ཨ་རིའི་ཝ་ཤིན་ཊོན་ཆ་འཕྲིན་གྱིས་སྐུ་ཞབས་ཌོ་ནིལ་ཊི་རུམ་ཕི་ཡི་མ་འོངས་པའི་སྲིད་གཞུང་གསར་པས་གདོང་ལེན་བྱ་དགོས་པའི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་དང་། བྱང་ཀོ་རི་ཡ་དང་ཨེ་རན་གྱི་རྡུལ་ཕྲན་མཚོན་ཆ། ཨེ་ཛི་རིལ་དང་པ་ལི་སི་ཐན་གྱི་རྩོད་ཉོག ཨབ་གྷན་གྱི་ཟིང་འཁྲུག རྒྱ་ནག་མཚོ་རྒྱུད་ཀྱི་རྙོག་དྲ་སོགས་རྒྱལ་སྤྱིའི་གནད་དོན་ཆེ་ཁག་ ༩ ཐོག་དཔྱད་ཞིབ་བྱས་པ་ཞིག་འདིར་བོད་བསྒྱུར་བྱས་ཡོད།
ཨེ་སི་ལ་མེ་ཁི་སི་ཊ་ཊི།
ཌོ་ནལ་ཌི་ཊི་རུམ་ཕི་ཕོ་བྲང་དཀར་པོའི་ནང་ཡོང་བར་གྲ་སྒྲིག་བྱེད་ཀྱིན་པའི་སྐབས་འདིར། དེ་སྔོན་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་ཚོགས་པས་ཁ་ཆེ་རྒྱལ་ཁབ་གསུམ་ནང་ཟིང་འཁྲུག་བསླངས་པ་རིམ་གྱིས་ཞི་འཇགས་སུ་སོང་ཡོད་པ་དང་། ཨ་རིའི་དམག་དཔུང་དང་ཕྱི་འབྲེལ་དཔོན་རིགས་ཚོས་ཁ་ཆེ་འཇིགས་སྐུལ་ཚོགས་པ་རྩ་མེད་བཟོ་བའམ། མ་མཐར་ཡང་ས་ཆ་བདག་བཟུང་བྱས་ཡོད་པའི་འཇིགས་སྐུལ་བ་ཚོ་རྩ་མེད་བཟོ་རྒྱུ་ནི། དུས་སྐབས་འདིའི་གཡོལ་དུ་མེད་པའི་འོས་འགན་ཞིག་ཡིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་ཀྱང་། འཇིགས་སྐུལ་དྲག་སྤྱོད་པ་སྟོང་ཕྲག་མང་པོ་སྔར་བཞིན་གནས་ཡོད་པ་མ་ཟད། ད་དུང་འཇིགས་སྐུལ་དྲག་སྤྱོད་པའི་ཚགོས་སྡེ་ཁག་གིས་བསྐྱར་དུ་ཟིང་འཁྲུག་བསློང་རྒྱུ་ཡིན་པའི་རྣམ་འགྱུར་སྟོན་བཞིན་ཡོད།
སྐུ་ཞབས་ཊི་རུམ་ཕི་ཡིས་ཨ་རིའི་སྲིད་འཛིན་སྔོན་མ་ཚོ་ལས་ཀྱང་ལྷག་གི་ཁ་ཆེ་དྲག་སྤྱོད་པར་འགོག་རྒོལ་བྱ་རྒྱུ་ཡིན་ཚུལ་བཤད་ཡོད་ཀྱང་། ནུབ་རྒྱ་མཚོ་ཆེན་མོའི་གྲོས་ཆིངས་སྒྲིག་འཛུགས་ (NATO) དང་ཊུར་ཀི་གཉིས་བར་གྱི་རྩོད་རྙོག་དང་། ཨ་རིའི་ནང་སྲིད་དང་མི་སེར་དམར་གསོད་ཐེབས་སྲིད་པའི་ཉེན་ཁ་སོགས་མ་བརྒྱུད་པར། ཁོས་ཐད་ཀར་དཀའ་རྙོག་དེ་དག་ཇི་ལྟར་སེལ་རྒྱུ་ཡིན་པར་ད་སྔ་གསལ་ཁ་གང་ཡང་བྱུང་མེད།
ཨ་ཧྥི་གྷ་ནེ་སི་ཐན།
ད་ཆར་ཨ་ཧྥི་གྷ་ནེ་སི་ཐན་ནང་ཡོད་པའི་འཇིགས་སྐུལ་དྲག་སྤྱོད་ཚོགས་ཁག་ནི། ཊ་ལེ་བྷན་དང་ཨེ་སི་ལ་མེ་ཁི་སི་ཊ་ཊི་གཉིས་ཡིན།
ཨོ་བྷ་མའི་སྲིད་དབང་སྐབས་འཇིགས་སྐུལ་དྲག་སྤྱོད་པ་འགོག་རྒོལ་ཟིང་འཁྲུག་མ་བྱུང་སྔོན་ལ། ཨ་རིའི་སྲིད་འཛིན་རྗོར་ཇི་བྷུ་ཤཱི་ཡིས་ ༢༠༠༡ ཟླ་ ༩ ཚེས་ ༡༡ ཉིན་བྱུང་བའི་འཇིགས་སྐུལ་བའི་འཇབ་རྒོལ་ལ་ཡ་ལན་སྤྲད་པ་རེད། ཨ་རིའི་དམག་དཔུང་ཨབ་གྷན་ནང་བཏང་སྟེ་ལོ་ ༡༥ ལྷག་ཕྱིན་པའི་རྗེས་ཀྱི་ཟླ་འདིའི་ནང་། དུས་ཡུན་རིང་བོའི་དམག་འཁྲུག་གི་འགན་འཁུར་ལྕི་མོ་དེ་ཌོ་ནལ་ཌི་ཊི་རུམ་ཕི་ཡི་ཕྲག་ཏུ་བབ་ཡོད་སྟབས། ཁོས་དམག་དཔོན་གཙོ་བོ་ཞིག་གི་ཚུལ་དུ་མངོན་གསལ་དོད་པོས་ཐོག་ནས་ཟིང་འཁྲུག་དེ་ལ་གྲ་སྒྲིག་ཨང་གསར་ཡོད་ལུགས་བཤད།
ཊ་ལེ་བྷན་གྱིས་ཡང་བསྐྱར་ཨབ་གྷན་རྒྱལ་ཡོངས་ལ་རྐང་རྗེས་མང་པོ་འབེབ་སྐབས། ས་གནས་ཡུལ་མི་དང་སྲུང་དམག་ལ་བཟོད་དཀའ་བའི་ཤི་རྨས་ཚབས་ཆེན་ཐེབས་སྲིད་པ་དང་། ཨབ་གྷན་དབུས་གཞུང་གིས་ཡུལ་ལུང་དེའི་མི་འབོར་སུམ་ཆ་གཉིས་ཀྱི་བདེ་འཇགས་འགན་སྲུང་ཐུབ་དགོས་ཀྱི་ཡོད་སྟབས། སྐབས་དེར་སྐུ་ཞབས་ཊི་རུམ་ཕི་ཡིས་ཨ་རིར་འབྲེལ་བ་ཡོད་པའི་ཟིང་འཁྲུག་དེ་ལ་འགན་འཁུར་དགོས་ཀྱི་ཡོད།
ཨ་རིའི་སྲིད་འཛིན་འོས་བསྡུའི་སྔ་རྗེས་ལ་ཊི་རུམ་ཕི་ཡིས་ཨབ་གྷན་ནང་གི་ཟིང་འཁྲུག་ཐོག་མི་སྨྲ་བའི་བརྟུལ་ཞུགས་བཟུང་ཡོད་སྟབས། མ་འོངས་པའི་ཨ་རིའི་གཞུང་གསར་བས་མུ་མཐུད་ཨབ་གྷན་ནང་སྲུང་དམག་བཏང་སྟེ། འཇིགས་སྐུལ་དྲག་སྤྱོད་པར་འགོག་རྒོལ་ཇི་ལྟར་བྱ་རྒྱུ་ཡིན་མིན་དེ་དོགས་འདྲི་ཞིག་ཆགས་ཡོད།
བྱང་ཀོ་རི་ཡའི་རྡུལ་ཕྲན།
ད་ལོའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ཇོན་ཨུན་ (Kim Jong Un) གྱིས། བྱང་ཀོ་རི་ཡས་ཐེངས་ ༥ ལ་རྡུལ་ཕྲན་མཚོན་ཆ་གསར་བཟོ་ཚོད་ལྟ་བྱས་ཡོད་པ་མ་ཟད། མི་འགྱང་བར་གླིང་ཕྲན་གཅིག་ནས་གཅིག་ལ་བསླེབ་ཐུབ་པའི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱ་རྒྱུ་ཡིན་ཚུལ་བཤད་དེ། ཨ་རིའི་གཞུང་ལ་རྡུལ་ཕྲན་མཚོན་ཆའི་སྐོར་ལ་མུ་མཐུད་རྙོག་ཟིང་བསླངས་ཡོད། དེ་ལ་ཨ་རིའི་སྲིད་འཛིན་བདམས་ཐོན་པ་ཊི་རུམ་ཕི་ཡིས་ཁོ་རང་གི་སྤྱི་ཚོགས་བརྒྱུད་ལམ་ཊི་ཝི་ཊིའི་སྟེང་། བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདའ་དེ་འདྲ་ཞིག་ལ་ཚོད་ལྟ་བྱ་རྒྱུ་ནི་མི་སྲིད་པ་དང་། རྒྱག་ནག་གིས་བྱང་ཀོ་རི་ཡའི་རྡུལ་ཕྲན་ཚོད་ལྟར་འགོག་རྒོལ་མ་བྱས་པར་སྐྱོན་བརྗོད་བྱས་ཡོད།
ཕྱི་ལོ་ ༢༠༠༣ ལོ་ནས་ལྷོ་ཀོ་རི་ཡ་དང་ཨ་རི། ཉི་ཧོང་། ཨུ་རུ་སུ། རྒྱ་ནག བྱང་ཀོ་རི་ཡ་བཅས་ཕྱོགས་འབྲེལ་རྒྱལ་ཁབ་ ༦ གི་ངོས་ནས། བྱང་ཀོ་རི་ཡའི་རྡུལ་ཕྲན་རྩོད་རྙོག་དེ་ཞི་བའི་ཐོག་ནས་སེལ་རྒྱུར་གྲོས་མགོ་བཏོན་ཡོད་ཀྱང་། ཕྱི་ལོ་ ༢༠༠༨ ལོའི་རྩོད་རྙོག་ཁག་ཅིག་དང་འབྲེལ་ཏེ་གྲོས་གཞི་དེ་གནས་སྐབས་རིང་མཚམས་འཇོག་དགོས་བྱུང་ཡོད། ཨ་རིའི་གཞུང་གིས་བྱང་ཀོ་རི་ཡས་རྡུལ་ཕྲན་གསར་བཟོ་མཚམས་འཇོག་མ་བྱས་བར་དུ། གྲོས་གཞི་དེ་བསྐྱར་མཐུད་བྱ་འདོད་མེད་སྐོར་བཤད་ཡོད། ན་ནིང་ལོ་མཇུག་ལ་ཨ་རིས་བྱང་ཀོ་རི་ཡར་རྒྱལ་སྤྱིའི་དཔལ་འབྱོར་ཉེས་ཆད་གསར་བ་ཞིག་བཀལ་ཡོད་སྟབས། སྐུ་ཞབས་ཊི་རུམ་ཕི་ཡི་གཞུང་གསར་བས་ཐོག་མར་དཀའ་རྙོག་དེ་ལ་གདོང་ལེན་བྱ་དགོས་པ་ཆགས་སྲིད། སྐུ་ཞབས་ཊི་རུམ་ཕི་ཡིས་ཐེངས་མང་པོར། བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ནི་མི་སྨྱོན་པ་ཞིག་ཡིན་ལུགས་བཤད་ཡོད་ཀྱང་། རྗེས་ལ་ཁོ་རང་ཤ་ཚལ་བག་ལེབ་ཟ་རུ་འགྲོ་བའི་ཚུལ་གྱིས་བྱང་ཀོ་རི་ཡའི་སྲིད་འཛིན་ཀེམ་ལ་ཐུག་འཕྲད་བྱ་རྒྱུ་ཡིན་ལུགས་བཤད་ཡོད།
ཡུ་ཁུ་རན་ནང་གི་ཟིང་འཁྲུག
ཡུ་ཁུ་རན་གྱི་ཤར་ཁུལ་དུ་ཨུ་རུ་སུའི་རྒྱབ་རོགས་ལ་བརྟེན་པའི་ཁ་བྲལ་རིང་ལུགས་པའི་ཟིང་འཁྲུག་འབྱུང་བཞིན་ཡོད་སྟབས། ནུབ་ཕྱོགས་ཀྱི་རྒྱབ་རོགས་ལ་བརྟེན་པའི་ཡུ་ཁུ་རན་གཞུང་གིས། སྐུ་ཞབས་ཊི་རུམ་ཕི་ཡིས་མ་འོངས་པར་ཡུ་ཁུ་རན་གྱི་རྙོག་ཟིང་བེད་སྤྱད་དེ། ཨུ་རུ་སུ་དང་ཨ་རིའི་འབྲེལ་ལམ་བསྐྱར་གསོ་བྱ་སྲིད་པར་སེམས་འཚུབ་བྱེད་ཀྱིན་ཡོད། ཨ་རིའི་སྲིད་འཛིན་འོས་བསྡུའི་སྔ་རྗེས་སུ་ཊི་རུམ་ཕི་ཡིས་གནད་དོན་དེའི་སྐོར་གསལ་བཤད་བྱས་མེད་པ་མ་ཟད། ཁོས་ད་དུང་ཨུ་རུ་སུས་ (Ukranian Black Sea peninsula of Crimea) ས་ཁོངས་བདག་དབང་བློས་གཏོང་སྲིད་པའི་ཐད་ལ་སེམས་འཁྲལ་དེ་ཙམ་མེད་པའི་རྣམ་འགྱུར་བསྟན་ཡོད་མོད། འོན་ཀྱང་ ༢༠༡༤ ལོ་ནས་ཨུ་རུ་སུའི་གཞུང་གིས་ས་ཁོངས་དེའི་ནང་གཞི་རྒྱ་ཆེ་བའི་བཙན་འཛུལ་བྱེད་མགོ་བཙུགས་ཡོད། ཨུ་རུ་སུའི་བཙན་འཛུལ་དེས་ཡུ་ཁུ་རན་ནང་ཨོ་བྷོ་མའི་གཞུང་དང་ཨ་རིའི་ཕྱོགས་འབྲེལ་ཡུ་རོབ་རྒྱལ་ཁབ་ཁག་གི་བཙན་འཛུལ་ལས་ཀྱང་གཞི་རྒྱ་ཆེ་བ་ཟིན་ཡོད།
ཨུ་རུ་སུས་ཡུ་ཁུ་རན་ཐོག་འཛིན་པའི་སྲིད་ཇུས་ལ་བརྟེན་ཏེ་ཨ་རིའི་ཁེ་ལས་ལ་གྱོང་གུད་ཐེབས་པར། སྐུ་ཞབས་ཊི་རུམ་ཕི་ཡིས་ཨུ་རུ་སུར་དཔལ་འབྱོར་ཉེས་ཆད་གཏོང་དགོས་མིན་ཐེ་ཚོམ་བྱེད་ཀྱིན་ཡོད། ཨ་རི་དང་ཡུ་རོབ་ཕྱོགས་འབྲེལ་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་བཅད་པའི་དཔལ་འབྱོར་ཉེས་ཆད་དེ་ལ་ཡང་བསྐྱར་བཀའ་འཁྲོལ་འཐོབ་དགོས་པ་ཞིག་ཆགས་ཡོད་པའི་སྐབས་འདིར། གལ་ཏེ་ཨ་རིའི་གཞུང་གསར་བས་དཔལ་འབྱོར་ཉེས་ཆད་དེ་ལ་མོས་མཐུན་མེད་པའི་རྣམ་འགྱུར་བསྟན་ཚེ་ཕྱོགས་འབྲེལ་ཡུ་རོབ་རྒྱལ་ཁབ་ཁག་ལ་ཕམ་ཁ་རེག་སྲིད། སྐུ་ཞབས་ཊི་རུམ་ཕི་ཡིས་ཡུ་ཁུ་རན་དང་འབྲེལ་བའི་དཀའ་རྙོག་སེལ་བར་ཐོག་མར་ཨ་རིའི་གྲོས་ཚོགས་ལ་བསྟུན་དགོས། རྒྱུ་མཚན་ནི། ཨུ་རུ་སུས་ཡུ་ཁུ་རན་ལ་འཛིན་པའི་སྲིད་ཇུས་ལ་ཡ་ལན་སློག་པའི་ཐུན་མོང་གི་སྟོབས་ཤུགས་ཆེ་ཤོས་དེ་གྲོས་ཚོགས་ནས་ཡོང་གི་ཡོད།
རྒྱ་ནག་དང་ཚོང་འབྲེལ།
སྐུ་ཞབས་ཊི་རུམ་ཕི་ཡིས་ཨ་རིའི་རྒྱལ་དམངས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ། ཨ་རིའི་དམག་དཔུང་དང་དཔལ་འབྱོར་སྟོབས་ཤུགས་རྩོད་ལེན་བྱེད་པའི་འདུན་པ་ཆེ་རུ་འགྲོ་བཞིན་འདུག སྲིད་འཛིན་འོས་བསྡུའི་སྐབས་ཊི་རུམ་ཕི་ཡིས། རྒྱ་ནག་གི་ཚོང་འབྲེལ་ལ་བརྟེན་ནས་ཨ་རིའི་མི་མང་གི་ལས་ཀ་ཤོར་བ་དང་། རྒྱ་སྒོར་གྱི་འཛའ་ཐངས་འཕར་གཅོག་སྲིད་ཇུས་དེ་ཡང་དག་མ་ཡིན་པ། ཨ་རིའི་ཚོང་དོན་ནང་རྒྱ་ནག་གི་སིམ་འཛུལ་ཐེབས་པ་སོགས་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད།
ལྷག་པར་དུ་སྐུ་ཞབས་ཊི་རུམ་ཕི་ཡིས་ད་དུང་ཁ་པར་སྐུད་ལམ་ནས་རྒྱ་ནག་གིས་རང་གི་མངའ་ཁོངས་ཀྱི་ཞིང་ཆེན་ཞིག་ཡིན་ལུགས་ཤོད་བཞིན་པའི་ཐའེ་ཝན་སྲིད་འཛིན་ལ་བཀའ་མོལ་གནང་བ་དེས། ཕྱོགས་གཉིས་བར་གྱི་མི་ལོ་བཅུ་ཕྲག་རིང་གི་ཚོང་འབྲེལ་ལ་གཡོ་སྐྱོམ་ཆེན་པོ་བཟོས་ཡོད། ཁ་པར་སྐུད་ལམ་གྱི་བཀའ་མོལ་དེ་ལ་བརྟེན་ཏེ། རྒྱ་ནག་དམར་ཤོག་སྲིད་གཞུང་ནང་ཁུལ་དུའང་ཐའེ་ཝན་མཚོ་འགག་གི་རང་སྲིད་རང་སྐྱོང་དང་དམངས་གཙོའི་འཐབ་རྩོད་ལ་འཇིགས་སྣང་ཆེ་རུ་ཕྱིན་ཡོད།
ཊི་རུམ་ཕི་ཡི་རྒྱ་ནག་ཐོག་འཛིན་པའི་ཚོང་འབྲེལ་སྲིད་ཇུས་གསལ་བོར་རྟོགས་མཁན་རྒྱ་ནག་གི་དཔོན་རིགས་ཁ་ཤས་ཀྱིས། ཨ་རིའི་སྤྱི་མཐུན་ཚོགས་པའི་རྙིང་ཞེན་གྱི་ཆབ་སྲིད་ལྟ་བར་བསྟུན་ཤེས་བྱེད་དགོས་མིན་ཐད་དོགས་གཞི་བྱེད་ཀྱིན་ཡོད་ལ། རྒྱ་ནག་གི་དབང་འཛིན་པ་ཚོས་ཕྱོགས་གཅིག་ནས་ཊི་རུམ་ཕི་ཡིས་སྐོར་སྐྱོད་ཚོང་བ་མང་པོ་གླ་གཏོང་བྱས་ཡོད་སྟབས་རྒྱ་ནག་ལ་འགྲན་སློང་གི་ཡོད་པར་སྙམ་ཞིང་། ཕྱོགས་གཞན་ཞིག་ནས་ཊི་རུམ་ཕི་ཡིས་མིང་འདོན་བྱས་པའི་གཞུང་ཚབ་པ་ཊི་རེ་བྷ་རན་སི་ཊ་ཌི་ (Terry Branstad) ལགས་ནི་ཨ་རྒྱ་གཉིར་བར་གྱི་ཞི་བདེ་མཚོན་བྱེད་ཨོ་ལེ་ཧྥི་ཡལ་ག་ (olive branch) ལྟ་བུར་མཐོང་གིན་ཡོད།
ཡུ་རོབ་མཐུན་ཕྱོགས་རྒྱལ་ཁབ་ཁག
ནུབ་རྒྱ་མཚོ་ཆེན་མོའི་གྲོས་ཆིངས་སྒྲིག་འཛུགས་ (NATO) ནང་ཨ་རི་དང་ཁེ་ན་ཌ། ཨ་སི་ལན་ཌི་བཅས་པ་ཚུད་མེད།
འདས་པའི་ལོ་ངོ་བཅུ་ཕྲག་རིང་རྒྱལ་སྤྱིའི་བདེ་འཇགས་ཀྱི་རྨང་རྡོར་གྱུར་བའི་ཨ་རི་དང་ཡུ་རོབ་མཐུན་ཕྱོགས་ཀྱི་རྒྱལ་ཁབ་ཁག་གིས། དུས་ཡུན་རིང་བོར་ཆབ་སྲིད་ཁེ་ལས་དང་རིན་ཐང་ལྟ་ཚུལ་སོགས་ཐུན་མོང་དུ་ལོངས་སྤྱོད་བྱས་ཡོད་ཀྱང་། དེང་སྐབས་ཡུ་རོབ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས། ཝ་ཤིན་ཊོན་གྱི་སྐུ་ཞབས་ཊི་རུམ་ཕི་ཡི་སྲིད་དབང་འོག ད་ལྟ་ལོངས་སུ་སྤྱོད་ཀྱིན་པའི་ཐུན་མོང་གི་ཆབ་སྲིད་ཁེ་ལས་དང་རིན་ཐང་ལྟ་ཚུལ་སོགས་ལ་ནུབ་རྒྱ་མཚོ་ཆེན་མོའི་གྲོས་ཆིངས་སྒྲིག་འཛུགས་ལྟར། འགལ་བ་ཆེན་པོ་ཞིག་ཐེབས་སྲིད་པར་དངངས་འཚུབ་སྐྱེ་བཞིན་ཡོད།
ཡུ་རོབ་གླིང་གི་དཔོན་རིགས་ཚོས། ཊི་རུམ་ཕི་ཡི་གསལ་བསྒྲགས་ནང་བཀོད་པའི་གནམ་གཤིས་འགྱུར་ལྡོག་དང་ཁ་ཆེ་གནས་སྤོ། མི་སེར་ལ་ཐེབས་པའི་མནར་གཅོད་དང་ཁྲིམས་ཀྱི་དབང་སྒྱུར། གསར་འགོད་རང་དབང་དང་དམངས་གཙོའི་ལམ་ལུགས་མཐོར་འདེགས་གཏོང་བ། རྡུལ་ཕྲན་གསར་བཟོ་བཀག་སྡོམ་སོགས་ཀྱི་དཀའ་རྙོག་མང་པོར་གདོང་ལེན་བྱེད་སྟངས་དེ་ནུབ་གླིང་གི་ངོ་བོ་མཚོན་པའི་དམངས་གཙོའི་ལམ་ལུགས་ཀྱི་ལྡོག་ཟླར་འགྲོ་བཞིན་ཡོད་པ་ཞིག་ཏུ་མཐོང་གི་ཡོད།
སྐུ་ཞབས་ཊི་རུམ་ཕི་ལ་སྲིད་འཛིན་རྒྱལ་ཁ་ཐོབ་པ་ནས་བཟུང་། ཡུ་རོབ་གླིང་གི་དཔོན་རིགས་ཚོས་ནུབ་རྒྱ་མཚོ་ཆེན་མོའི་ཕྱོགས་འབྲེལ་རྒྱལ་ཁབ་ཁག་ཐུན་མོང་གི་ཁེ་ལས་གཙོ་བོར་བཟུང་སྟེ། ཨ་རི་དང་ཡུ་རོབ་གླིང་བར་གྱི་འགལ་བ་རེ་རེ་བཞིན་ཡིག་ཆར་འགོད་ཀྱིན་ཡོད་མོད། གཅིག་བྱས་ན་ཁོ་ཚོའི་གྲ་སྒྲིག་དེས་འདང་གི་མེད་པར་ད་ལྟའི་ཨ་རི་དང་ཡུ་རོབ་གླིང་བར་གྱི་འབྲེལ་ལམ་དེ་ཧ་ཅང་རྙོག་འཛིང་ཅན་ཞིག་ཆགས་ངེས་ཡིན།
འོན་ཀྱང་ཡུ་རོབ་ནང་ཁུལ་གྱི་རྙོག་དྲ་དེ་དག་གིས་ཡུ་རོབ་ཀྱིས་སྐུ་ཞབས་ཊི་རུམ་ཕིའི་ཕྱི་འབྲེལ་སྲིད་ཇུས་ལ་ཁ་གཏད་གཅོག་རྒྱུར་ཚོད་འཛིན་ཐེབས་སྲིད། བྷིར་ལེན་རྩིག་གྱང་ (Berlin Wall) གཏོར་པ་ནས་བཟུང་ད་བར་ཡུ་རོབ་རྒྱལ་ཁབ་ཁག་ཁ་འཐོར་བའི་དཀའ་ངལ་བྱུང་མྱོང་མེད་མོད། འོན་ཀྱང་ཐེངས་འདིར་ཡུ་རོབ་གླིང་གི་དབུ་ཁྲིད་ཚོས་མང་མོས་ལ་བརྟེན་ནས་ཐོབ་པའི་སྐུ་ཞབས་ཊི་རུམ་ཕི་ཡི་དབང་ཤུགས་དེས་ཡུ་རོབ་གླིང་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་གསལ་བོ་རེད།
ཨེ་རན་གྱི་རྡུལ་ཕྲན་ཚོང་འབྲེལ།
ཌོ་ནལ་ཌི་ཊི་རུམ་ཕི་ཡི་སྲིད་དབང་སྐབས། ༢༠༡༥ ལོར་བཞག་པའི་ཨེ་རན་རྡུལ་ཕྲན་ལས་གཞིའི་སྐོར་གྱི་གྲོས་ཆོད་དེར་བསྐྱར་དུ་རྩོད་རྙོག་འབྱུང་སྲིད། ཊི་རུམ་ཕི་ཡིས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨེ་རན་རྡུལ་ཕྲན་ཚོང་འབྲེལ་ལ་མོས་མཐུན་བྱེད་ཀྱིན་མེད་སྟབས། ངས་དེ་སྔའི་ཨེ་རན་རྡུལ་ཕྲན་ཚོང་འབྲེལ་སྐོར་གྱི་ཐག་ཆོད་དེ་རྩ་མེད་གཏོང་རྒྱུ་ཡིན་ཞེས་བཤད་ཡོད། ཕྱོགས་གཞན་ཞིག་ནས་ཊི་རུམ་ཕི་ཡིས། ཨེ་རན་གྱི་འདོད་འདུན་དང་མི་མཐུན་པའི་གྲོས་ཆོད་ཅིག་འཇོག་རྒྱུ་ཡིན་ཞེས་ཀྱང་བརྗོད་ཡོད། མ་མཐར་ཡང་རྒྱལ་ཁབ་གཉིས་བར་གྱི་གྲོས་ཆོད་ཁག་ལ་བརྩི་བཀུར་བྱེད་མཁན་ཨོ་བྷ་མའི་གཞུང་དང་བསྡུར་ན། མ་འོངས་པར་སྐུ་ཞབས་ཊི་རུམ་ཕི་ཡི་གཞུང་དང་ཨེ་རན་གཞུང་གཉིས་བར་འཁོན་འཛིན་ཆེ་རུ་འགྲོ་རྒྱུ་ཡིན་པ་གསལ་བོ་རེད། རྒྱུ་མཚན་ནི། སྐུ་ཞབས་ཊི་རུམ་ཕི་ཡིས་ཨེ་རན་རྡུལ་ཕྲན་ཚོང་འབྲེལ་གནད་དོན་ཐོག་སྲིད་ཇུས་གུ་ཡངས་འཛིན་མི་རུང་བའི་འབོད་སྐུལ་ཞུས་ཡོད།
ད་ལྟའི་བར་དུ། ཨ་རིའི་གཞུང་གིས་ཕྱོགས་གཉིས་བར་གྱི་འགལ་བ་ཆུང་ཙག་དང་གློ་བུར་དོན་རྐྱེན་རིགས་མགྱོགས་མྱུར་འདུམ་འགྲིག་བྱས་པ་ཙམ་མ་གཏོགས་དཀའ་རྙོག་ཆེན་པོ་དག་སེལ་ཐབས་བྱས་མེད།
ཨ་རིའི་གྲོས་ཚོགས་ཀྱིས་ཨེ་རན་གྱིས་དྲག་སྤྱོད་པར་རྒྱབ་སྐྱོར་བྱས་པ་དང་། མེ་ཤུགས་འཕུར་མདའ་ཚོད་ལྟ་བྱས་པ། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་སོགས་ཀྱི་དཀའ་རྙོག་གཞིར་བཟུང་སྟེ། ཨེ་རན་ལ་དཔལ་འབྱོར་ཉེས་ཆད་ཀྱི་ཁྲིམས་གཞི་གསར་བ་ཞིག་བཟོས་ཡོད། གལ་སྲིད་ཨེ་རན་གྱི་རྡུལ་ཕྲན་ཚོང་འབྲེལ་ལ་ཉམས་ཉེས་ཐེབས་ན། ཨེ་རན་གཞུང་གིས་ངན་ཁག་ཨ་རིའི་སྟེང་དུ་གཡུགས་ཏེ་སྐྱོན་བརྗོད་བྱ་སྲིད།
གནད་དོན་དེ་དག་ལ་བརྟེན་ནས། སི་རི་ཡའི་ནང་གི་ཁ་ཆེ་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་བཟོ་བའི་དམག་འཁྲུག་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་དེ། རྒྱུ་མཚན་ནི། ཨུ་རུ་སུ་དང་ཨེ་རན་རྒྱལ་ཁབ་གཉིས་ནས་སི་རི་ཡའི་གཞུང་ལ་རྒྱབ་སྐྱོར་བྱས་ཏེ། ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་བར་འགལ་བ་བཟོ་བཞིན་ཡོད་པ་དང་། ཨ་རི་དང་ཡུ་རོབ་ཀྱིས་ཨེ་རན་ལ་འབྲེལ་ལམ་ཡག་པོ་བྱུང་ན་ཨེ་རན་གྱི་རྡུལ་ཕྲན་ཚོང་འབྲེལ་གཙོས་པའི་གནད་དོན་མང་པོ་ཞིག་ཐག་གཅོད་ཐུབ་པར་ཡིད་ཆེས་བྱེད་བཞིན་ཡོད།
ཨེ་ཛི་རིལ་དང་པ་ལི་སི་ཐན།
ཌོ་ནལ་ཌི་ཊི་རུམ་ཕི་ཡིས། ཨ་རིས་ཨེ་ཛི་རིལ་དང་པ་ལི་སི་ཐན་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་ཆེན་པོ་གཏོང་རྒྱུ་ཡིན་པའི་ཁག་ཐག་བྱས་ཡོད། དཔེར་ན། ཨེ་ཛི་རིལ་གྱི་གྲོང་ཁྱེར་ཊིལ་ཨ་ཝེ་ཝ་ (Tel Aviv) ནང་རྒྱལ་ཁབ་གཞན་གྱི་གཞུང་ཚབ་ཁང་མང་པོ་ཡོད་པ་དང་། ཨེ་ཛི་རིལ་གྱི་སྲིད་གཞུང་ཇི་རུ་ས་ལིམ་ (Jerusalem) ནང་ཡོད་སྟབས། ཁོས་ཨ་རིའི་གཞུང་ཚབ་ཁང་ཊིལ་ཨ་ཝེ་ཝ་ནས་ཇི་རུ་ས་ལིམ་ནང་གནས་སྤོ་རྒྱུ་ཡིན་སྐོར་བཤད་ཡོད། ཨ་རིའི་སྲིད་འཛིན་སྔོན་མ་ཚོས་ཀྱང་དེ་ལྟར་བཤད་མྱོང་ཡོད་ན་ཡང་ཕྱིས་སུ་ཁོ་ཚོ་ཕོ་བྲང་དཀར་པོའི་ནང་དངོས་སུ་བསླེབས་རྗེས། སློབ་སྟོན་པ་ཚོས་ཁོ་ཚོར་དེ་ལྟར་བྱེད་དུ་བཅུག་མེད།
གལ་ཏེ་ཨ་རིའི་གཞུང་ཚབ་ཁང་ཇི་རུ་ས་ལིམ་དུ་གནས་སྤོར་བ་ཡིན་ན། ཨ་རི་དང་དཀྱིལ་ཤར་ཡུལ་གྲུ་ཁག་བར་གྱི་འབྲེལ་ལམ་རྙོག་འཛིང་ཆགས་པའམ། ཐ་ན་དྲག་པོའི་ཟིང་འཁྲུག་ཀྱང་འབྱུང་སྲིད་པ་མ་ཟད། གནད་དོན་དེ་ལ་བརྟེན་ནས་མ་འོངས་པར་ཨ་རིའི་གཞུང་དེ་ཨེ་ཛི་རིལ་དང་པ་ལི་སི་ཐན་གཉིས་བར་གྱི་བར་འདུམ་པ་དྲང་པོ་ཞིག་བྱེད་པའི་གོ་སྐབས་འཆོར་སྲིད། རྒྱུ་མཚན་ནི། ཨ་རིའི་གཞུང་གིས་ཇི་རུ་ས་ལིམ་གྱི་ས་ཁོངས་ཆ་ཚང་ཨེ་ཛི་རིལ་ལ་བདག་པ་དང་། པ་ལི་སི་ཐན་གྱིས་ཇི་རུ་ས་ལིམ་ཁོ་རང་ཚོའི་རྒྱལ་ས་ཡིན་པའི་རྩོད་གླེང་མཚམས་འཇོག་དགོས་པ་བསྟན་ཡོད་པས་རེད།
ཨ་རིའི་གྲོས་ཚོགས་འཐུས་མི་འགའ་རེས། རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་ན་ནིང་ཕྱི་ཟླ་ ༡༢ ནང་བྱུང་བའི་པ་ལི་སི་ཐན་ནང་གི་ཨེ་ཛི་རིལ་གྱི་གཞིས་ཆགས་གནད་དོན་སྐོར་གྱི་ཐག་གཅོད་དེ་རྩིས་མེད་མ་བཏང་བར། ཨ་རིའི་ངོས་ནས་རྒྱལ་ཚོགས་ལ་སྤྲོད་བཞིན་པའི་རོགས་དངུལ་ཁག་ཕྱིར་འཐེན་བྱེད་དགོས་པའི་བསམ་ཚུལ་ཡང་བཏོན་ཡོད།
ཕྱི་ལོ་ ༡༩༦༧ ལོར་ཨེ་ཛི་རིལ་དང་ཨ་རབ་གཉིས་བར་ཟིང་འཁྲུག་བྱུང་བ་ནས་བཟུང་། ཨ་རིའི་སྲིད་འཛིན་རིམ་པས་གཞུང་གསར་པས། པ་ལི་སི་ཐན་ནང་གི་ཨེ་ཛི་རིལ་གྱི་གཞིས་ཆགས་རྩོད་གླེང་དེ་ཞི་བའི་ཐོག་ནས་ཐག་གཅོད་ཡོང་ཐབས་སུ་འབད་བརྩོན་བྱས་ཡོད། སྐུ་ཞབས་ཊི་རུམ་ཕི་ཡིས་ཉེ་ཆར་ཌ་ཝེ་ཌ་ཧྥ་རེ་ཌི་མན་ (David Friedman) ཨེ་ཛི་རིལ་ནང་གི་ཨ་རིའི་གཞུང་ཚབ་པར་མིང་འདོན་བྱས་ཡོད་པ་དང་། སྐུ་ཞབས་ཧྥ་རེ་ཌི་མན་ལགས་ནི། པ་ལི་སི་ཐན་གྱི་མངའ་ཁོངས་ཁག་ཅིག་ནང་ཨི་ཛི་རིལ་གྱི་མི་མང་གཞིས་ཆགས་རྒྱུ་དང་། ཡུལ་དེའི་ནུབ་རྒྱུད་གཙང་འགྲམ་ (West Bank) མང་ཤོས་ཨེ་ཛི་རིལ་གྱི་མངའ་ཁོངས་ཡིན་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན།
ཨ་རི་དང་མི་སེ་ཁོ་གཉིས་བར་གྱི་འབྲེལ་ལམ།
ཌོ་ནལ་ཌི་ཊི་རུམ་ཕི་ཡིས། ཁོ་རང་གི་ཕྱི་འབྲེལ་སྲིད་ཇུས་གསར་བར་བརྟེན་ནས། ཨ་རི་དང་མི་སེ་ཁོ་གཉིས་བར་གྱི་འབྲེལ་ལམ་རྒྱུན་འཁྱོངས་བྱ་སྲིད་ཅིང་། མི་སེ་ཁོ་ཡིས། ཨ་རི་གཙོས་པའི་ནུབ་རྒྱུད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དོགས་པ་ཟ་བཞིན་ཡོད། རྒྱལ་ཁབ་དེ་དག་བར་གྱི་འབྲེལ་ལམ་དེ་གནད་དོན་མང་པོ་ཞིག་དང་འབྲེལ་བ་ཆགས་ཡོད་སྟབས། རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་ལམ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། དཔེར་ན། རྒྱལ་ཁབ་ཕན་ཚུན་བར་གྱི་ཨ་སྒོར་ཐེར་འབུམ་མང་པོའི་ཚོང་འབྲེལ་དང་། རྒྱལ་ཁབ་ཕན་ཚུན་བར་གྱི་ཡུལ་སྐོར་སྤྲོ་འཆམ་འགྲོ་འོང་། མཐའ་མཚམས་ཁག་ཏུ་ནག་ཚོང་བཀག་སྡོམ་སོགས་རེད།
སྐུ་ཞབས་ཊི་རུམ་ཕི་ཡིས། ཨ་རི་དང་མི་སེ་ཁོ་གཉིས་བར་གྱི་ད་ལྟའི་འབྲེལ་ལམ་ལ་འགྱུར་བ་གཏོང་སྲིད་དེ། སྲིད་འཛིན་འོས་བསྡུའི་སྐབས་ཁོས། ཨ་རིའི་ནང་ཡོད་པའི་མི་སེ་ཁོ་ཡི་མི་མང་རྣམས་བཙན་གཡེམ་པ་དང་ཁྲིམས་འགལ་བྱེད་མཁན་རྐྱང་རྐྱང་ཡིན་པ་དང་། ཁོས་མ་འོངས་པར་ཨ་རིའི་ནང་གི་མི་སེ་ཁོ་ཡི་གནས་སྤོ་མི་མང་ས་ཡ་མང་པོ་ཕྱིར་འཕུད་བཏང་སྟེ། ཨ་རི་དང་མི་སེ་ཁོ་གཉིས་བར་རྩིག་གྱང་བསློང་རྒྱུ་ཡིན་ཚུལ་དང་། མི་སེ་ཁོ་ནང་ཉོ་འཚོང་གི་མ་དངུལ་འཛུགས་མཁན་ཨ་རི་བ་ཚོར་ཉེས་ཆད་གཅོད་རྒྱུ། ཐ་ན་ཨ་རིས་མི་སེ་ཁོར་ཡིད་གཟབ་བྱེད་དགོས་མི་སེ་ཁོ་ལ་མཐོང་ཆུང་དམའ་འབེབས་མང་པོ་བྱས་ཡོད།
མི་སེ་ཁོ་ཡིས། ཊི་རུམ་ཕིས་མ་འོངས་པར་མི་སེ་ཁོ་ཡི་ཐོག་ལ་སྲིད་ཇུས་གང་འདྲ་ཞིག་ལག་བསྟར་བྱ་སྲིད་པ་ཚོད་དཔག་ཐུག་གི་མེད་ཀྱང་། ཊི་རུམ་ཕི་ཡི་ཕྱི་འབྲེལ་སྲིད་ཇུས་ལ་གདོང་ལེན་བྱ་རྒྱུར་གྲ་སྒྲིག་བྱས་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཐོག་འགན་འཁུར་མཁན་གྱི་ཕྱི་འབྲེལ་བློན་ཆེན་གསར་པ་ཞིག་ཀྱང་བསྐོས་ཡོད་པ་རེད།
མི་སེ་ཁོ་ཡི་སྲིད་འཛིན་ཕི་ན་ནེ་ཊོ་ (Peña Nieto) གཙོས་པའི་ཆེས་མཐོའི་དཔོན་རིགས་ཚོས། ཨ་རིར་མཚོན་ན་མི་སེ་ཁོ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་དང་། ཊི་རུམ་ཕི་ཡིས་མི་སེ་ཁོར་འཛིན་པའི་སྲིད་ཇུས་དེས་ཨ་རིར་དཀའ་རྙོག་བཟོ་སྲིད་སྐོར་བཤད་ཡོད། མི་སེ་ཁོ་ཡིས་ཨ་རི་དང་འབྲེལ་ལམ་ཡར་རྒྱས་གཏོང་རྒྱུར་གྲ་སྒྲིག་བྱས་ཡོད་ཀྱང་། ད་ཆར་ཕྱོགས་གཉིས་བར་གྱི་དཀའ་རྙོག་དེ་རང་འཇགས་ལྷག་ཡོད།
པདྨ་རྒྱལ་གྱིས་བོད་བསྒྱུར་བྱས།
མ་རྩོམ་འབྲེལ་ཐག https://www.washingtonpost.com/graphics/world/trump-foreign-policy-challenges/?tid=sm_fb