བོད་དང་རྒྱ་གར་ས་མཚམས་ཨ་རུ་ན་ཅལ་མངའ་སྡེའི་མི་ཆུ་ཀ་ས་ཁུལ་གྱིས་ཡུལ་མི་ཚོས་རྒྱ་གར་གཞུང་ལ་བོད་དང་དངོས་ཟོག་སྐྱེལ་འདྲེན་གྱི་ཚོང་ལམ་ཕྱེ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་འདུག
ཁ་སང་རྒྱ་གར་བང་ཆེན་ (The New Indian Express) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་རྒྱ་དཀར་ནག་གི་མཐའ་མཚམས་ཁུལ་དུ་དམ་དྲག་དང་རྒྱ་ནག་གི་དངོས་ཟོག་ཉོ་འཚོང་བཀག་སྡོམ་བྱས་པར་བརྟེན་ཏེ། ཨ་རུ་ན་ཅལ་མངའ་སྡེའི་མི་ཆུ་ཀ་ (Mechukha)ཟེར་བའི་གྲོང་ཁུལ་གྱི་ཚོང་ལས་གཉེར་མཁན་ཚོར་དཀའ་ངལ་འཕྲད་དེ། བོད་དང་ས་འབྲེལ་ཁུལ་དུ་ཚོང་ལམ་ཕྱེ་དགོས་པའི་རེ་སྐུལ་ཞུ་བཞིན་ཡོད་འདུག
ས་གནས་དེའི་ཁྲོམ་ར་ལྷན་ཚོགས་ཀྱི་དྲུང་ཆེ་ཀལ་མོ་སེན་ (KL Mosing) ཟེར་བ་ཞིག་གིས་བརྗོད་དོན། ཕྱི་ལོ་ ༡༩༤༧ ལོའི་སྔོན་ལ་བོད་དང་ང་ཚོའི་བར་ཉོ་ཚོང་བྱེད་ཀྱིན་ཡོད་པ་རེད། ང་ཚོ་བོད་དུ་སོང་ནས་དངོས་ཟོག་ཉོ་འཚོང་བྱེད་ཀྱིན་ཡོད་པ་དང་། བོད་མི་ཚོའང་ཚུར་མི་ཆུ་ཀར་ཡོང་ནས་ང་ཚོའི་དངོས་ཟོག་ཉོ་འཚོང་བྱེད་ཀྱིན་ཡོད། ང་ཚོའི་ས་ནས་ལམ་ཐག་ཉེ་ཤོས་དེ་བོད་མིའི་གཞིས་གྲོང་གྷ་ཇ་ (Gaja) རེད། ང་ཚོའི་ཕ་མ་སྤུན་མཆེད་ཚོ་ཉིན་ ༤ ནས་ ༥ རིང་རྐང་ཐང་ལ་གྲོང་ཁུལ་དེར་དངོས་ཟོག་ཉོ་འཚོང་བྱེད་དུ་འགྲོ་བཞིན་ཡོད། རྒྱ་གར་ལ་རང་བཙན་ཐོབ་རྗེས་མཐའ་མཚམས་ཀྱི་ཚོང་འབྲེལ་ཆད་དེ་ད་ལྟ་ཕན་ཚུན་དངོས་ཟོག་ཉོ་འཚོང་བྱེད་ཐུབ་ཀྱི་ཡོད་པ་མ་རེད།
ང་ཚོ་ས་ནས་ལམ་ཐག་ཉེས་ཤོག་ཀྱི་རྒྱ་གར་གྲོང་རྡལ་ཆེ་ཤོས་དེ་ཨ་ལོ་ (Aalo) རེད། གྲོང་ཁུལ་དེར་དངོས་ཟོག་ཉོ་འཚོང་བྱེད་དུ་འགྲོ་བར་ཚོང་ཁྲལ་ལྕི་བ་མ་ཟད། ལམ་གླར་ཡང་མི་རེར་ཧིན་སྒོར་ ༡༠༠༠ ལྷག་གི་འགྲོ་སོང་ཡོད་སྟབས་ཚོང་ལས་གཉེར་མཁན་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་འདུག ཅེས་བརྗོད་འདུག
མི་ཆུ་ཀ་གྲོང་ཁུལ་གྱི་ཚོ་དཔོན་ཀི་སང་གྷོ་བྷ་ (Kesang Goiba) ཟེར་བ་ཞིག་གིས། ང་ཚོས་རྒྱ་གར་གཞུང་འཛིན་དཔོན་རིགས་ཚོའི་སར་མཐའ་མཚམས་ཀྱི་ཚོང་ལམ་བསྐྱར་མཐུད་ཡོང་ཐབས་སུ་སྐུ་ཚབ་མང་པོ་བཏང་བ་ཡིན། ང་ཚོས་བོད་ཀྱི་མཐའ་མཚམས་ཁག་དང་ཚོང་འབྲེལ་བྱེད་མ་ཐུབ་པའི་དབང་གིས་ད་ལྟ་ང་ཚོའི་འཚོ་བར་དཀའ་ངལ་འཕྲད་ཀྱིན་འདུག མ་འོངས་པར་ངེས་པར་དུ་མཐའ་མཚམས་ཁག་ཏུ་གཞུང་ལམ་བཟོ་དགོས་ཀྱི་འདུག བོད་ནང་གི་མཐའ་མཚམས་ཚོང་པ་ཚོས་ཀྱང་ང་ཚོའི་ས་གནས་ཨ་རག་དང་བྱེ་མ་ཀ་ར། ཐ་མག་སོགས་ཉོ་དགོས་ཀྱི་ཡོད་པ་རེད། སྔོན་ཆད་ང་ཚོས་དུས་ཡུན་རིང་བོར་བོད་མིའི་ཚྭ་དང་ང་ཚོའི་བྱེ་མ་ཀ་ར་བརྗེ་ཚོང་བྱེད་ཀྱིན་ཡོད་པ་མ་ཟད། བོད་མི་ཚོས་ང་ཚོའི་མཐའ་མཚམས་ཁག་ཏུ་སྨན་རྩྭ་བཏུ་བཞིན་ཡོད་པ་རེད། བོད་དང་རྒྱ་གར་བར་གྱི་ཚོང་ལ་ཕྱེ་ན་དངོས་ཟོག་ཉོ་འཚོང་ཙམ་མིན་པར་གཉེན་ཉེ་ཚོར་ཡང་ཐུག་འཕྲད་བྱེད་ཐུབ་ཀྱི་ཡོད་པ་རེད། ཅེས་བརྗོད་འདུག
གནས་ཚུལ་ལྟར་ན། དབྱིན་ཡིག་ནང་མི་ཆུ་ཀ་ (Mechukha)ཟེར་བའི་ས་ཁུལ་དེ་ནི་བོད་དང་བར་ཐག་ཉེ་བའི་ཨ་རུ་ན་ཅལ་གྱི་གྲོང་ཁུལ་ཞིག་ཡིན་པ་དང་། ས་ཁུལ་དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་ཧྥི་ཊི་ ༦༢༠༠ ཡོད་འདུག མི་ཆུ་ཀ་ནས་བོད་ཀྱི་ས་མཚམས་བར་སྤྱི་ལེ་ ༢༩ ཙམ་ཡོད་པ་དང་། མི་ཆུ་ཀ་ས་ཁུལ་གྱི་ཡུལ་མི་བརྒྱ་ཆ་ ༣༠ ནང་པ་ཡིན་ཞིང་། ས་ཁུལ་དེ་ནི་ལོ་རྒྱུས་རིང་བཞིན་གྱི་བོད་དང་རྒྱ་གར་གྱི་ཚོང་ལམ་ཞིག་ཡིན་འདུག
རྒྱ་དཀར་ནག་བར་གྱི་མཐའ་མཚམས་དམ་དྲག་བྱས་པ་དང་རྒྱ་གར་གཞུང་གིས་རྒྱ་ནག་གི་དངོས་ཟོག་ནང་འདྲེན་བཀག་སྡོམ་བྱས་པ་སོགས་ལ་བརྟེན་ཏེ། ད་ལྟ་མི་ཆུ་ཀ་ས་ཁུལ་གྱི་ཡུལ་མི་ཚོང་བ་ཚོ་རྒྱ་གར་ནུབ་ཁུལ་ཨ་ལོ་ (Aalo) ཞེས་པའི་གྲོང་རྡུལ་དུ་ཉོ་འཚོང་བྱེད་པར་འགྲོ་དགོས་པ་དང་། མི་ཆུ་ཀ་ནས་ཨ་ལོ་གྲོང་རྡལ་བར་སྤྱི་ལེ་ ༡༨༦ ཡོད་པ་ཅིང་། ས་ཁུལ་དེའི་ཚོང་ཁྲལ་དང་ལམ་ཁྲལ་ལྕི་བ་སོགས་ལ་བརྟེན་ཏེ། ཡུལ་མི་ཚོས་རྒྱ་གར་གཞུང་ལ་བོད་མིའི་ཁྲོམ་རར་ཚོང་ལམ་ཕྱེ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་འདུག
གསར་འགོད་པ། པདྨ་རྒྱལ།