ཨ་རིའི་ནེའུ་ཡོག་དངུལ་རྩ་རྟོག་ཞིབ་དོ་དམ་ཁང་གིས་ཁུལ་དེའི་རྒྱ་ནག་ཞིང་ལས་དངུལ་ཁང་ཡན་ལག་ཁང་གིས་ཁྲིམས་འགལ་དངུལ་རྩ་ཉོ་ཚོང་བྱས་པའི་ནག་ཉེས་འོག་ཨ་སྒོར་དུང་ཕྱུར་ ༢ ལྷག་གི་ཉེས་ཆད་ཕོག་ཡོད་སྐོར་བསྒྲགས་འདུག
ཁ་སང་ཨ་རིའི་ནེའུ་ཡོག་དངུལ་རྩ་རྟོག་ཞིབ་དོ་དམ་ཁང་གིས། ནེའུ་ཡོག་རྒྱ་ནག་ཞིང་ལས་དངུལ་ཁང་ཡན་ལག་ཁང་གིས་ཆེད་དུ་བྱེད་ཐབས་སྤྱད་དེ་ནེའུ་ཡོག་ཁུལ་གྱི་དངུལ་རྩ་ཉོ་ཚོང་གི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་སྤེལ་ཡོད་པ་དང་། དེ་བཞིན་ཨུ་རུ་སུ་དང་རྒྱ་ནག་གི་དངུལ་རྩའི་ཉོ་ཚོང་ཐད་ཀྱི་དོགས་ཡོད་གནད་དོན་སྦེད་གསང་བྱས་པའི་ནག་ཉེས་འོག ཞིང་ལས་དངུལ་ཁང་ལ་ཨ་སྒོར་དུང་ཕྱུར་ ༢ དང་ས་ཡ་ ༡༥ ཡི་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བསྒྲགས་འདུག
ཕྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཞིང་ལས་དངུལ་ཁང་དང་ཨ་རིའི་དངུལ་རྩ་རྟོག་ཞིབ་དོ་དམ་ཁང་གཉིས་ཀྱི་སྤྱི་མོས་བཀོད་ཁྱབ་ལྟར། ནེའུ་ཡོག་ཡན་ལག་ཞིང་ལས་དངུལ་ཁང་ལ་རང་དབང་ཅན་གྱི་རྟོག་ཞིབ་ཁང་ཞིག་གིས་འདས་པའི་ ༡༨ རིང་ཞིབ་བཤེར་བྱས་ཡོད་པ་བརྒྱུད། འདི་ལོའི་ཕྱི་ཟླ་ ༩ པའི་ཟླ་མཇུག་ཏུ་ཨ་རིའི་དབུས་དངུལ་ཁང་སྒྲིག་འཛུགས་ཁང་གིས། རྒྱ་ནག་ཞིང་ལས་དངུལ་ཁང་གིས་ནིའུ་ཡོག་ཡན་ལག་ཁང་གི་ཁྲིམས་འགལ་གྱི་དངུལ་རྩའི་ཉོ་ཚོང་ཐད་སྐྱོད་གནད་ཚབས་ཆེན་ཡོད་པ་དེ་ཉིན་ ༦༠ ནང་ཚུན་དུ་ལེགས་བཅོས་དགོས་པ་མ་ཟད། དོ་དམ་དང་ཁྲིམས་མཐུན་བྱེད་ཐབས་སྐོར་གྱི་མ་འདང་བའི་ཆ་རྣམས་ཁ་གསབ་བྱས་ཏེ། ཨ་རིའི་ནོར་སྲིད་ལྷན་ཁང་གི་རྒྱལ་ཕྱིའི་རྒྱུ་ནོར་དོ་དམ་གྱི་འབྲེལ་ཡོད་སྒྲིག་ཁྲིམས་ལ་སྲུང་བརྩི་དགོས་སྐོར་བརྗོད་ཡོད་པ་རེད།
དེ་སྔོན་ནེའུ་ཡོག་ཞིང་ལས་དངུལ་ཁང་གི་སྒྲིག་གཞི་དོ་དམ་པ་ལྕམ་ནཱ་ཐཱ་ཤ་(Natasha Taft)ལགས་ཀྱིས། ཨ་རིའི་ཁྲིམས་འཛིན་ལྷན་ཁང་ལ་ནེའུ་ཡོག་ཞིང་ལས་དངུལ་ཁང་གིས་དངུལ་རྩའི་ཉོང་ཚོང་ཁྲོད་ཁྲིམས་འགལ་གནད་དོན་བྱུང་གི་ཡོད་སྐོར་ཞུ་གཏུག་བྱས་པར་བརྟེན། ཁོ་མོ་ཕྱི་ལོ་ ༢༠༡༤ ལོའི་ལོ་མཇུག་ཏུ་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་དང་། ཕྱིས་སུ་ལྕམ་ནཱ་ཐཱ་ཤ་ལགས་ཀྱིས་ནིའུ་ཡོག་གྲོང་ཁྱེར་མི་མང་ཁྲིམས་ཁང་དུ་ཞུ་གཏུག་བྱས་ཏེ། མོས་ནིའུ་ཡོག་ཞིང་ལས་དངུལ་ཁང་དུ་ལས་ཀ་བྱེད་སྐབས་བྱ་བའི་དོན་འབྲས་ལ་མི་ལྟ་བར་ཕྱིའི་རྣམ་པ་ལ་དོ་སྣང་བྱེད་ཆེ་བ་དང་། དངུལ་ཁང་དོ་དམ་པའི་ནང་མོ་རང་བུད་མེད་གཅིག་པུ་དེ་ཡིན་པས་ལས་བྱེད་ནང་ཁུལ་དུ་ཕོ་མཆོག་མོ་དམན་གྱི་བྱ་སྤྱོད་སྤེལ་ཏེ། མོའི་ལུས་སེམས་གཉིས་ལ་གནོད་པ་ཆེན་པོ་བཟོས་པ་དང་། མོ་རང་གི་ལོ་ངོ་ ༡༨ ཀྱི་ལས་ཀའི་ཉམས་མྱོང་དང་མིའི་བརྩི་མཐོང་ལ་དོ་ཕོག་བཏང་བའི་རྐྱེན་གྱིས་ཁྱོན་ཨ་སྒོར་ས་ཡ་ ༨ ཀྱི་གུན་གསབ་སྤྲོད་དགོས་སྐོར་བརྗོད་ཡོད་འདུག
ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་ནག་གི་ཡན་ལག་དངུལ་ཁང་དག་གིས་ནག་ཚོང་ཚོགས་པ་དང་མི་སྒེར་ལ་ལྐོག་འབྲེལ་བྱས་ཏེ་ནག་ཚོང་བརྒྱབ་པའི་གནད་དོན་རིམ་པར་བྱུང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༦ པའི་ནང་སི་པིན་དུ་ཡོད་པའི་རྒྱ་ནག་བཟོ་ཚོང་ཡན་ལག་དངུལ་ཁང་ལ་ཟླ་ ༤ ཙམ་རིང་ཞིབ་བཤེར་བྱས་པ་བརྒྱུད། ཡན་ལག་དངུལ་ཁང་དེས་ནག་ཚོང་ཚོགས་པ་ཞིག་ནས་སྔ་གཞུག་ཏུ་དངུལ་སྨར་ཡོ་སྒོར་ཁྲི་མང་པོ་བླངས་ཏེ་ཡོ་སྒོར་ཁྲི་ ༥ རེ་བྱས་ནས་རྒྱ་ནག་ཏུ་བཏང་བའི་ནག་ཉེས་འོག དངུལ་ཁང་གི་མཐོ་རིམ་དཔོན་པོ་ ༦ འཛིན་བཟུང་བྱས་ཡོད་པ་དང་། དེ་བཞིན་ཨེ་ཊ་ལི་རུ་ཡོད་པའི་རྒྱ་ནག་ཡན་ལག་དངུལ་ཁང་གིས་ནག་ཚོང་བྱེད་ཐབས་བཀོལ་ཏེ། ཕྱི་ལོ་ ༢༠༠༦ ནས་ ༢༠༡༠ བར་དུ་ཡོ་སྒོར་དུང་ཕྱུར་ ༤༥ ལྷག་རྒྱ་ནག་ཏུ་ཕྱིན་ཡོད་པ་དང་། ཡན་ལག་དངུལ་ཁང་དེའི་མཐོ་རིམ་དཔོན་པོ་ ༤ བཅས་འབྲེལ་ཡོད་དོགས་ཡོད་ཉེས་ཅན་ཁྱོན་མི་གྲངས་ ༢༩༧ ཡོད་སྐོར་བསྒྲགས། གཞན་ཡང་། ཕྱི་ལོ་ ༢༠༡༠ ནས་བཟུང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་མན་ཧཱ་ཐན་ཁུལ་གྱི་ཁྲིམས་ཁང་ཞིག་ཏུ་ནག་ཉེས་ཞུ་གཏུག་བྱས་པ་བརྒྱུད། ས་གནས་ཁྲིམས་ཁང་དེས་ཁུལ་དེར་ཡོད་པའི་རྒྱ་ནག་དངུལ་ཁང་གིས་ཐོན་རྫས་རྫུན་མར་ཞིབ་བཤེར་གྱི་ལས་དོན་ལ་མཉམ་འབྲེལ་གཞོགས་འདེགས་མ་བྱས་པའི་ནག་ཉེས་འོག་རྒྱ་སྒོར་ས་ཡ་ ༡༢ ཡི་གུན་གསབ་སྤྲོད་དགོས་པའི་བཅད་ཁྲ་བཏང་ཡོད་འདུག
འདས་ལོའི་ཕྱི་ཟླ་ ༧ པའི་ནང་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཕྱི་ལོ་ ༢༠༡༥ལོའི་རྒྱལ་སྤྱིའི་དུག་རྫས་འགོག་རྒོལ་དོ་དམ་སྙན་ཞུའི་ནང་དུ། ལོ་ལྟར་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་ནག་གི་དངུལ་ཁང་དག་གིས་ཁྲིམས་འགལ་ནག་ཚོང་གི་དངུལ་རྒྱ་སྒོར་དུང་ཕྱུར་ ༡༠༠ ལས་བརྒལ་གྱི་ཡོད་པ་དང་། རྒྱ་ནག་གི་གཞི་རྒྱ་ཆེ་བའི་རྒྱལ་གཉེར་དངུལ་ཁང་ནི་ནག་ཚོང་བའི་ངན་རོགས་ཆེན་པོ་ཞིག་ཡིན་སྐོར་བསྒྲགས་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།