མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་དགུའི་རྗེས་ཀྱི་ཧི་མ་ལ་ཡའི་རིག་གནས་ཀྱི་མཁའ་དབུགས་གླེང་བ།

བོད་ཀྱི་དུས་བབ།
༢༠༡༦/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། པདྨ་དགོས་འབྱོར། བལ་ཡུལ།

ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་ནས་བོད་ཀྱི་བླ་ཆེན་ཁག་གི་གཙོས་བོད་མི་མང་དག་ཅིག་ཕྱིའི་ཡུལ་གྲུ་ཁག་ལ་བྲོས་བྱོལ་དུ་ཕེབས་དགོས་པའི་གནས་སྟངས་གཉན་འཕྲང་ཞིག་ཏུ་གྱུར། འོན་ཀྱང་རིས་མེད་ཆོས་སྡེ་ཁག་གི་བླ་ཆེན་ཚོས་ཐུགས་ཞུམ་པ་མེད་པའི་སྒོ་ནས་རང་རང་གི་ཆོས་བརྒྱུད་ཀྱི་བཤད་གྲུབ་བསྟི་གནས་འཛུགས་བསྐྲུན་སླད་སྐུ་ངལ་ཁྱད་བསད་ཀྱིས་རིམ་པས་བཤད་གྲུབ་འཆད་ཉན་གྱི་སྡེ་ཁག་ཚ་ཚ་འུར་འུར་གྱིས་རྒྱ་བལ་འབྲུག་གསུམ་གཙོས་ས་ཁུལ་མང་པོར་གསར་བཞེངས་ཀྱི་ལས་མགོ་བརྩམས་ཡོད། དུས་སྐབས་དེར་བླ་ཆེན་ཚོར་མཚོན་ན་ཉིན་རེའི་བཞེས་ལག་ཙམ་ཡང་འདོད་བློ་ཁེངས་པ་ཞིག་མེད་རུང་བསྟན་པ་སྤྱི་དང་བྱེ་བྲག་ཐུགས་ལ་བཅངས་ཏེ་ཞུམ་པ་མེད་པའི་སྒོ་ནས་འགྱེལ་ས་ནས་ལངས་ཐུབ་པ་མཛད་ཡོད་པའི་རྣམ་པར་ཐར་པ་ནི་མཐའ་སྐོར་ཡུལ་མི་ཚོའི་ངག་ལམ་ན་གྲགས་ནས་མཆིས་མོད། བསྟན་པ་སྤྱི་དང་བྱེ་བྲག་ལ་བསམ་ན་བླ་ཆེན་ཚོས་ཞུམ་པ་མེད་པའི་ཐུགས་སྤོབས་ཀྱིས་ཕྱིའི་གཙུག་ལག་ཁང་དང་ནང་གི་དད་ལྡན་སློབ་ཚོགས་རིས་དང་མཚམས་མེད་པར་བསྐྱེད་བསྲིང་མཛད་པའི་བཀའ་དྲིན་ནི་གསེར་སྲང་སྟོང་གིས་གཞལ་ཡང་གཞལ་ནུས་དབེན་པའི་བཀའ་དྲིན་གྱི་ཕུང་པོ་ཉག་གཅིག་ཏུ་སེམས།

༡༩༥༩ སྔོན་གྱི་ཧི་མ་ལ་ཡའི་ས་ཁུལ་ན་རིག་གནས་ཀྱི་གནས་བབ། དེ་ལ་ཧི་མ་ལ་ཡའི་དོན་དེ་གཙོ་བོ་གངས་རི་ལྗོངས་ལྟ་བུ་ཞིག་ལ་གོ་བའང་ཡོད། འོན་ཀྱང་། སྒྲ་འཇུག་ཡུལ་གྱི་དབང་དུ་བྱས་ན་རྒྱ་གར་གྱི་མངའ་ཁུལ་མོན་རྟ་དབང་། ལ་དྭགས། འཇམ་མུ། ཀ་ཤི་སྨྲ། སི་ཀིམ། དེ་བཞིན། བལ་ཡུལ་ལ་མཚོན་ན་ཧི་མ་ལ་ཡ། རི་པ། རོང་པ་བཅས་རྒྱལ་ཁབ་ཧྲིལ་པོ་སྡེ་ཚན་གསུམ་དུ་དབྱེར་ཡོད་པ་ལས་ཧི་མ་ལ་ཡ་ནི་བལ་ཡུལ་གྱི་མཐའ་མཚམས་རྟ་མང་། ཤར་པ། སྙེ་ཤང་། དོལ་པོ། ནུབ་རི། ཙུམ་པ། ཧུམ་ལ། གུ་རུང་། གློ་བ། མུ་གུ། ཡོལ་མོ་བཅས་ཡིན། རྒྱ་བལ་གཉིས་ཀྱི་ཁྱིམ་མཚེས་འབྲུག་གི་རྒྱལ་ཁབ་ཀྱང་ཧི་མ་ལ་ཡའི་ས་ཁུལ་ཡིན། དེའི་ནང་ནས་གཙོ་ཆེ་བ་རྒྱ་གར་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་དང་བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་ཁག་གཉིས་ལ་མཚོན་ན་བོད་ལ་དུས་འགྱུར་མ་བྱུང་སྔོན་གྱི་དུས་ཚོད་ནང་གནའ་རབས་ཀྱི་རིག་གནས་དང་དེང་རབས་ཀྱི་རིག་གནས་གང་ལའང་རང་སྐྱ་འཕེར་མཁན་ཕར་བཞག་རགས་རིམ་ཙམ་ཤེས་རྟོགས་ཅན་ཡང་ཤིན་ཏུ་ཉུང་ཚོད། བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་གྱི་ཡུལ་མི་དག་ལ་མཚོན་ན་སྐབས་དེ་དུས་ནི་དེང་སྐབས་རྒྱལ་སྤྱིའི་ནང་གདོད་མའི་མི་རིགས་ཟེར་བའི་སྐོར་ལ་གླེང་སློང་མང་པོ་ཞིག་བྱེད་སའི་གདོད་མའི་མི་རིགས་དག་གི་མཇུག་མཐུད་དམ་གདོད་མའི་མི་རིགས་ཀྱི་ངོ་གདོང་གསོན་པོའི་ཚབ་མཚོན་ཞིག་ཀྱང་ཡིན་ཚོད།

སྤྱིར་ན་འདས་པའི་ལོ་རྒྱུས་ནང་བལ་ཡུལ་དང་རྒྱ་གར་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་གང་ས་ནས་བོད་ལ་ནང་བསྟན་རིག་གནས་སློབ་སྦྱོང་བྱེད་དུ་འགྲོ་མྱོང་བའི་སྐོར་ལ་ཕྱོགས་སོ་སོ་ན་ལོ་རྒྱུས་ཡིག་ཆ་ཡོད་ཚོད་འདུག་ཅིང་བླ་མ་སྐྱེས་བུ་དམ་པ་ཚོའི་རྣམ་ཐར་ལས་ཀྱང་གསལ་ལ་མི་སྣ་རྒན་པའི་ངག་རྒྱུན་ལའང་དུས་ད་ལྟ་བར་དུ་འཇགས་འདུག འོན་ཀྱང་། བར་སྐབས་ཤིག་བོད་ལ་སློབ་སྦྱོང་བྱེད་དུ་འགྲོ་བའི་རྒྱུན་ཆད། ས་གནས་སོ་སོའི་ནང་ཤེས་རིག་གི་བསྟི་གནས་ཀྱང་འཛུགས་བསྐྲུན་མེད་པ་བཅས་ལོ་མང་རིང་ཡི་གེ་དཀར་ནག་ཤེས་ཙམ་དང་། གྲོང་ཆོག་བྱེད་ཐུབ་ཙམ་དག་ལ་ཤེས་ལྡན་དུ་བརྩི་བའི་ལམ་ལུགས་ཤིག་དར་ཡོད་ལ་ངའི་ཕ་ཡུལ་ལྟ་བུར་ཡིན་ན་ལྟ་ཚུལ་དེ་དང་འབྲེལ་བའི་སྐད་ཆ་ད་དུང་ཡང་ཐོས་རྒྱུ་ཡོད། སྤྱི་ཚོགས་ནང་གི་ཤེས་ལྡན་པའི་ངོས་འཛིན་བྱེད་སྟངས་དེས་དུས་སྐབས་དེའི་རིག་གནས་ཀྱི་གནས་བབ་ནི་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་དུ་གྱུར་ཡོད།

དེང་གི་བལ་ཁོངས་ཧི་མ་ལ་ཡའི་ས་ཁུལ་ཁག་གི་གནས་བབ་ལ་རོབ་ཙམ་བལྟས་པའི་མཐོང་ཐོས་གཞི་བཅོལ་གྱིས་ཐད་ནས་གླེང་ན་བོད་ལ་དུས་འགྱུར་མ་བྱུང་སྔོན་གྱི་བལ་ཡུལ་ཧི་མ་ཡའི་མི་རིགས་ནི་ཡི་གེ་དཀར་ནག་འབྲི་ཀློག་རགས་རིམ་ཤེས་མཁན་དག་ལ་ཆེ་མཐོང་དང་ཤེས་ལྡན་པའི་གྲལ་དུ་འཇོག་པའི་གཅིག་གྱུར་གྱི་གནས་སྟངས་ཅན་ཡིན་པ་ངོས་འཛིན་ཐུབ། དུས་སྐབས་དེར་ས་གནས་སྲིད་གཞུང་གིས་མང་ཚོགས་ལ་ཤེས་རིག་གི་བསྟི་གནས་སོགས་གང་ཡང་འཛུགས་བསྐྲུན་བྱེད་ཐུབ་མེད་ལ་དེང་སྐབས་ལྟར་གྱི་ཕྱི་རྒྱལ་རོགས་ཚོགས་ཁག་འཚང་ཁ་ཤིག་ཤིག་ཅན་དེ་ཡང་མེད་པར་འདོད། འདས་པའི་ལོ་རྒྱུས་ནང་ཧི་མ་ལ་ཡའི་ས་ཁུལ་གང་སར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་མང་པོ་བྱོན་མྱོང་པའི་སྐོར་ལོ་རྒྱུས་དེབ་ཐེར་ཁག་ན་གསལ་ཡང་དུས་རབས་བཅུ་དགུ་ཉི་ཤུའི་ནང་ལ་གྲུབ་པའི་དབང་པོ་མང་ཙམ་བྱོན་མྱོང་པའི་དབང་དུ་བཏང་ཡང་མཁས་པའི་དབང་པོ་ནི་དེ་ཙམ་བྱོན་མ་ཐུབ་པ་གསལ།

དུས་རབས་བརྒྱད་པའི་ནང་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་ཆུང་མར་བསུས་པ་སོགས་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡུན་རིང་པོར་གནས་ཡོད། བལ་ཡུལ་ནི་ལོ་རྒྱུས་ནང་བོད་དང་འབྲེལ་བ་ཅན་གྱི་རྒྱལ་ཁབ་ཐོག་མའི་གྲས་གཅིག་ཡིན་པའང་ངོས་འཛིན་བྱེད་ཐུབ་ལ་གཙོ་བོ་བོད་དང་ས་འབྲེལ་ཡོད་པའི་དབང་གིས་འབྲེལ་བ་བྱུང་བའང་ཟུར་བལྟས་ལེབ་མཐོང་ལྟར་རོ།།

བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་མི་རིགས་ས་ཁུལ་དག་ནི་བོད་དང་ས་འབྲེལ་ཅན་མང་པས་འཚོ་ཐབས་ཆེད་དུའང་ཕྱོགས་ཕན་ཚུན་དབར་ལ་འབྲེལ་ལམ་བཟང་པ་སོགས་དུས་ད་ལྟ་བར་དུའང་མངོན། དུས་སྐབས་དེར་ཧི་མ་ལ་ཡའི་ས་ཁུལ་སོ་སོའི་ནང་གཞུང་ལུགས་འཆད་མཁན་སོགས་དཀོན་པས་བོད་ཀྱི་བླ་ཆེན་གོང་མ་ཚོའི་ཞབས་ལ་གཏུག་མཁན་ཕྱོགས་གང་ས་ནས་བྱུང་མྱོང་བ་ཡིན་ལ་དེ་ལྟའི་ཤུགས་རྐྱེན་འོག་ཧི་མ་ལ་ཡའི་ས་ཁུལ་ཁག་ཏུ་འདས་པའི་ཆར་གྲུབ་པའི་གོ་འཕང་ས་མཐོར་བསྙེགས་པའི་བླ་མ་ཡང་མི་ཉུང་ཙམ་བྱུང་ཡོད་པ་ཡིན། བོད་ཀྱི་ཁྱིམ་མཚེས་བལ་ཡུལ་ཧི་མ་ལ་ཡའི་མི་རིགས་རྣམས་ཕྱི་ལོ་ ༡༩༦༤ཙམ་ནས་ཐོག་མར་སློབ་གྲྭར་འགྲིམས་པའི་མགོ་ཚུགས་པ་ལྟ་བུའི་བདེན་དཔང་གི་ལོ་རྒྱུས་རྒན་པ་ཚོའི་ངག་རྒྱུན་ན་མཆིས།

༡༩༥༩ ལོར་བོད་ལ་འཕྲད་པའི་དོན་རྐྱེན་གྱིས་ཧི་མ་ལ་ཡའི་མི་རིགས་ལ་རིག་གནས་ཀྱི་མཁའ་དབུགས་གསར་བ་ཞིག་བྱིན་ཡོད།

བལ་ཡུལ་ཧི་མ་ལ་ཡའི་ས་ཁུལ་གྱི་ཡུལ་མི་རྣམས་སློབ་གྲྭར་འགྲིམས་མགོ་ག་དུས་བཙུགས་མིན་ཐད་ལ་གོང་སྨྲས་ལྟར་རེད་ལ་རྒྱ་གར་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་མོན་རྟ་དབང་ལྟ་བུར་མཚོན་ནའང་རིག་གནས་སྦྱོང་པའི་མགོ་བརྩམས་ནས་དུས་ཡུན་རིང་པོ་སོང་མེད་པ་ས་ཁུལ་དེ་ན་རིག་གནས་ཆུ་ཚད་ངེས་ཅན་དཀོན་པ་དེས་མཚོན་ནུས། དུས་འགྱུར་མ་བྱུང་སྔོན་ལ་རྒྱ་གར་བལ་ཡུལ་གཉིས་ན་དགོན་སྡེ་གྲངས་ཧ་ཅང་ཉུང་ངུ་ལས་མེད་པར་གསལ། དེས་ན་དེང་གི་བཤད་གྲུབ་བསྟི་གནས་དགོན་སྡེ་ཁག་མང་ཆེ་བ་ང་དགུའི་དོན་རྐྱེན་གྱི་རྗེས་ལ་གསར་བཞེངས་གནང་བ་ཁོ་ན་རེད།

དགོན་སྡེ་ཁག་ཏུ་བོད་པ་ཙམ་མིན་པར་འཛམ་གླིང་ཤར་ནུབ་གང་ས་ནས་ནང་བསྟན་རིག་གནས་ལ་དོན་གཉེར་ཅན་ཡོངས་རྫོགས་ལ་སློབ་སྦྱོང་བྱེད་སའི་ས་མིག་བསྐྲུན་ནས་ཧི་མ་ལ་ཡའི་མི་རིགས་ལ་རིག་གནས་ཀྱི་མཁའ་དབུགས་གསར་བ་ཞིག་བྱིན་ཡོད། དེང་སྐབས་གདན་ས་སེ་འབྲས་དགའ་གསུམ་གཙོས་ཆོས་རྒྱུད་ཁག་གི་དགོན་སྡེ་མང་ཆེ་བའི་ནང་སློབ་གཉེར་བའི་གྲངས་བརྒྱ་ཆ་བཞི་བཅུ་ཙམ་ཧི་མ་ལ་ཡའི་མི་རིགས་ཀྱིས་བཟུང་ཡོད། བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་ལ་མཚོན་ན་རིག་གནས་ཅན་གྱི་བརྒྱ་ཆ་མང་ཆེ་བ་བླ་སྤྲུལ་གྱིས་བཟིན་ཡོད་ལ་བླ་སྤྲུལ་དེ་དག་རྒྱ་བལ་འབྲུག་གསུམ་ན་ཡོད་པའི་དགོན་སྡེ་ཁག་གིས་བསྐྱེད་བསྲིང་བྱས་པ་ཤ་སྟག་རེད། དགོན་སྡེ་ཁག་ནི་ཆོས་རྒྱུད་སོ་སོའི་བླ་ཆེན་གྱི་ཐུགས་བརྩེའི་ཉེར་ལེན་ལས་གྲུབ་པ་ཡིན་སྟབས་བོད་ཀྱི་བླ་ཆེན་ཚོས་ཧི་མ་ལ་ཡའི་མི་རིགས་ལ་ཤེས་རིག་གི་སྒོ་གསར་དུ་ཕྱེ་ཡོད་པ་དེ་ཧི་མ་ལ་ཡའི་མི་རིགས་དག་ལ་དུས་རབས་ཤིག་གི་ཀྱོག་མཚམས་དེར་ལོ་རྒྱུས་ཀྱི་ཟིན་ཐོ་གལ་ཆེན་ཞིག་ཡིན། ཧི་མ་ལ་ཡའི་མི་རིགས་དག་ལ་མཚོན་ན་ལོ་རབས་ཉི་ཤུའི་སྔོན་ཙམ་ནས་རིག་གནས་ལ་དོ་སྣང་སླེབ་འགོ་ཚུགས་ཡོད།

དེའི་ཤུགས་རྐྱེན་དེ་སློབ་གྲྭའི་སློབ་ཐོན་པ་རྣམས་ལས་བྱུང་བ་མིན་པར་དགོན་སྡེ་གྲྭ་ཚང་ཁག་གི་བླ་སྤྲུལ་མཁན་སློབ་དགེ་བཤེས་དང་གྲྭ་བཙུན་ཟུར་བ་དག་གིས་བཟོས་ཡོད། ང་ཚོས་ལས་སླ་བོའི་ཐོག་ནས་རྟོགས་ཐུབ་པ་ཞིག་ལ་ཧི་མ་ལ་ཡའི་ས་ཁུལ་མང་པོ་ཞིག་གི་ནང་སྤྱི་ཚོགས་ལས་དོན་གལ་ཆེ་ཆུང་བརྒྱ་ཆ་དོན་ལྔ་གྲྭ་བཙུན་དག་གིས་བཟུང་ཡོད་པ་དེ་ཡིན། དེང་སྐབས་ཧི་མ་ལ་ཡའི་མི་རིགས་མང་པོ་ཞིག་རང་སྐྱ་འཕེར་བའི་ཤེས་ཡོན་ཅན་དགོན་སྡེ་གྲྭ་ཚང་ཁག་གིས་བསྐྱེད་བསྲིང་བྱས་འདུག་པ་དེ་མི་རིགས་ཤིག་གི་གནས་བབ་ཀྱི་ངོས་ནས་བལྟས་ན་བྱིས་པ་སྣབས་འཛར་རང་ངོ་མི་ངོ་ཤེས་ཙམ་ཞིག་དར་མའི་ན་ཚོད་ཅན་དུ་གསོ་སྐྱོང་བྱས་པ་དང་མཚུངས། ཡང་ཕྱོགས་གཞན་ཞིག་ནས་གླེང་ན་ལོ་རབས་བཅུ་ཕྲག་གསུམ་ཙམ་ཡར་སྔོན་གྱི་ཧི་མ་ལ་ཡའི་མི་རིགས་རྣམས་ནང་ཁུལ་ཕན་ཚུན་གཅིག་གི་གཅིག་ལ་འགྲན་བརྩོད་བྱེད་པ་ཙམ་ལས་འཛམ་གླིང་རྒྱལ་ཕྱི་ནང་གི་གནས་ཚུལ་ཤེས་རྟོགས་ཅན་ཉུང་བས་སྡོད་ཁང་ཡིན་ནའང་སོ་སོའི་སྡོད་ཁང་ཆེ་ཤོས་རྫིག་ཤོས། ཡུལ་ལུང་ཡང་སོ་སོའི་སྐྱེས་ཡུལ་དེ་ལས་ལྷག་པ་མེད་པར་འདོད་པ་དེ་ནི་ཁྲོན་པའི་སྦལ་བས་ནམ་མཁའ་ཚད་ཐིག་འཇལ་སྟངས་ཀྱི་གཏམ་རྒྱུད་དང་མཚུངས། བལ་ཡུལ་གྱི་རྩོམ་པ་པོ་འཇའ་མག་གྷི་མེ་ཀུ་མར་གྱིས་བཤད་དོན་ལ། མོ་སྔོན་མ་ཁྱིམ་མཚེས་དང་རྒྱལ་ཁབ་གཞན་གྱི་སྡོད་ཁང་མཐོང་མ་མྱོང་པའི་དུས་སྐབས་དེར་མོས་ཁོང་ཚོ་ནང་མིའི་སྡོད་ཁྱིམ་དེ་ཆེ་ཤོས་ཡིན་སྣང་འཆར་ཡང་རྗེས་ལ་དེ་ལྟར་རེད་མི་འདུག་ཅེས་པ་དེས་ང་ཚོས་རང་ཉིད་ཀྱི་ཕྱི་ནང་མ་གཏོགས་ཤེས་རྟོགས་མེད་པ་མཚོན་ཐུབ།

བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་ཁག་གི་ནང་སློབ་གྲྭའི་ཤེས་རིག་བརྒྱུད་རིམ་ནས་འཆར་འགོད་པ་དང་རབ་འབྱམས་པ་ཐོན་པ་ཧ་ཅང་ཉུང་ངུ་ལས་མེད་པ་དེས་དེང་རབས་རིག་གནས་ཀྱི་གནས་བབ་ཇི་ཙམ་བཟུང་ཡོད་མིན་ཐད་ཀྱི་དོན་དངོས་ཀྱི་རྣམ་པ་ངོ་མ་དེ་གསལ་པོ་རྟོགས་ཐུབ་པ་ཡོད། ཕྱོགས་གཞན་ཞིག་ནས་གླེང་ན་ཧི་མ་ལ་ཡའི་ས་ཁུལ་མང་ཆེ་སར་གཏམ་དཔེར། བྲོས་མཁན་བྱུང་ན་འབེབ་མཁན་དང་། འབེབ་མཁན་བྱུང་ན་བྲོས་མཁན་ཟེར་བ་ལྟར་དཔུང་ཡོད་ཚོས་དཔུང་གི་ནུས་ཤུགས་ཡོད་པ་དང་། འབྱོར་ལྡན་ཚོས་དཔལ་འབྱོར་ནུས་སྟོབས་ཀྱིས་གཉའ་གནོན་གྱིས་མངའ་འོག་ཏུ་བསྡུ་བའི་ཐབས་ལམ་གྱི་ལམ་ཁ་གདོད་མི་མི་རིགས་ཀྱི་གོམས་གཤིས་ལྡན་འདུག་པ་དེས་སྤྱི་ཚོགས་ཧྲིལ་པོ་རིག་གནས་གནས་བབ་ཞན་པོ་ཡིན་པ་རྟོགས་ཐུབ།

མདོར་ན། ཤེས་ལྡན་པའི་གྲལ་རིམ་ཅན་ཉུང་ངུ་ཙམ་ཡོད༌པ་དེ་བླ་སྤྲུལ་གྱི་གྲས་ཡིན་པ་དང་། རྒྱལ་ཕྱི་ནང་གི་སློབ་གྲྭ་ན་སློབ་ཕྲུག་ཕོ་མོ་གང་འཚམས་ཡོད་པ་དག་ཀྱང་བླ་སྤྲུལ་གྲྭ་བཙུན་ཚོས་ཤུགས་རྐྱེན་ཐེབས་པ་མང་བར་མངོན། ཧི་མ་ལ་ཡའི་ས་ཁུལ་མང་པོའི་ནང་བཤད་གྲུབ་ཀྱི་བསྟི་གནས། སློབ་གྲྭ སྨན་ཁང་སོགས་གཞི་རྩའི་དགོས་ངེས་ཅན་གྱི་ཆ་རྐྱེན་ཡང་གང་འཚམས་སྔོན་མེད་འཛུགས་བསྐྲུན་གསར་བ་མཐོང་རྒྱུ་ཡོད་པ་དག་གི་ཁྲོད་ན་བརྒྱ་ཆ་ཕྱེད་ཙམ་དགོན་སྡེ་ཁག་གིས་བསྐྱེད་བསྲིང་བྱས་པའི་བླ་སྤྲུལ་ཚོའི་བྱས་རྗེས་ཡིན། མདོར་ན་ཧི་མ་ས་ཁུལ་མང་པོའི་ནང་སྤྱི་ཚོགས་ཀྱི་ལས་དོན་ཐད་ལ་ལག་སྔ་མ་རྐྱོང་མཁན་དེ་གྲྭ་བཙུན་ཚོ་དང་གྲུ་བཙུན་ཟུར་བ་རྣམས་ཡིན་པས་ཁོང་རྣམས་སྐྱེད་བསྲིང་བྱེད་པོ་རིས་སུ་མ་མཆེད་པའི་བོད་ཀྱི་བླ་ཆེན་ཁག་གིས་བཀའ་དྲིན་ཉག་གཅིག་ཡིན་པས་དུས་རྟག་ཏུ་བརྗེད་མི་རུང་ངོ་།།

༡༩༥༩ ལོའི་དོན་རྐྱེན་གྱིས་ཧི་མ་ལ་ཡའི་མི་རིགས་ཕན་ཚུན་མཛའ་བརྩེའི་འདུ་ཤེས་གཏིང་ཟབ་ཏུ་ཕྱིན་ཡོད།

ཁྱིམ་ཚང་གི་ངོས་ནས་གླེང་ན་ཕན་ཚུན་ཟ་རེས་འཐུང་རེས་དང་སྐྱི་རེས་གཡར་རེས་སོགས་ཡོད་ན་འབྲེལ་བ་ཡག་པོ་ཡོད་པའི་བདེན་དཔང་ཡིན། མི་རིགས་བྱེ་བྲག་པ་དང་ཡུལ་ལུང་བྱེ་བྲག་ཕན་ཚུན་དབར་ལ་གཉེན་སྒྲིག་དང་ཉལ་བུ་བྱུང་པ་སོགས་འབྲེལ་ལམ་གང་འཚམས་ཡོད་རྟགས་ཤིག་ཏུ་སྣང་། ང་དགུའི་དོན་རྐྱེན་གྱི་སྔོན་དུ་ཧི་མ་ལ་ཡའི་མི་རིགས་དག་ནི་གནའ་བོའི་སྲོལ་རྒྱུན་ལམ་ལུགས་འོག་འཚོ་སྡོད་བྱེད་པ་ཁོ་ན་ལས་སྤྱི་ཚོགས་གཞན་ལ་འགྲིམས་ནས་འཚོ་བ་སྐྱེལ་མཁན་རེ་ཟུང་ཡོད་སྲིད་པ་ཙམ་ཡིན། དེ་བཞིན་ཁྱིམ་མཚེས་ཡུལ་སྡེ་དང་འབྲེལ་འདྲིས་མེད་པའི་སྣང་བརྙན་ཡང་གསལ་པོར་རྟོགས་ཐུབ། འོན་ཀྱང་ང་དགུའི་དོན་རྐྱེན་རྗེས་ལ་ཧི་མ་ལ་ཡའི་མི་རིགས་རྣམས་འཛམ་གླིང་ཤར་ནུབ་གང་སའི་མི་དང་འབྲེལ་འདྲིས་མགོ་ཚུགས་མོད། དེ་ནི་གཙོ་བོ་དགོན་སྡེ་ཁག་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐལ་འཐོབ་པའི་ཤུགས་རྐྱེན་དང་འབྲེལ་བ་གཏིང་ཟབ་ཡོད། སྤྱིར་ན་ང་དགུའི་དོན་རྐྱེན་དེའི་ཐད་ལ་བཟང་ངན་གཉིས་ཀའི་ཆ་ནས་གླེང་རྒྱུ་ཡོད་སྐོར་དཔྱོད་ལྡན་ཕོ་མོ་མང་པོས་གསུངས་པ་ཐོས་ལ་བོད་མི་རྣམས་ལ་མཚོན་ནའང་རིག་གནས་ཀྱི་མཁའ་དབུགས་གསར་བ། མི་རིགས་ཕན་ཚུན་དབར་ལ་སྔོན་མེད་འབྲེལ་ལམ་གསར་བ་སོགས་བགྲང་རིན་ཅན་གྱི་གསར་བརྗེ་གང་འཚམས་ཤིག་བྱུང་བ་མིག་ལྡན་ཀུན་གྱི་འདྲེན་བྱེད་ཀྱི་སྤྱོད་ཡུལ་ན་མཆིས། ལོ་རབས་བཅུ་ཕྲག་བཞི་ལྔའི་ཡར་སྔོན་དུ་ཧི་མ་ལ་ཡའི་མི་རིགས་ཕན་ཚུན་དབར་ལ་གཉེན་སྒྲིག་བྱས་པ་ཤིན་ཏུ་ཉུང་། སྡིངས་ཆ་གཅིག་གི་ནང་ས་གནས་འདྲ་མིན་གྱི་མི་འདུ་འཛོམས་ཀྱིས་ཁ་ཏ་ཙམ་ཡང་བྱེད་མ་མྱོང་ཚོད།

སྡེ་ཚན་བྱེ་བྲག་པའི་སྟངས་འཛིན་འོག་སྐྱིད་སྡུག་གི་གནས་ཚུལ་གླེང་རེས་བྱེད་བཞིན་ཁོར་ཡུག་གཅིག་གི་ནང་འཚར་ལོངས་བྱས་པའི་བྱུང་བ་དེ་སྔ་མི་ཐོག་རྒན་པ་ཚོའི་ངག་རྒྱུན་ན་མ་མཆིས་ཀྱང་དེང་སྐབས་ཁོར་ཡུག་ངེས་མེད་སྣ་ཚོགས་པའི་ནང་འཚོ་སྡོད་བྱེད་བཞིན་པའི་གནས་སྟངས་དེ་ལོ་རྒྱུས་ནང་གི་ཟིན་ཐོ་གལ་ཆེན་ཞིག་ཅི་ལ་མིན། དེང་སྐབས་ཧི་མ་ལ་ཡའི་མི་རིགས་རྣམས་ཕན་ཚུན་དབར་ལ་གོ་རྟོགས་ཡོད་པ་ཙམ་མ་ཟད་མཉམ་ལས་བྱེད་པ་དང་། ཕན་ཚུན་གཉེན་སྒྲིག་པ། ཆེ་མཐོང་ལྡན་པའི་མི་སྣ་རྣམས་གོང་དུ་བཀུར་རེས། ངོས་གཞན་ཞིག་ནས་གླེང་ན་ཕན་ཚུན་དབར་ལ་མིག་དཔེ་ལྟ་རེས་ཀྱིས་ཡར་རྒྱས་ཀྱི་གོམ་ཁ་མདུན་དུ་སྒྱུར་མགོ་འཛུགས་པ་སོགས་ཅི་ཡང་འདྲེན་བྱེད་ཀྱི་སྤྱོད་ཡུལ་ན་འདུག་པ་དེས་ཧི་མ་ལ་ཡའི་མི་རིགས་རྣམས་འཛམ་གླིང་མི་རིགས་གཞན་དང་དཔུང་པ་མཉམ་གཤིབ་ཀྱིས་གོམ་པ་སྤོ་མགོ་ཚུགས་ཡོད།

མཇུག་གི་རེ་བ་ཚིག་གསུམ། དེང་སྐབས་རྟགས་ཙམ་འཛིན་པའི་བསྟན་པའི་དུས་སྐབས་དེར་བལ་ཡུལ་མངའ་ཁོངས་ཧི་མ་ལ་ཡའི་ས་ཁུལ་ཁག་ལ་ཆོས་དང་རིག་གཞུང་། སྐད་ཡིག གོམས་སྲོལ་སོགས་ལ་ལྷད་ཞུགས་མགོ་ཚུགས་འདུག་པས་དེའི་ཐད་ལ་ས་ཁུལ་སོ་སོའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་པས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ངེས་པར་དུ་བྱ་དགོས་པ་ཡིན། ཕྱིའི་མཐུན་རྐྱེན་ཡར་རྒྱས་ཁོ་ནར་བསམ་ན་གོང་སྨྲས་དེ་དག་གལ་མི་ཆེ་ཡང་། ཕྱིའི་མཐུན་རྐྱེན་ལ་བརྔམ་དུས་ནང་གི་བདེ་སྐྱིད་ཀྱི་ལག་ཆ་རྣམས་ནམ་ཡང་སྣང་མེད་བྱེད་མི་ཉན་སྟེ། གནའ་སྲོལ་མང་པོ་ཞིག་སེམས་ཀྱི་སྨན་དུ་འགྱུར་བཞིན་ཡོད་འདུག་པས་ན་ངེས་པར་དུ་མི་ཉམས་གོང་འཕེལ་བྱ་རྒྱུ་གལ་མི་ཆེ་འམ། ཧི་མ་ལ་ཡའི་ས་ཁུལ་རེ་འགར་སྐྱ་ཆས་སྤྲས་ནས་གྲོང་ཆོག་བྱེད་པ་དང་། ཕ་མེས་ཀྱི་སྲོལ་ལུགས་ཡོད་ཚད་བརླགས་ནས་མིང་ཙམ་ལས་མི་རིགས་ཀྱི་ཐུན་མིན་ཆོས་རིག་གང་ལའང་གོ་རྟོགས་སོགས་མེད་པ་ཅན་ཡང་ཤིན་ཏུ་མང་། དེ་དག་ནི་མི་རིགས་སྤྱི་ཚོགས་ཤིག་ལ་མཚོན་ན་གྱོང་གུད་ཆེན་པོ་ཞིག་ཀྱང་ལོས་ཡིན་སྙམ། དེས་ན་ངས་འདིར་ཧི་མ་ལ་ཡའི་མི་རིགས་ཚོས་རང་གི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག གོམས་སྲོལ་སོགས་ལ་ནམ་ཡང་སྣང་མེད་མ་བཞག་པར་གཅེས་འཛིན་གནང་རོགས་ཞུ་བ་དང་སྦྲགས་རིས་སུ་མ་མཆིས་པའི་བོད་ཀྱི་བླ་ཆེན་ཚོས་ཧི་མ་ལ་ཡའི་མི་རིགས་ལ་བྱིན་པའི་གསོན་ཤུགས་ལ་ང་ཚོས་ནམ་ཡང་རྗེས་དྲན་ཞུ།

འབྲེལ་ཡོད་གསར་འགྱུར།

འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
དེ་རིང་ཕྱི་ཟླ་ ༥ ཚེས་ ༢༦ ཉིན་གྱི་སྔ་དྲོར་སྐབས་བཅུ་དྲུག་པའི་བཀའ་ཤག་གི་སྲིད་སྐྱོང་མཆོག་གི་དབུས་བཀའ་བློན་རྣམ་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ།
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་སྐབས་བཅུ་དྲུག་པའི་བཀའ་ཤག་ལ་འཐོན་མཇལ་བསྩལ།

ཆུ་ཚོད་ ༢༠ སྔོན་ལ།
ཨོ་གླིང་གི་གྲོང་ཁྱེར་སི་ཌི་ནི་ (Sydney) ཡི་ཉེ་འགྲེམ་རི་སྔོན་པོ་ (Blue Mountain) རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་འཚོག་བཞིན་པ། པར་རང་བཙན་ཚོགས་ཆེན་གྱི་ངོ་དེབ་ནས་བླངས། ༢༠༢༦།༥།༢༣
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་བརྒྱད་པ་ཨོ་གླིང་ནས་མཇུག་བསྒྲིལ།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དུས་སྟོན་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་སྟེང་ཆེན་རྫོང་ནས་དབྱར་རྩྭ་དགུན་འབུ་བརྐོ་ཆོག་པའི་དཔང་ཡིག་མེད་པར་འབུ་བརྐོས་པའི་ཉེས་མིང་འོག་བོད་མི་ ༣༥ འཛིན་བཟུང་བྱས། དེ་འབྲེལ་གཞུང་ཕྱོགས་ཀྱི་གསར་འགྱུར་གྱི་པར། ༢༠༢༦།༥།༡༢
Mobile App

དབྱར་རྩྭ་དགུན་འབུ་བརྐོ་མཁན་བོད་མི་ ༣༥ འཛིན་བཟུང་བྱས།

༢༠༢༦/༠༥/༢༥
ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མའེ་ཁལ་མེག་ཁོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་འཐུས་མི་དང་བོད་དོན་ཁྲིམས་འཆར་འདོན་མཁན་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) ལགས་རྣམ་གཉིས། ༢༠༢༦།༠༥།༢༥ དུས་བབ་གསར་ཁང་ནས་པར་སྒྲིག་སྦྱོར་བྱས།
Mobile App

བོད་མིའི་སྒྲིག་འཛུགས་ལ་ངོས་འཛིན་དགོས་པའི་ཁྲིམས་འཆར་ཆེད་འདོན་གནང་།

༢༠༢༦/༠༥/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese