རྒྱ་ནག་གཞུང་གིས་མི་མེད་གནམ་གྲུ་དང་མི་མེད་གྲུ་གཟིངས་སོགས་བེད་སྤྱད་དེ་མཚོ་བོད་མཐོ་སྒང་ལ་རྟོག་ཞིབ་ཐེངས་གཉིས་པ་དེ་སྤེལ་རྒྱུ་ཡིན་འདུག
རྒྱ་ནག་ཚན་རིག་དྲ་བའི་ཐོག་གནས་ཚུལ་ཐོན་པ་ལྟར་ན། ཉེ་སྔོན་བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བ་དེས་རྒྱ་ནག་ཚན་རིག་ཁང་དང་གྲོས་ཆོད་བཞག་སྟེ། མཚོ་བོད་མཐོ་སྒང་ལ་ལོ་ངོ་ ༤༠ རྗེས་ཀྱི་ཚན་རིག་ཞིབ་ཐེངས་གཉིས་པ་དེ་བྱ་རྒྱུ་གཏན་འབེབས་བྱས་ཡོད་མ་ཟད། རྟོག་ཞིབ་ཐེངས་དང་པོ་དང་མི་འདྲ་བར་མི་མེད་གནམ་གྲུ་དང་། མི་མེད་གྲུ་གཟིངས། སྲུང་སྐར་སོགས་ལག་རྩལ་གསར་པ་དང་བྱ་ཐབས་གསར་པ་སྤྱད་དེ་མཚོ་བོད་མཐོ་སྒང་གི་ཁྱོན་ཡོངས་སུ་རྟོག་ཞིབ་བྱ་རྒྱུ་ཡིན་ལ། ད་ལན་སྔར་ལས་ཡོངས་ཁྱབ་ཅན་དང་ཡང་དག་ཅིག་ཡོང་རྒྱུ་ཡིན་སྐོར་བསྒྲགས་འདུག
རྒྱ་ནག་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་མགོ་འཁྲིདཅིག་གིས། ད་ལན་མཚོ་བོད་མཐོ་སྒང་གི་ཁྱབ་ཁོངས་ཡོངས་ལ་རྟོག་ཞིབ་བྱས་ཐོག ལོ་བཅུ་ཕྲག་མང་པོའི་མཚོ་བོད་མཐོ་སྒང་གི་ཐོན་ཁུངས་དང་སྣོད་བཅུད། ཁོར་ཡུག་ལ་འགྱུར་ལྡོག་འགྲོ་ཚུལ་བཅས་ལ་རྒྱུས་ལོན་བྱས་ཏེ། བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེད་དུ་ཚན་རིག་གིས་གཞོགས་འདེགས་མཁོ་འདོན་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། ཐེངས་འདིའི་རྟོག་ཞིབ་དང་པོ་དེ་འདི་ལོའི་ཕྱི་ཟླ་ ༦ པའི་ནང་བྱ་རྒྱུ་ཡིན་པ་དང་། སྐབས་དེར་འབྲི་ཆུ་དང་བོད་ཀྱི་ཚྭ་མཚོ་ཆེ་ཤོས་གཉིས་པ་སེར་གླིང་མཚོའི་མགོ་ཁུངས་ལྟེ་བའི་འཁྱག་རོམ་དང་། དེ་བཞིན་འབྲེལ་ཡོད་སྣོད་བཅུད་ཁོར་ཡུག་གོ་འགྱུར་ལྡོག་ཐད་ལྟ་ཞིབ་ཚད་འཇལ་བྱ་རྒྱུ་ཡིན་འདུག
ད་ལྟའི་ཆར་རྟོག་ཞིབ་ཀྱི་ལས་འཆར་དེ་དུས་ཡུན་ལོ་ཅི་ཙམ་རིང་བྱ་རྒྱུ་ཡིན་མིན་གསལ་ཆ་མི་འདུག་ཀྱང་། འདས་ལོའི་ཕྱི་ཟླ་ ༡༢ པའི་ནང་རྒྱ་ནག་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་ནས་ཞིབ་འཇུག་པ་བསྡུ་བའི་གསལ་བརྡའི་ནང་། ལོ་རེའི་ལས་ཀའི་དུས་ཡུན་ཉུང་མཐར་ཟླ་ ༩ ཡིན་པ་དང་། ཞིབ་འཇུག་པའི་ཆ་རྐྱེན་དུ་རབ་འབྱམས་པ་ཐོན་ཞིང་། གུང་ཁྲན་ཏང་ཡོན་ཡིན་པའི་ན་གཞོན་རང་ལོ་ ༣༥ ལས་མ་བརྒལ་བ་དང་། བོད་མཐོ་སྒང་དུ་ལས་ཀ་བྱེད་པར་འོས་འཚམ་ཡོད་པ། རྒྱ་སྐད་བྱང་ཆུབ་པ་དང་། དབྱིན་ཡིག་གིས་འབྲེལ་མོལ་དང་ཡིག་འབྲིའི་ནུས་པ་ལྡན་དགོས་པ་སོགས་བྲིས་འདུག
ཕྱི་ལོ་ ༡༩༧༧ ལོར་རྒྱ་ནག་ཚན་རིག་ཁང་ནས་ཞིབ་འཇུག་པ་ ༤༠༠ ལྷག་ཆེད་གཏོང་གིས་མཚོ་བོད་མཐོ་སྒང་ལ་རྟོག་ཞིབ་ཐེངས་དང་པོ་བྱས་ཡོད་པ་དང་། དུས་ཡུན་ལོ་ ༤ རིང་མཚོ་བོད་མཐོ་སྒང་གི་ས་གཤིས་དང་། སའི་གོ་ལའི་དངོས་ལུགས། ས་དབྱིབས་དང་དུས་རབས་བཞི་པ། གནའ་བོའི་སྲོག་ཆགས་སྒལ་ཚིགས་ཅན་དང་གནའ་བོའི་མིའི་རིགས་དང་སྲོག་ཆགས་རྩི་ཤིང་། ཞིང་ལས་སོགས་རིག་གཞུང་ཚན་ཁག་ལྔ་བཅུ་ལྷག་ཙམ་ལ་རྟོག་ཞིབ་བྱས་ཡོད་འདུག
གསར་འགོད་པ། པདྨ་མཚོ།