མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་ཏཱ་ལའི་བླ་མ་མཆོག་གི་དྲུང་ནས་སྒོམ་སྒྲུབ་སློབ་ཁྲིད་ཞུས།

བོད་ཀྱི་དུས་བབ།
༢༠༡༧/༠༣/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་ཡིག་འདི་སྨན་པ་དང་དབང་རྩའི་མཁས་དབང་སཱན་ཇེ་གུཔྟ་(Dr Sanjay Gupta)ལགས་ཀྱི་བརྩམས་གནང་པ་ཡིན་ཞིང་། ཁོང་ནི་སི་ཨན་ཨན་གསར་ཁང་གི་སྨན་རིགས་གསར་འགོད་པའི་འགན་འཛིན་ཡིན།

ང་རང་འདས་པའི་ཟླ་བ་གཉིས་ནང་གྱུར་བ་ཆེན་པོ་ཞིག་ཕྱིན་སོང་། དེ་རིང་འདིར་ངས་ང་ལ་བཟོད་བསྲན་དང་སྤྲོ་སྣང་ལྡན་པའི་ཚོར་བ་སྔར་ལས་ཤུགས་ཆེ་བ་ཞིག་ཡོད་ཅེས་བཤད་ཐུབ་པ་མ་གཏོགས་དེའི་འགྱུར་བ་འགྲོ་ལུགས་འགྲོ་སྟངས་ཡོངས་རྫོགས་བཤད་ཐུབ་པ་མི་འདུག

སྔོན་མ་ངའི་ནང་མི་དང་གྲོགས་པོ་ཚོས་རྒྱུན་པར་ང་ལ་ཁྱོད་སྐྱིད་པོ་འདུག་ཀྱང་། བྲེལ་བ་ཆེ་དྲགས་འདུག་ཟེར་གྱིན་ཡོད། དོན་དངོས་སུའང་སྐབས་དེར་ཉི་མ་རེ་རེ་བཞིན་ཧ་ཅང་བྲེལ་ཚུབ་ཆེན་པོ་དང་། ངལ་གསོ་མེད་པར་སྐྱེལ་བཞིན་ཡོད། འོན་ཀྱང་ད་ལྟ་གནས་སྟངས་དེ་རིམ་བཞིན་མེད་པ་ཆགས་བཞིན་འདུག

ངས་སྣང་བ་མ་གཡེང་བར་ང་རང་གི་ཕྲུ་གུ་ཆུང་བ་དང་མཉམ་དུ་དུས་ཚོད་སྐྱེལ་ཐུབ་པ་དང་། སྔོན་ཆད་ལྟར་ཁ་པར་ལ་ཡང་ཡང་ལྟ་མི་དགོས་པར། རང་འཁྲིའི་ལས་ཀའི་ཐོག་བློ་རིག་བསྒྲིམ་ཐུབ་པའི་ནུས་པ་སྔར་ལས་ཆེ་བ་འདུག ལས་ཀ་བྱེད་སྐབས་བསམ་བློ་འཁྱར་མ་བཅུག་པར། དྲན་པ་རྩེ་གཅིག་ལ་གནས་ཐུབ་པ་དེ་དག་གིས་ང་ད་ལྟ་ཧ་ཅང་དགའ་ཚོར་ཆེན་པོ་སྐྱེ་བཞིན་ཡོད། ང་རང་གི་འགྱུར་བ་དེ་དག་ལོ་སྔོན་མའི་ལོ་མཇུག་ལ་རྒྱ་གར་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་ཞོགས་པ་སྒོམ་བརྒྱབ་པར་བརྟེན་ཏེ་བྱུང་བ་ཞིག་ཡིན།

དང་པོ་ངས་དེའི་སྐོར་ཚིག་དེ་འདྲ་ཞིག་བྲིས་དུས་ཚོར་བ་ཁྱད་མཚར་ཞིག་སྐྱེས་སོང་ལ། སྔོན་མ་༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ང་ཁོང་གི་སར་མགྲོན་འབོད་གནང་དུས་ཀྱང་ཚོར་བ་འདི་ལྟར་སྐྱེས་མྱོང་། སྤྱིར་བཏང་ངས་སྔོན་ཆད་སྒོམ་ཕྲན་བུ་རེ་རྒྱག་ཁུལ་བྱེད་ཀྱིན་ཡོད་ཀྱང་། སྒོམ་གྱི་འགྲོ་སྟངས་ཏག་ཏག་འགྲིག་གི་ཡོད་མེད་མི་ཤེས། ༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མདུན་དུ་བསྡད་དེ་སྒོམ་རྒྱག་ཆོག་གི་ཡོད་མེད་ནི་དེ་བས་ཀྱང་མི་ཤེས།

༸གོང་ས་ཏཱ་ལའི་བླ་མ་མཆོག་གི་མདུན་དུ་མ་ཕྱིན་གོང་དུ་ང་ལ་སེམས་ཁྲལ་ཏོག་ཙམ་འདུག གལ་སྲིད་ཁོང་གིས་ང་སྒོམ་རྒྱག་མཁན་ཡག་པོ་ཞིག་ལ་རེ་བ་རྒྱག་གི་ཡོད་ཚེ་ང་ནི་སྒོམ་ཡག་པོ་རྒྱག་ཐུབ་མཁན་ཞིག་མིན་ལ། དེར་མ་ཟད་ང་རང་ཞ་ལའི་སྟེང་རྐང་པ་སྐྱིལ་ཀྲུང་བྱས་ཏེ་རྒྱུན་རིང་པོར་སྡོད་ཐུབ་མཁན་ཞིག་ཀྱང་མིན། ང་རང་སྐྱིལ་ཀྲུང་བྱས་ཏེ་སྡོད་སྐབས་ཐོག་མ་རྒྱབ་གཟུགས་ན་བ་དང་རིམ་གྱིས་པུ་མོ་སོགས་ན་བཞིན་ཡོད། དེ་བཞིན། ངས་རང་གི་དབུགས་འབྱིན་རྔུབ་ལ་དམིགས་པ་གཏོད་ཁུལ་བྱས་ཀྱང་དབུགས་སྙོམས་མ་ཐུབ་པར་ཧྲད་སྒྲ་ལམ་སང་འཐོན་ཡོང་མཁན་ཞིག་ཡིན། དེ་དག་ལ་བསམ་བློ་གཏོང་སྐབས་ངའི་སེམས་ལྷོད་ལ་འབབ་རྒྱུ་ལས་ལྡོག་སྟེ་ཚ་གི་ཚིག་གི་ཆགས་ཡོང་གི་འདུག

འོན་ཀྱང་། ༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཉམ་དུ་སྒོམ་རྒྱག་པའི་གོ་སྐབས་བྱུང་ཚེ་མི་སུས་ཀྱང་གོ་སྐབས་དེ་བློས་གཏོང་གི་མ་རེད། དེར་བརྟེན། ངས་ཁོང་དང་མཉམ་དུ་ཞོགས་པ་སྔ་པོར་ཁོང་སྒེར་གྱི་གཟིམ་ཤག་ཏུ་སྒོམ་རྒྱག་རྒྱུ་ཁས་བླངས་པ་ཡིན།

ཉམས་ལེན་དེ་ནི་ཐོ་རེངས་ཆུ་ཚོད་ ༣ ནས་མགོ་འཛུགས་གནང་གི་ཡོད།

༸གོང་ས་ཏཱ་ལའི་བླ་མ་མཆོག་ད་ལྟ་དགུང་གྲངས་ ༨༡ ལ་ཕེབས་ཟིན་ན་ཡང་། ཕྱག་ལས་བྱེད་སྒོའི་རེའུ་མིག་ནི་ཧ་ཅང་དམ་པོ་རེད། ང་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ཊི་གཞིས་ཆགས་ནང་རྟེན་གཞི་བྱེད་པའི་འབྲས་སྤུངས་དགོན་པར། ནང་ཆོས་དང་ཚན་རིག་བར་གྱི་བགྲོ་གླེང་འཚོགས་བཞིན་པའི་སྐབས་སུ་མཇལ་བ་ཡིན།

འབྲས་སྤུངས་དགོན་པ་བཞེངས་སྟངས་དེ་ལོ་ངོ་ ༦༠༠ ལྷག་འདས་པའི་བཟོ་དབྱིབས་ལྟར་བཞེངས་སྐྲུན་བྱས་ཡོད་སྟབས་ཧ་ཅང་ཡིད་དུ་འོང་པ་ཞིག་རེད། དགོན་པའི་ལྷ་ཁང་དག་གི་རྩིག་གྱང་ངོས་སུ་གསེར་རྩི་འབྱུག་པའི་སངས་རྒྱས་གྱི་སྐུ་བརྙན་ཧ་ཅང་ཆེན་པོ་དེ་འདྲ་བཞེངས་འདུག ང་ཚོ་བགྲོ་གླེང་ཚོགས་སའི་ཚོགས་ཁང་དེ་ཧ་ཅང་ཆེན་པོ་ཞིག་རེད། ཚོགས་ཁང་དེའི་སྒོ་དང་སྒེའུ་ཁུང་ཚང་མ་ཕྱེ་ཡོད་ཀྱང་། རྒྱ་གར་ལྷོ་ཕྱོགས་ཀྱི་ཉི་དྲོད་ཚ་བོས་ཚོགས་ཁང་དེའི་ནང་ཧྲིལ་བོར་ཚ་དྲོད་འཁྱིལ་འདུག

༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཉིན་གསུམ་རིང་ཧ་ཅང་གཏིང་ཟབ་པའི་བརྗོད་གཞི། མངོན་སུམ་ཚད་མའི་ཁྱབ་ཚད་དང་། འཇིག་རྟེན་གྲུབ་ལུགས་ཀྱི་རྣམ་གཞག སེམས་དང་སྲོག་གི་གནས་ལུགས། རྣམ་པར་ཤེས་པའི་མྱོང་བ་བཅས་ཀྱི་སྐོར་གསུངས་གནང་སོང་།

བགྲོ་གླེང་དེ་ནི་ཡ་མཚན་ཅན་ཞིག་རེད་ལ་སེམས་འགུལ་ཐེབས་པ་ཞིག་ཀྱང་རེད། ནང་དོན་ཟབ་དྲགས་ཏེ་མཚམས་རེར་གོ་ཐུབ་ཀྱི་མི་འདུག འོན་ཀྱང་ཚོགས་འདུ་དེར་ནང་པ་དང་ཚན་རིག་པ་གཉིས་བར་བགྲོ་གླེང་ཧ་ཅང་ལྷུག་པོ་བྱུང་ཡོད་སྟབས། ཉོབ་སྣང་མེད་པར་རང་བཞིན་གྱིས་གྲུང་རིལ་རིལ་ཆགས་ཀྱི་འདུག བགྲོ་གླེང་དེའི་མགོ་མཇུག་བར་གསུམ་དུ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་ལུས་ངག་ཙམ་མིན་པར། ཡིད་ཀྱིས་ཀྱང་མཉམ་ཞུགས་ཤུགས་ཆེན་པོ་གནང་ཞིང་། བགྲོ་གླེང་གཏམ་བཤད་ཀྱི་ནང་དོན་ཕྱེད་ལྷག་སྐད་བསྒྱུར་བྱེད་དགོས་ཀྱི་འདུག་ཀྱང་། ཁོང་གིས་སྐད་སྒྱུར་གནང་བཞིན་པར་ཡང་དོ་ནན་ཆེན་པོས་གསན་གཟིགས་གནང་གི་འདུག

༸གོང་ས་ཏཱ་ལའི་བླ་མ་མཆོག་རྒྱུན་པར་ཞོགས་པ་ཆུ་ཚོད་ ༢ དང་སྐར་མ་ ༤༠ ཙམ་གྱི་སྟེང་སྐུ་བཞེངས་གནང་གི་ཡོད་པ་དང་། ཆུ་ཚོད་ ༣ པའི་ཐོག་རྟག་པར་སྒོམ་སྒྲུབ་གནང་གི་རེད། སྐབས་དེར་ཁོང་གི་ཕྱག་རོགས་མང་ཆེ་བ་གཉིད་དུ་ཡུར་ཡོད།

ཉིན་དེའི་ཞོགས་པ་སྔ་བོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཕྱག་རོགས་རྒན་གྲས་ཤིག་གིས་གཙུག་ལག་ཁང་གི་སྒོ་ཁར་ང་ལ་སྣེ་ལེན་བྱེད་པར་སྒུག་འདུག ངེད་གཉིས་སྣུམ་འཁོར་ཞིག་ལ་བསྡད་དེ་ཁོང་སྐུ་སྒེར་གྱི་གཟིམ་ཁང་སྒོ་ཁར་བསྐྱལ་སོང་།

དེ་ནས་ཁོང་གི་ཞབས་ཞུ་བ་ཁ་ཤས་ཀྱིས་ང་ཚོགས་ཁང་ཆུང་ཆུང་ཞིག་གི་ནང་དུ་སྣེ་ལེན་བྱས་སོང་། ཁོང་གི་སྐུ་སྲུང་བ་ཚོ་མལ་ནས་གཉིད་སད་མ་ཐག་ཚོགས་ཁང་དེར་ཡོང་སྟེ་དལ་དལ་ལྷོད་ལྷོད་ཀྱིས་ཞོགས་ཟས་བཟའ་བཞིན་འདུག མཐར་ཁོང་གི་ཞབས་ཞུ་བ་གཙོ་བོ་ཞིག་ངའི་སར་བསླེབས། སྐབས་དེར་ང་ཏག་ཏག་ཁོང་གི་གཟིམ་ཆུང་སྒོ་ཁར་བསྡད་ཡོད།

སྒོམ་སྒྲུབ་བྱ་རྒྱུ་ནི་ཁོང་ལ་ཡང་ལས་སླ་མོ་ཞིག་མིན།

ཁོང་གི་གཟིམ་ཆུང་ནང་མ་འཛུལ་གོང་ལ་ངེས་པར་དུ་ཤེས་དགོས་པའི་དོན་དག་ཁ་ཤས་ཡོད། མིག་གིས་ཐད་ཀར་ཁོང་ལ་བལྟས་ན་མ་ཆོག་པ་མེད་ལ། ལག་པ་གཉིས་ཀས་ཁོང་ལ་ལག་འཇུ་བྱས་ནའང་མ་ཆོག་པ་མེད། འོན་ཀྱང་ལག་པ་གཅིག་གིས་ལག་འཇུ་བྱེད་སྲོལ་མེད་ལ། དེ་བཞིན། ཁོང་གི་གཟིམ་ཆུང་ལས་ཕྱིར་འཐོན་ཁར་ཁོང་ལ་རྒྱབ་གཟུགས་བསྟན་ཏེ་འགྲོ་མི་རུང་བར། རང་གིས་གོམ་པ་མདུན་སྤོ་མིན་པར་ལུས་ཙུང་སྒུར་ནས་ཁོང་ལ་ལྟ་བཞིན་གོམ་པ་རྒྱབ་ཏུ་སྤོ་བཞིན་ཕྱིར་ལོག་དགོས། ཁོང་གི་མདུན་དུ་རྐང་པ་སྐྱིལ་ཀྲུང་བྱས་ནས་སྡོད་སྐབས་ཁོང་ལ་ཐད་ཀར་མཛུབ་མོ་ཀེར་མི་རུང་པ་མ་ཟད། ཁོང་ལ་བཀའ་མོལ་གནང་སྐབས་རིན་པོ་ཆེ་ “His Holiness”ཞེས་གུས་བརྩིའི་ཚིག་བེད་སྤྱོད་བྱེད་དགོས།

ཁོང་གི་གཟིམ་ཆུང་ནི་ཧ་ཅང་བག་ཕེབས་ལྷིང་འཇགས་ཤིག་རེད། གཟིམ་ཆུང་གི་སྒོ་ཕྱེས་ཏེ་ང་གཟིམ་ཆུང་ནང་འཛུལ་མ་ཐག ཁོང་སྔ་ས་ནས་བཞུགས་གདན་དམའ་བོ་ཞིག་གི་སྟེང་དུ་བཞུགས་ཏེ་སྒོམ་རྒྱག་བཞིན་པ་མཐོང་བས། ངའི་སེམས་ཚ་གི་ཚི་གི་ཞིག་ཆགས་སོང་། ངས་རང་གི་ལྷམ་གཉིས་ཕུད་ནས་ཁོང་གི་མདུན་དུ་རྐང་པ་སྐྱིལ་ཀྲུང་བྱས་ཏེ་བསྡད་པ་དང་། མིག་བཙུམ་སྟེ་རང་གི་དབུགས་འབྱིན་རྔུབ་ལ་དམིགས་པ་གཏད་མགོ་བརྩམས་པ་ཡིན།

ངས་སྒོམ་རྒྱག་ཁུལ་བྱས་ཀྱང་དེ་ཙམ་རྒྱག་ཐུབ་ཀྱི་མི་འདུག སྐར་མ་ཁ་ཤས་རྗེས་ཁོང་གི་ཐུན་མོང་མ་ཡིན་པའི་གསུང་སྐད་སྦོམ་པོ་དེས་ང་ལ་ “དྲི་བ་ཡོད་དམ།” ཞེས་བཀའ་འདྲི་གནང་སོང་། ངས་མགོ་ཡར་བཀྱགས་ནས་ལྟ་སྐབས། ཁོང་གི་འཛུམ་མུལ་བའི་བཞིན་རས་དེ་མཇལ་བྱུང་ལ། ཁོང་གི་ཡིད་དབང་འཕྲོག་པའི་བཞད་མོའི་ཁྱད་ཆོས་དེའང་ཕྱིར་བསྟན་གནང་སོང་།

ངས་ཁོང་ལ་ “སྒོམ་རྒྱག་རྒྱུ་དཀའ་ལས་ཁག་པོ་འདུག་” ཅེས་ཞུས་སྐབས། ཁོང་གིས་ཀྱང་ “ང་ལའང་ཁག་པོ་འདུག” ཅེས་གསུངས་ཤིང་། “ངས་ལོ་ངོ་དྲུག་ཅུའི་རིང་རྟག་པར་སྒོམ་བརྒྱབས་ཀྱང་། ད་དུང་ང་ལ་དཀའ་ལས་འདུག་” ཅེས་གསུངས་སོང་། བོད་པའི་ཆོས་ཀྱི་དབུ་ཁྲིད་དང་ཤཱཀྱའི་དགེ་སློང་ཏཱ་ལའི་བླ་མ་མཆོག་གིས་ཁོང་ལའང་སྒོམ་རྒྱག་སྐབས་དཀའ་ལས་འདུག་གསུངས་སྐབས། ང་རེ་ཞིག་ཡ་མཚན་སྐྱེས་ཤིང་ཡིད་མ་ཆེས་པ་ཞིག་བྱུང་སོང་།

ཁོང་གིས་ང་ལ་ “ངའི་བསམ་པར་ཁྱོད་ཀྱིས་དཔྱད་སྒོམ་ཡག་པོར་མཐོང་གི་རེད།” གསུངས་ཤིང་། དངོས་པོ་ཞིག་ལ་བློ་བསྒྲིམས་ཏེ་བློ་རྩེ་གཅིག་གིས་སྒོམ་སྒྲུབ་བྱེད་པ་ལས་རང་གིས་སེལ་ཐབས་བྱེད་བཞིན་པའི་དཀའ་ངལ་དང་། ཡང་ན། སྔོན་ཆད་བཀླགས་མྱོང་བའི་བརྗོད་གཞི་དང་ཉེ་ལམ་ཚོགས་པའི་ཚོགས་འདུའི་ལྟ་གྲུབ་ཅིག་གཞི་རྩར་བཟུང་ན་ཡག་པོ་ཡོང་གི་རེད་ཅེས་བསམ་ཚུལ་བཏོན་གནང་སོང་།

ཁོང་གིས་རང་ལ་ཡོད་པའི་དཀའ་ངལ་དང་རྙོག་གྲ་ཡོད་ཚད་ཆུ་ཡི་ཝུ་བ་ལྟར་རང་གི་ལུས་སེམས་གཉིས་ལས་བྲལ་སོང་བ་ལྟ་བུའི་བསམ་བློ་ཐོངས་གསུངས་སོང་། ངས་རང་གི་མིག་གཉིས་བཙུམ་ནས་སེལ་མ་ཐུབ་པའི་དཀའ་ངལ་ཡོད་ཚད་ལ་བསམ་བློ་ཞིག་བཏང་པ་ཡིན། ངས་དཀའ་ངལ་གྱི་ཕུང་པོ་དེ་དག་ཆུ་ཡི་ཝུ་བ་ལྟ་བུ་ཞིག་ཏུ་བསམ་བློ་བཏང་མ་ཐག་རང་བཞིན་གྱིས་དོན་དག་ཁ་ཤས་འབྱུང་མགོ་བརྩམས་སོང་།

ངས་དཀའ་ངལ་དེ་ཚོ་ལྗིད་ཁོག་མེད་པར་ངའི་མདུན་གྱི་ཁ་ཐུག་ཏུ་ཡོད་པ་མཐོང་སོང་བ་མ་ཟད། ངས་སེམས་ནང་དེ་ཚོ་ཡར་སྐོར་མར་སྐོར་བྱེད་ཐུབ་ཅིང་མགོ་གཏིང་ཡང་སློག་ཐུབ་ཀྱི་འདུག དེ་ནི་བསམ་བློ་གཏིང་ཟབ་མོ་གཏོང་ཐབས་ཀྱི་སྦྱོང་བརྡར་ཞིག་རེད་འདུག

ཝུ་བ་དེ་རང་བཞིན་གྱིས་ཡར་འཕར་བ་དང་ལྷན་དུ་འདོད་སྲེད་ལས་བྱུང་བའི་དཀའ་རྙོག་དང་སེམས་ཀྱི་འཛིན་པ་རྣམས་རང་བཞིན་གྱིས་མར་གྲིབ་ནས་སེམས་ཇེ་ཡང་ཇེ་བདེར་འགྲོ་བཞིན་པ་ཚོར་བ་དང་། དཀའ་རྙོག་རྣམས་མིག་མདུན་དུ་གཅིག་པུར་ལུས་པ་ལྟ་བུའི་བསམ་བློ་ཞིག་ངང་ངམ་ཤུགས་ཀྱིས་འཁོར་ཡོང་གི་འདུག

སྤྱིར་ང་ཚོར་དཀའ་རྙོག་སེལ་བའི་ཐབས་ཤེས་དོན་དང་ལྡན་པ་ཞིག་ཡོད་ཀྱང་། ང་ཚོ་མང་ཆེ་བས་འབྲེལ་མེད་ཀྱི་ཚོར་བ་དང་རྣམ་རྟོག་མང་པོ་ཞིག་བློས་བཞེངས་སྐྲུན་བྱས་ཏེ་ཐབས་ལམ་དེ་རེ་ཞིག་འགེབ་བཞིན་ཡོད་སྟབས། ང་ཚོས་དཀའ་རྙོག་དེ་དག་སེལ་ཐབས་མེད་པ་ལྟ་བུར་མཐོང་གི་ཡོད། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་ང་ལ་དཔྱད་སྒོམ་ལ་བརྟེན་ནས་ང་ཚོས་ཇི་ལྟར་རྒྱུ་མཚན་དང་རིག་པ་ལྡན་པའི་ངང་ནས་རང་གི་དོགས་པ་དེ་དག་གསལ་པོར་ངོས་འཛིན་བྱ་ཚུལ་དང་། ངོས་འཛིན་བྱས་རྗེས་ཇི་ལྟར་རང་གི་བློས་བཞེངས་སྐྲན་བྱས་པའི་རྟོག་བཟོ་དང་དོགས་པ་རྣམས་བསལ་ཏེ། དོན་དང་ལྡན་པའི་ལན་གསལ་བོ་ཞིག་འཚོལ་ཚུལ་སོགས་བསླབས་གནང་སོང་། དེ་ནི་ལས་སླ་བོ་དང་གོ་རྒྱུ་ཡོད་པ་ཞིག་རེད་ལ། ང་ལ་མཚོན་ན་ཧ་ཅང་ཕན་ཐོགས་ཡོད་པ་ཞིག་ཀྱང་རེད།

རྟོག་བཟོའི་སྒོམ་སྒྲུབ།

ང་རང་ནི་དབང་རྩའི་མཚན་རིག་པ་ཞིག་ཡིན་སྟབས། ངས་ནམ་ཡང་ནང་པའི་གྲྭ་པ་ཏཱ་ལའི་བླ་མ་མཆོག་ལྟ་བུ་ཞིག་གིས་ངའི་མི་ཚེའི་ནང་དཀའ་ངལ་ཇེ་ཉུང་དུ་གཏོང་ཐབས་ཡག་པོ་དང་། བསམ་བློ་གཏོང་ཕྱོགས་སྐོར་སློབ་འཁྲིད་བྱེད་པའི་འི་དུས་ཚོད་ཅིག་ཡོང་གི་རེད་དྲན་མྱོང་མེད། འོན་ཀྱང་ད་ལྟ་དེ་འདྲ་ཞིག་ངའི་མི་ཚེ་ནང་དངོས་སུ་བྱུང་བ་རེད།

༸གོང་ས་ཏཱ་ལའི་བླ་མ་མཆོག་དང་མཇལ་བའི་མི་ཚད། ཁོང་དང་ལྷན་དུ་སྒོམ་བརྒྱབས་རྗེས་ང་རང་ལ་འགྱུར་བ་ཆེན་པོ་ཞིག་ཕྱིན་སོང་། ད་ལྟ་ངས་སྒོམ་སྔར་ལས་ཡག་པོ་རྒྱག་ཐུབ་ཀྱི་འདུག་ལ། ཉིན་ལྟར་ཞོགས་པ་དཔྱད་སྒོམ་སྦྱོང་བརྡར་བྱེད་ཀྱིན་ཡོད། སྒོམ་རྒྱག་སྐབས་ཀྱི་ཐོག་མའི་སྐར་མ་ཁ་ཤས་རིང་ད་དུང་ཅུང་དཀའ་ངལ་འདུག་ཀྱང་། བཟོད་བསྲན་བྱས་ཏེ་ངས་རང་གི་བསམ་བློར་དཀའ་སྡུག་རྣམས་ཆུ་ཡི་ཝུ་བར་བསྒོམས་ཏེ་ཡར་ལྡིང་འཇུག་གི་ཡོད། དེ་རྗེས་ང་རང་ལྷོད་ཤིག་གེར་ཆགས་པའམ་སེམས་ངོས་སྟོང་སང་ངེར་འགྲོ་བཞིན་འདུག་ལབ་ན་མ་འགྲིག་པ་མི་འདུག ངས་དེ་འདྲའི་ཚོར་བའི་ཐོག་ནས་སྒོམ་སྒྲུབ་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་དཀའ་ཁག་གང་ཡང་མེད་པར་ལས་སླ་བོས་བྱེད་ཐུབ་ཀྱི་འདུག

ངས་དཔྱད་སྒོམ་ལ་བརྟེན་ཏེ་རྟོག་བཟོའི་སྡུག་བསྔལ་ཆེན་པོ་དེ་དག་སྟབས་བདེ་པོའི་ངང་ནས་སེལ་ཐུབ་ཀྱི་ཡོད་པའི་ངེས་ཤེས་ཟབ་མོ་རྙེད་སོང་། ངས་གུང་སེང་མང་ཆེ་བར་༸གོང་ས་མཆོག་ཏཱ་ལའི་བླ་མ་མཆོག་གིས་ང་ལ་ལམ་སྟོན་གནང་བའི་དཔྱད་སྒོམ་གྱི་ཐབས་ལམ་དང་། དེའི་གཞི་རིམ་གྱི་བསླབ་གཞི་རྣམས་ངའི་ནང་མི་དང་གྲོགས་པོ་ཚོར་བཤད་དེ་དུས་ཚོད་སྐྱེལ་བཞིན་ཡོད། དེ་ནི་ངས་ཁོང་ཚོར་བགོ་འགྲེམ་བྱེད་འོས་པའི་ལག་རྟགས་ཡག་ཤོས་ཤིག་ཏུ་མཐོང་གི་ཡོད་ལ། དེ་རིང་ངས་དེ་དག་ཁྱོད་ཚོ་དང་ལྷན་དུ་བརྗེ་རེས་བྱེད་བཞིན་ཡོད།

འབྲེལ་ཐག http://edition.cnn.com/2017/02/15/health/sanjay-gupta-dalai-lama-meditation/index.html

 

 

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༧ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 1

  1. ལྷ་རྡོ་རྗེ། says:
    ལོ་ 9 སྔོན།

    དང་པོ་བོད་བསྒྱུར་དེ་ཐད་ཀར་ཀློག་སྐབས་སྒོམ་གྱི་དམིགས་རྟེན་དུ་སེམས་ཀྱི་དཀའ་ངལ་ལྦུ་བ་ལྟར་ལུས་ནས་བྲལ་སོང་བསམ་ཟེར་བ་བསྒྱུར་སྟངས་དེར་དོགས་པ་ཞིག་ཟ་བྱུང་། སེམས་ཅན་སྣ་ཚོགས་ལ་སྒོམ་སྟངས་མི་འདྲ་བ་ཐབས་མཁས་དང་ལྡན་པ་སངས་རྒྱས་ཀྱིས་གསུངས་པའང་ཡོང་ཆོག་སྙམ། དེ་ནས་སན་ཇེ་གུཔ་ཏཱའི་དབྱིན་ཇི་ནང་གི་མ་དཔེ་བལྟས་སྐབས་གཞི་ནས་ཡིག་བསྒྱུར་པས་ནོར་བ་ཤེས་སོང་། ལྦུ་བ་ལྟར་རྟོག་དཔྱོད་རྒྱུ་མཚན་རྟེན་འབྲེལ་སྣ་ཚོགས་ནས་འབེལ་འབེལ་དང་གསལ་པོ་ཡོང་བ་བྱེད་དགོས་གསུངས་པ་ལས་ལྦུ་བ་ཞིག་ཏུ་བསྒོམ་ཞེས་མོས་སྒོམ་ལྟར་གསུངས་མེད་པ་གསལ་པོ་འདུག དཔྱད་སྒོམ་བསྟེན་ནས་དཀའ་ངལ་ལམ་དཔྱད་པ་བྱ་རྒྱུའི་དངོས་པོ་དེ་ཆུ་ལས་ལྦུ་བ་བདར་བ་བཞིན་དུ་རིགས་པ་རྒྱུ་མཚན་གྱིས་ཡང་ཡང་བསམ་བློ་བཏང་སྟེ་ལོགས་སུ་ཐེར་འདོན་གྱིས་དྲན་པས་ཚིར་གྱིས་བཟུང་ནས་བསམ་བྱུང་གིས་ངེས་པ་རྙེད་པ་ཞིག་བྱེད་དགོས་ཞེས་གསུངས་པ་ལས་ལྦུ་བ་དམིགས་རྟེན་བཟོས་དགོས་ན་དཔེ་གཞན་ཡང་འཇོག་ཆོག་པ་ཡོད། ལྦུ་བ་གསུང་དགོས་དོན་ཁྱད་ཆོས་དམིགས་བསལ་ཤིག་མེད་དམ་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese