྱི་ཡུལ་མི་སྟོང་ཕྲག་མང་པོར་ཟ་མ་དང་འཐུང་ཆུ། སྨན་དང་སྡོད་གནས་སོགས་གོ་སྒྲིག་བྱེད་བཞིན་ཡོད་སྐོར་བརྗོད་འདུག
གཞན། ཨ་རིའི་ལྷོ་བྱང་མངའ་སྡེ་ཁ་རོ་ལེ་ན་དང་བེར་རྗེ་ནེ་ཡ། ཧྥི་ལོ་རེ་ཌ་དང་རྗོར་རྗེ་ཡ་སོགས་ནང་བྱུང་བའི་ཆར་རླུང་གི་གནོད་སྐྱོན་ཁྲོད་ད་སྔ་མི་ ༡༩ རྐྱེན་འདས་དང་། མི་ས་ཡ་ ༢.༢ ལྷག་ལ་འཚོ་གནས་དང་ཆུ་གློག་གི་དཀའ་ངལ་འཕྲད་བཞིན་ཡོད་འདུག
ལྷོ་ཨ་རིའི་སྤྱི་མཐུན་རྒྱལ་ཁབ་ཧེ་ཊེ་ནི་ཡུལ་ལུང་དབུལ་བོ་ཞིག་ཡིན་ཞིང་། རྒྱལ་ཁབ་དེའི་ནང་མི་འབོར་ས་ཡ་ ༡༠ ལྷག་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོའི་ཆར་རླུང་གི་གོད་ཆག་ཁྲོད་ཡུལ་མི་ ༡༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོའི་ས་ཡོམ་ཁྲོད་དུ་ཡུལ་མི་ ༢༠༠༠༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།