བོད་སྐྱོད་ལྕགས་ལམ་བཟོ་སྐྲུན་གྱི་ལས་གཞིའི་འོག་རྒྱ་ནག་གཞུང་གིས་དར་མདོ་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལས་གཞི་འཆར་འགོད་གཏན་འབེབས་བྱས་ཟིན་ཡོད་འདུག
རྒྱ་ནག་གཞུང་འབྲེལ་དྲ་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་རྒྱལ་ཁབ་འཕེལ་རྒྱས་བསྒྱུར་བཅོས་ལྷན་ཁང་གི་འཆར་འགོད་བཀོད་འདོམས་འོག ཁྲིན་ཏུའུ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་ལྷོ་ཐིག་དང་བྱང་ཐིག་གཉིས་སུ་ཕྱེས་ཏེ། ཁྲོན་བོད་ལྕགས་ལམ་གྱི་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་པ་ལྟར། དར་རྩེ་མདོ་ནས་ཉིང་ཁྲི་བར་གྱི་ཕྱི་ལོ་ ༢༠༡༨ ལོའི་ལྕགས་ལམ་བཟོ་སྐྲུན་གྱི་ལས་གཞི་འཆར་འགོད་གཏན་འབེབས་བྱས་ཟིན་ཡོད་པ་དང་། བཟོ་སྐྲུན་སྤྱིའི་ལས་ཡུན་ལོ་བདུན་དང་ཕྱེད་ཡིན་པས་ཕྱི་ལོ་ ༢༠༢༥ ལོར་ལྕགས་ལམ་ཧྲིལ་པོ་འགྲུབ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
ཤར་ནས་ནུབ་ཏུ་སྦྲེལ་བའི་ཁྲོན་བོད་ལྕགས་ལམ་ཟེར་བ་དེའི་ལྷོ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་ ༢༡༤༠ ཡོད་པ་དང་། ལས་གཞི་དེ་ཁྲིན་ཏུའུ་གྲོང་ཁྱེར་ནས་གཡག་རྔ་དང་། གཡག་རྔ་ནས་དར་མདོ། དར་མདོ་ནས་ཉིང་ཁྲི། ཉིང་ཁྲི་ནས་ལྷ་ས་བར་བཅས་མཚམས་བཞི་རུ་དབྱེ་ཡོད་པ་དང་། ཁྲིན་ཏུའུ་ནས་གཡག་རྔ་བར་གྱི་འཛུགས་སྐྲུན་ཕྱི་ལོ་ ༢༠༡༤ ལོའི་ལོ་མཇུག་ནས་མགོ་བཙུགས་ཡོད་པ་དང་། ལྷ་ས་ནས་ཉིང་ཁྲི་བར་གྱི་འཛུགས་སྐྲུན་ཕྱི་ལོ་ ༢༠༡༥ ལོའི་ལོ་དཀྱིལ་དུ་མགོ་བཙུགས། གཡག་རྔ་ནས་དར་མདོའི་བར་གྱི་འཛུགས་སྐྲུན་འདི་ལོའི་ཕྱི་ཟླ་ ༡ པོའི་ནང་ལག་བསྟར་གཏན་འབེབས་བྱས། དར་མདོ་ནས་ཉིང་ཁྲི་བར་གྱི་ལས་གཞིར་ཞིབ་འཇུག་བྱས་ཏེ་ཕྱི་ཟླ་ ༡༠ པའི་ནང་ལག་བསྟར་གཏན་འབེབས་བྱུང་ཡོད་པ་ལྟར། དར་མདོ་ནས་ཉིང་ཁྲི་བར་གྱི་ལས་གཞི་དེ་ལྕགས་ལམ་ཧྲིལ་བོའི་འཛུགས་སྐྲུན་གྱི་ལས་གཞི་ཆེས་མཐའ་མ་དེ་ཡིན་ལ། ལས་ཡུན་ཆེས་རིང་ཤོས་དང་ལས་ཚེགས་ཀྱང་ཆེས་ཆེ་ཤོས་དེ་ཆགས་ཡོད་འདུག
ལྕགས་ལམ་ཐིག་རིས་ལས་གསལ་བ་ལྟར་ན། ཁྲོན་བོད་ལྕགས་ལམ་གྱི་བྱང་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ་ ༢༤༡༢ ཙམ་ཡོད་པ་དང་། ཁྲིན་ཏུའུ་ནས་མགོ་བཙུགས་ཏེ་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་ཝུན་ཁྲོན་རྫོང་དང་ཏུའུ་ཅང་ཡན། བཙན་ལྷ་རྫོང་། དེ་ནས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རོང་བྲག་ནས་རྟའུ་དང་བྲག་མགོ། དཀར་མཛེས། མ་ཎི་གད་འགོ། སྡེ་དགེ། འཇོ་མདའ། ཆབ་མདོ། རི་བོ་ཆེ། སྟེང་ཆེན། སྦྲ་ཆེན། སོག་རྫོང་། ནག་ཆུ། འདམ་གཞུང་། ཡངས་པ་ཅན་བཅས་བརྒྱུད་དེ་ལྷ་ས་གྲོང་ཁྱེར་བར་དུ་གཏུག་གི་ཡོད་འདུག
དེ་ཡང་གནས་ཚུལ་དེའི་ནང་། ཁྲོན་བོད་ལྕགས་ལམ་ནི་བོད་དུ་སྐྱོད་པའི་ལྕགས་ལམ་རིང་པོ་ལྔ་ཡི་ནང་ནས་ལམ་ཀ་ཆེ་ཤོས་ཤིག་ཡིན་ཞིང་། ལྕགས་ལམ་དེར་”འཛུགས་སྐྲུན་ཆེས་དཀའ་བའི་ལྕགས་ལམ་”ཞེས་འབོད་ཀྱི་ཡོད་པ་དང་། མཚོ་བོད་ལྕགས་ལམ་དང་བསྡུར་ན་ཁྲོན་བོད་ལྕགས་ལམ་ནི་སྤྱི་ལེ་ ༡༠༠ ལྷག་གིས་ཐུང་བ་ཡོད་ཀྱང་། འཛུགས་སྐྲུན་དུས་ཡུན་ཆེས་རིང་བ་དང་། མ་དངུལ་འཇོག་ཚད་ནི་མཚོ་བོད་ལྕགས་ལམ་ལས་ལྡབ་གྱུར་ཡིན་ལ། ལྕགས་ལམ་ཧྲིལ་བོའི་འཁོར་སྐྱོད་གཉེར་སྐྱོང་གི་རིང་ཚད་ལ་སྟོང་སྨི་ ༡༨༣༨ ཡོད་པ་དང་། གསར་སྐྲུན་ལམ་ཐིག་གི་རིང་ཚད་ལ་སྟོང་སྨི་ ༡༧༣༨། ཟམ་པ་དང་ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྟོང་སྨི་ ༡༤༡༣ ཡོད་པས། ལམ་ཐིག་ཧྲིལ་པོའི་བརྒྱ་ཆ་ ༨༡ ཟིན་ཡོད་པ་དང་། སྔོན་རྩིས་ལྟར་ན། མ་དངུལ་རྒྱ་སྒོར་དུང་ཕྱུར་ ༢༡༦༦ གཏོང་དགོས་སྐོར་བསྒྲགས་འདུག
གསར་འགོད་པ། པདྨ་མཚོ།