རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སི་ལོ་བ་ཀེ་ཡའི་སྲིད་འཛིན་ཨན་ཌ་རི་རྗ་ཀེ་སི་ཀ་ཡིས་༧གོང་ས་ཏཱ་ལའི་བླ་མར་མཇལ་འཕྲད་གནང་བ་དེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ལ་དོ་ཕོག་བཟོས་ཡོད་ལུགས་བཤད་འདུག
ཁ་སང་རོའུ་ཊར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༦ ཉིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཡུ་རོབ་དབུས་ཁུལ་གྱི་རྒྱལ་ཁབ་སི་ལོ་བ་ཀེ་ཡའི་ (Slovakia) གྲོང་ཁྱེར་བྷི་ར་ཊེ་སི་ལ་བ་ (Bratislava) ནང་ཆིབས་བསྒྱུར་བསྐྱངས་ཏེ། ཡུལ་དེའི་སྲིད་འཛིན་ཨན་ཌ་རི་རྗ་ཀེ་སི་ཀ་ (Andrej Kiska) མཆོག་དང་མཇལ་འཕྲད་གནང་ཡོད་པར། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧྭ་ཁྲུན་ཡིན་ (Hua Chunying) ཟེར་བས། “རྒྱ་ནག་གི་ཕྱོགས་ནས་ཐེངས་འདིའི་མཇལ་འཕྲད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། གནད་དོན་དེ་ལ་དཔག་པའི་བརྡ་ལན་ཞིག་སྤྲོད་རྒྱུ་ཡིན།” ཞེས་དང་། “སི་ལོ་བ་ཀེ་ཡའི་ཕྱོགས་ནས་ཏཱ་ལའི་ཁ་བྲལ་རུ་ཚོགས་ཀྱི་རང་བཞིན་ལ་ངེས་ཤེས་གསལ་བོ་འཐོབ་པའི་ཐོག་ནས་རྒྱ་ནག་གཞུང་གི་སེམས་ཁྲལ་དང་ཁེ་ཕན་ལ་བརྩི་བཀུར་བྱེད་པའི་རེ་བ་ཡོད།” ཅེས་སོགས་བཤད་འདུག
སི་ལོ་བ་ཀེ་ཡའི་སྲིད་འཛིན་ཨན་ཌ་རི་རྗ་ཀེ་སི་ཀ་མཆོག་ནས་ཁོང་གི་ངོ་དེབ་སྟེང་ཁོང་སྒེར་ངོས་ནས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་ཡོད་སྐོར་བརྗོད་འདུག
རོའུ་ཊར་གསར་ཁང་གི་གནས་ཚུལ་དེའི་མཇུག་ཏུ། ༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་ཟླ་སྔོན་མར་ཧྥ་རན་སིའི་གྲོང་ཁྱེར་སི་ཊར་སི་བྷག་ནང་ཚོགས་པའི་ཡུ་རོབ་གྲོས་ཚོགས་ནང་གསུང་བཤད་གནང་བར་རྒྱ་ནག་གཞུང་ཕྱོགས་ནས་ཁོང་ཁྲོའི་རྣམ་འགྱུར་བསྟན་ཡོད་ནའང་། ད་ལན་གྱི་ཆིབས་བསྒྱུར་སྐབས་སུའང་རྒྱ་ནག་གི་ཁོང་ཁྲོའི་རྣམ་འགྱུར་ལ་མ་བལྟས་པར་ཕྱིའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོ་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་མཇལ་འཕྲད་གནང་འདོད་ཡོད་སྐོར་སོགས་བརྗོད་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་ནས་ཡུ་རོབ་རྒྱལ་ཁབ་ལ་ཊེ་བེ་ཡ་ (Lativia) དང་སུད་སི་ (Switzerland)། སི་ལོ་བ་ཀེ་ཡ་ (Slovakia) དང་ཅེག་སྤྱི་མཐུན་རྒྱལ་ཁབ་ (Czech Republic)། དེ་བཞིན་ཨེ་ཊ་ལེ་ (Italy) སོགས་ནང་ཆོས་ཕྱོགས་ཀྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།
གསར་འགོད་པ། པདྨ་རྒྱལ།